ཁ་སྒང་གཡང་འབུམ་ཚེ་རིང་གིས་བསྒྱུར།
སྙིང་ཉེ་བའི་རང་ཉིད་ལ།— འཇིག་རྟེན་འདིར་འཚོ་བ་ལ་དོན་དག་ཚང་མ་མིའི་བསམ་འདུན་དང་མཐུན་པར་ཡོང་མི་སྲིད། དཀའ་ངལ་དང་སུན་སྣང་གི་དོན་དག་དང་འཕྲད་དུས། མི་གཞན་གྱི་ཁ་ཏ་ལ་མཉན་པ་ཡིན་ན་ཡང་ཁེ་ཕན་ཞིག་ཡོད་ངེས། འོན་ཀྱང་། སེམས་ཀྱི་འགལ་ཟླ་སེལ་བར་བྱེད་པ་ལ་གཙོ་བོ་རང་ཉིད་ལ་བརྟེན་དགོས། སེམས་མི་སྐྱིད་པའི་སྐབས་སུ་གཤམ་གྱི་སྐད་ཆ་འདི་དག་བསམ་བློ་བཏང་ཆོག གཅིག་བྱས་ན་རང་ཉིད་ཀྱི་སེམས་ཁམས་གཅུན་པར་རོགས་རམ་བྱེད་ཐུབ།
༡༽ ཨུ་ཚུགས་མ་བྱེད། ཆོས་ཉིད་དང་བསྟུན་ན་ལེགས།
ཉིན་རྒྱུན་འཚོ་བའི་ཁྲོད་དོན་དག་འདྲ་མིན་མང་པོ་ཡོད། ཕལ་ཆེར་ཁྱོད་ཀྱིས་འབད་པ་དེ་ལས་མང་བ་བྱས་ཡོད་ཀྱང་ལེགས་འགྲུབ་འབྱུང་ཐུབ་མེད། རྒྱུ་མཚན་ནི་མི་ཞིག་གི་འཇོན་ནུས་ལ་ཚད་ཐིག་ཡོད།ཆ་རྐྱེན་འདྲ་མིན་གྱི་ཚད་བཀག་མྱོང་དགོས །གང་ལྟར་རང་ཉིད་ཀྱིས་ཧུར་ཐག་དང་རྩོད་ལེན་བྱས་ཡོད་པ་དང་། ངོ་གནོང་མི་དགོས་ཤིང་འགྱོད་པ་སྐྱེ་མི་དགོས་པ་ཞིག་བྱས་ཡོད་ན་འགྲིགས་པ་རེད། དོན་དག་ལ་ལ་ཞིག་དངོས་གནས་དྲང་གནས་སྒྲུབ་མི་ཐུབ་ན། བསྐྱུར་ཞོག རང་ཉིད་ལ་དཀའ་ངལ་གཏན་ནས་མ་བཟོ།
༢༽ འགྱོད་པ་མ་སྐྱེ། སུས་ཀྱང་ནོར་འཁྲུལ་བྱེད་སྲིད།
འཛམ་གླིང་སྟེང་ནོར་འཁྲུལ་གཏན་ནས་མི་ཤོར་མཁན་ཞིག་མེད། ནོར་བ་ཡིན་ན་འགྱོད་གདུང་གིས་དུས་ཚོད་ཆུད་ཟོས་ལ་མ་གཏོང་། འདས་པའི་ནོར་འཁྲུལ་དེ་རྐྱེན་དུ་བྱས་ཏེ་རང་ཉིད་ལ་ཉེས་ཆད་གཏོང་བ་ནི་འཕྲོ་བརླག་ལས་ལྷག་པའི་འཕྲོ་བརླག་ཅིག་དང་ནོར་འཁྲུལ་ལས་ལྷག་པའི་ནོར་འཁྲུལ་ཞིག་གོ། རྨ་ཁ་རེ་ནི་འཚར་ལོངས་རེ་ཡིན། ནོར་འཁྲུལ་གྱི་ཁྲོད་ནས་བསླབ་བྱ་བླངས་ཏེ། མུ་མཐུད་ནས་མདུན་དུ་སྐྱོད་དགོས། དེ་ནི་ཡོད་ཚད་ལས་ཀྱང་གལ་འགངས་ཆེའོ།།
༣༽ སེམས་མ་སྐྱོ། སྡུག་ཡུས་ནི་གནས་སྐབས་ཙམ་རེད།
ཡུན་ཐུང་བའི་མི་ཚེའི་ལོ་ཟླའི་ཁྲོད། སུ་ཡིན་ཡང་མ་ཤི་གསོན་བྲལ་གྱི་རྐྱེན་ངན་དེ་འདྲར་འཕྲད་སྲིད། སྐྱོ་ངལ་དང་ཕོག་ཐུག་བྱུང་བའི་སྐབས་སུ་ངུས་ཆོག ངུས་ཚར་རྗེས་གདོང་བཀྲུས་ཏེ་རང་ཉིད་ལ་འཛུམ་ཞིག་སྟོན། འཚོ་བ་ཡག་པོར་སྐྱེལ་བཞིན་མདུན་དུ་སྐྱོད། མདུན་ཕྱོགས་ན་ཆེས་ལེགས་པའི་མཛེས་ལྗོངས་དེ་ཡོད་སྲིད།
༤༽ རེ་ཐག་མ་ཆད། གོ་སྐབས་ད་དུང་ཡོད་སྲིད།
མི་ཞིག་གི་ཆེས་ཆེ་བའི་མ་རྩ་ནི་རེ་བ་ཡིན་ལ། མི་ཞིག་གི་ཆེས་རྒུད་པའི་རྩ་བ་ནི་རེ་ཐག་ཆད་པ་དེ་ཡིན། གོ་སྐབས་སྐྲུན་ཤེས་པའི་མི་ནི་བློ་སྟོབས་ཅན་ཡིན་ལ །གོ་སྐབས་ལ་སྒུག་པའི་མི་ནི་བླུན་པོ་ཡིན།གལ་ཏེ་གནམ་ནས་ཤ་བག་ལེབ་བབས་པ་ཡིན་ན། དེ་ཡང་མགོ་བོ་ཡར་དགྱེ་བའི་མིའི་ཁ་ནང་དུ་ལྷུང་ངེས། མི་ཚེ་འདི་ཚོད་ལྟ་དང་ནོར་འཁྲུལ་གྱིས་ཁེངས་ཡོད། ཐེངས་གཅིག་ལ་ཕམ་པ་དེས་ཁྱོད་ཕྱིར་འབུད་བཏང་བ་མཚོན་མི་ཐུབ།
༥༽ མ་སྐྱུར། རྒྱུན་འཁྱོངས་བྱས་ན་ད་གཟོད་རེ་བ་ཡོད།
མི་ཚེའི་ནང་ཆེས་བློ་ཕམ་སྐྱེ་བ་ནི་སྐྱུར་མི་འོས་པའི་ལས་དོན་ཞིག་ལས་སླ་བོས་བསྐྱུར་པ་དེ་རེད། མི་ཚེའི་ཁྲོད་ལམ་ཁ་གཅིག་རང་གཅིག་འདེམ་དུ་མེད་པ་དེ་ནི་བསྐྱུར་ཟིན་པའི་ལམ་ཁ་དེ་རེད་ལ།དང་དུ་མི་ལེན་པ་བྱེད་མི་ཐུབ་པའི་ལམ་ཁ་ཉག་གཅིག་དེ་ནི་འཚར་ལོངས་ཀྱི་ལམ་ཁ་དེ་རེད། མི་རླབས་ཆེན་རླབས་ཆེན་ཡིན་པའི་རྒྱུ་མཚན་ནི། ཁོང་དང་མི་གཞན་གཉིས་མཉམ་དུ་གནས་བབ་ངན་པ་ཞིག་དང་འཕྲད་སྐབས། མི་གཞན་པ་དེས་ཡིད་ཆེས་བརླགས་མོད། འོན་ཀྱང་། ཁོང་གིས་དེ་ལས་ལྡོག་སྟེ་རང་ཉིད་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་སེམས་ཐག་བཅད་པ་རེད། རེ་བ་ག་དུས་ཡིན་ཡང་རེ་ཐག་ཆད་པའི་གནས་སྐབས་སུ་མངོན་ཡོང་།
༦༽ མ་སྐྲག གནམ་ནི་རྡིབ་མི་སྲིད།
སྐྲག་སྣང་སྐྱེས་པའི་སྐབས་སུ། བློ་ཁ་ངེས་པར་སྒྲུབ་དགོས་པའི་དོན་དེའི་སྟེང་དུ་འཇོག་དགོས་ལ། གྲ་སྒྲིག་འདང་ངེས་ཤིག་བྱེད་དགོས། དུས་སྐབས་མང་ཆེ་བར་གདིང་ཤུགས་མེད་པའི་སྟབས་ཀྱིས་དངངས་སྐྲག་བྱུང་བ་རེད། མི་ཚེ་ནི་རྡེབ་འཛེར་དང་འདྲ། འཛེར་མ་ཐེངས་གཅིག་ལ་བརྡབས་ན་མིག་རྒྱ་ཐེངས་གཅིག་བསྐྱེད་ལ། ཉམས་མྱོང་ཐེངས་གཅིག་འཕེལ། ཁྱོད་ཀྱིས་དཀའ་ངལ་ལ་གདོང་ལེན་བྱེད་པར་སེམས་ཐག་བཅད་པ་ཡིན་ན། དངོས་གནས་བགྲོད་མི་ཐུབ་པའི་འགག་འཕྲང་ཞིག་མེད།
༧༽ ཁོང་ཁྲོ་མ་ཟ། ངང་རྒྱུད་རིང་པོ་བྱེད་ཚུལ་ཤེས་པར་གྱིས།
འཚོ་བའི་ཁྲོད་ཁྱོད་ལ་ཕོག་ཐུག་བཟོ་མཁན་ཞིག་ཡོད་ངེས་པ་རེད། ཁོང་ཁྲོ་མ་ཟ། ཁོང་ཁྲོ་ནི་མི་གཞན་གྱི་ནོར་འཁྲུལ་ལ་བརྟེན་ནས་རང་ཉིད་ལ་ཉེས་ཆད་བཏང་བ་རེད། གཤིས་རྒྱུད་འཇམ་པ་ནི་མི་ཞིག་གིས་སྤྱི་ཚོགས་འབྲེལ་བའི་ཁྲོད་མཆོག་ཏུ་གྱུར་བའི་གྱོན་གོས་གྱོན་ཐུབ་པ་དང་འདྲ་ལ། གུ་ཡངས་ནི་མི་དང་མིའི་བར་ཕན་ཚུན་ལ་རྒྱུས་ལོན་དང་ཡིད་ཆེས་ཐུབ་པའི་ཟམ་པ་རེད། སྤྲོ་སྣང་གི་སེམས་ཁམས་ནི་གུ་ཡངས་ལས་བྱུང་ཞིང་། བློ་བག་ཡངས་པོ་ལས་བྱུང་ལ། མིའི་འདུན་པ་ལས་བྱུང་ངོ་། །
༨༽ སེམས་ཁུར་མ་བྱེད། ཡོད་ཚད་འགྲིག་པར་ངེས།
གནམ་རྒན་མ་མི་ཚང་མར་འདྲ་མཉམ་ཡིན། སྒོ་གཅིག་བརྒྱབ་པ་ཡིན་ན་ཡང་། སྒེའུ་ཁུང་ཞིག་ཏན་ཏན་འབྱེད་ངེས། ཆར་བ་ཁྱོད་གཅིག་པོའི་ཁང་ཀླད་འབའ་ཞིག་གི་སྟེང་དུ་འབབ་མི་སྲིད་པ་དེར་ཡིད་ཆེས་བྱེད་དགོས་ལ། སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་ཁྱོད་ལ་དབང་བའི་གནས་གཞི་ཞིག་ཡོད་པ་དེར་ཡིད་ཆེས་བྱེད་དགོས། སྤྲོ་སྣང་ནི་དཀའ་ངལ་ཐག་གཅོད་དང་དཀའ་ངལ་དེ་ལས་རྒྱལ་བར་བྱེད་པའི་གོམ་པ་དང་པོ་དེ་ཡིན།
༩༽ ཡི་ཐང་མ་ཆད། འབད་བརྩོན་མ་བྱས་ན་སྟོང་ཟད་དུ་འགྱུར་ངེས།
ལོ་བཅོ་ལྔའི་སྐབས་སུ་ཆུ་རྐྱལ་རྒྱུ་དཀའ་བར་བསམས་ཏེ་བསྐྱུར་བཞག་པ་རེད། ལོ་བཅོ་བརྒྱད་ལ་སོན་སྐབས་རང་ཉིད་དགའ་བའི་མི་དང་འཕྲད་དེ་དུས་ཆད་ཀྱིས་ཆུ་རྐྱལ་དུ་ཕྱིན་པ་ན། ཁྱོད་ཀྱིས་‘ང་རྐྱལ་མི་ཤེས་‘ཟེར་བ་ལས་ཐབས་མེད། ལོ་བཅོ་བརྒྱད་ཀྱི་ཐོག་ཏུ་དབྱིན་ཇི་སྦྱོང་དཀའ་བར་བསམས་ཏེ་བསྐྱུར་བཞག་པ་རེད། ལོ་ཉེར་བརྒྱད་ཀྱི་སྟེང་། ལས་ཀ་ཡག་པོ་ཞིག་ཐོན་མོད། འོན་ཀྱང་། དབྱིན་ཡིག་གི་སྟེང་ནས་ལས་ཀ་བྱེད་ཤེས་དགོས་སྟབས། ཁྱོད་ཀྱིས་‘ངས་མི་ཤེས་‘ཟེར་བ་ལས་ཐབས་མེད། གཞོན་ནུའི་དུས་སྐབས་སུ། སློབ་སྦྱོང་བྱོས།ཉམས་མྱོང་གསོགས། ཉིན་ཞིག་ཁྱོད་ཀྱིས་སྐབས་དེར་རྒྱུན་འཁྱོངས་བྱས་ཏེ་བསྐྱུར་མྱོང་མེད་པའི་རང་ཉིད་ཀྱི་བཀའ་དྲིན་དྲན་ངེས།
མ་རྩོམ་ལ་གཟིགས་ན་འདི་ནས་བསྣུན།
ངེད་དྲ་ཚིགས།