དགའ་བྱང་གོ་བོ་རྨར་ཁམས་བློ་བཟང་རྒྱལ་མཚན།

རྒན་རྒྱལ་མཚན་ལགས་ནི་གཞུང་ཆེན་མོར་མཁྱེན་རྒྱ་ཆུང་ཡང་རང་རློམ་ཅན་ཞིག་ཡིན། ཉིན་གཅིག་ཁོང་ལྷ་མོ་ཁང་ནས་མར་ཕེབས་སྐབས་གྲྭ་ཆུང་ཚུལ་ཁྲིམས་ཡི་གེ་འབྲི་བཞིན་ཡོད་པ་མཐོང་བས་ཁོང་གིས། ཁོ་རེ་ཁྱོད་ག་རེ་འབྲི་ཡི་ཡོད་དམ། ཞེས་དྲིས་པར་ཚུལ་ཁྲིམས་ཀྱིས་སྦྱིན་བདག་ལ་ཡི་གེ་ཞིག་འབྲི་ཡི་ཡོད་ལབ། རྒན་རྒྱལ་མཚན་ལགས་ནས། ལྟས་ངན་ཁྱོད་དགོས་པའི་སློབ་སྦྱོང་མ་བྱས་མི་དགོས་པའི་སྦྱིན་བདག་ལ་ཡི་གེ་རྐྱང་རྐྱང་འབྲི་ཡིན་སྡོད་ཨ། དཔལ་ལྡན་ལྷ་མོའི་བཀའ་ཆད་ཕོག་ཡོང༌། ཞེས་ཚོགས་གཏམ་བཏང་པར། ཚུལ་ཁྲིམས་ཀྱིས། རྒན་ལགས་སྦྱིན་བདག་ལ་ཡི་གེ་བྲིས་པར་བཀའ་ཆད་ག་རེ་བྱས་ཏེ་ཕོག མ་གཞི་ནས་དཔལ་ལྡན་ལྷ་མོ་ཁོང་རང་ལ་ཡང་སྦྱིན་བདག་ག་ཚོད་དང་ག་ཚོད་མི་འདུག་གམ། ཞེས་ལབ་པར་རྒན་དེ་ཧང་སངས་ཏེ། ལྟས་ངན་ཁྱོད་ཀྱིས་ག་རེ་ཟེར་གྱི་ཡོད། དཔལ་ལྡན་ལྷ་མོར་སྦྱིན་བདག་མང་པོ་ག་པར་འདུག ཅེས་གསུངས་པར་ཚུལ་ཁྲིམས་ཀྱིས། ཡོད་དང་ཡོད། འཇིག་རྟེན་ན་སྐད་གྲགས་ཆེ་ཤོས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་དང༌། ལྷ་ཆེན་ཚངས་པ་ཆེན་པོ། ཀླུའི་རྒྱལ་པོ་དགའ་བོ་ལ་སོགས་ཁོང་གི་སྦྱིན་བདག་མིན་ན་གང་རེད་དམ། དེ་ལྟར་མིན་ན་དཔལ་ལྡན་ལྷ་མོའི་སྙན་གཡས་ཀྱི་སེངྒེ་དང༌། རྨ་བྱའི་གཙུག་ཕུད། སྦྲུལ་གྱི་གདེངས་ཀ་སོགས་སུས་ཕུལ་བ་རེད་དམ། ཞེས་དྲིས་པར་རྒན་རྒྱལ་མཚན་ལགས་ལ་ལན་འདེབས་རྒྱུ་མ་རག་པར་ལུས་པ་རེད།།


ངས་ཀྱང་དེ་རང་བསམ་བྱུང་།

ཉིན་ཞིག་རྒན་ངག་དབང་ལགས་ཀྱིས་རང་གི་དགེ་ཕྲུག་བསམ་གཏན་རྡོ་རྗེ་སྐད་བཏང་སྟེ། བསམ་གཏན་དེ་རིང་བོད་ཚེས་བཅོ་ལྔ་སོང་ཙང་བརྒྱ་མཆོད་ཅིག་ཕུལ་བར་འགྲོ་དགོས་བསམས་བྱུང་འོན་ཀྱང་ད་ནི་འཕྱིས་དྲགས་ཐག་ཆོད་སོང་བས་རྗེས་མའི་ཚེས་བཅོ་ལྔའི་ཉྀན་འབུལ་རྒྱུ་མ་བརྗེད་པ་བྱེད་དགོས་གསུངས་པར། དགེ་ཕྲུག་དེས་ལགས་སོ་རྒན་ལགས་ངས་ཀྱང་དེ་རང་བསམས་བྱུང་ལབ་པ་རེད། དེ་ནས་ཡང་ཉིན་གཅིག་དགེ་རྒན་དེས། བསམ་གཏན་དེ་རིང་དཔེ་འཁྲིད་མེད་ཙང་ཤ་མོག་མོག་ཅིག་བཟོས་ན་བསམས་བྱུང་གསུངས་པར། དགེ་ཕྲུག་ཁོས་ཀྱང་། འོ་རེད་རྒན་ལགས་ང་ཡང་དེ་རང་བསམས་བྱུང་ལབ་པར་དགེ་རྒན་དེས་རང་གི་ག་རེ་བསམས་པ་ཇི་བཞིན་དགེ་ཕྲུག་གིས་ཀྱང་སེམས་བཞིན་འདུག་པས་ཁོ་ནི་དངོས་གནས་བསམས་ཡོད་ཅན་གྱི་དགེ་ཕྲུག་ཅིག་རེད་འདུག་སེམས་བཞིན་སྤོབས་སེམས་ཆེན་པོ་སྐྱེས། དེ་ནས་ཉིན་ཤས་སོང་རྗེས་ཡང་དགེ་རྒན་དེས། བསམས་གཏན་དེ་རིང་ང་ཁྲོམ་ལ་འགྲོ་དགོས་བསམས་ཀྱང་བྱུང་མ་སོང་གསུངས་པར། དགེ་ཕྲུག་དེས་ང་ཡང་དེ་རང་བསམས་བྱུང་ལབ་པས། དགེ་རྒན་དེས་གཞི་ནས་ཁོ་ལ་དོགས་པ་ཞིག་ཟ་སྟེ། ཡ་ད་ཁོས་ངས་ག་རེ་ལབ་པར་ལད་ཟློས་བྱེད་པ་ཙམ་ལས་མནོ་བསམ་བཏང་ནས་ལབ་པ་ཞིག་རེད་མི་འདུག་བསམས་ཏེ་ཉིན་ཞིག་དགེ་རྒན་དེས་དགེ་ཕྲུག་དེར་ཚོད་ལྟ་ཞིག་བྱེད་དགོས་སྙམ་སྟེ་ཁོ་པ་སྐད་བཏང་སྟེ། བསམས་གཏན་དེ་རིང་ང་ཚོའི་མར་རིལ་འདི་ཚོ་ཚང་མ་ཉི་མར་བཀྲམ་དགོས་བསམས་བྱུང་གསུངས་པར། ཁོས་ཀྱང་རྒན་ལགས་ང་ཡང་དེ་རང་བསམས་བྱུང་ལབ་པས། དགེ་རྒན་དེ་ཁོང་ཁྲོ་གཏིང་ནས་ལངས་ཏེ། མར་ཉི་མར་བཀྲམ་ན་ག་གྲས་སེ་ཡོང་གི་རེད་དམ་ཞེས་ཁོ་པར་ག་རེ་བཞུས་ཡོད་མ་ཤེས་ཀྱང་གང་ལྟར་ཉི་མོའི་སྐར་མ་ཤར་དགོས་པ་ཞིག་ནི་བཟོས་པ་རེད།

ཡོང་ཁུངས་གཞན།  ཡི་གེ་བ་གྲུ་ལྷོ་སྐལ་བཟང་ཕུན་ཚོགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading