(ཚན་པ་གཉིས། )

ཚིག སློབ་དཔོན་ཡཱན་ཧོང་པེན།  བོད་འགྱུར། ལྷ་སྡེ་གནམ་ལོ་ཡག

མེར་མཆོད་ཀྱི་གླུ

རླུང་བུ་དང་འགྲོགས་ནས་འབར་བྱུང་། ཚ་ཤུགས་ལ་བསྡོངས་ནས་འཁྲབ་བྱུང་།

མར་མེ་རྐོང་བུ་གང་གངས་རིའི་ཡང་སྟེང་དུ་བསྒྲོན། རང་དབང་གི་དཔལ་འབར་ལེབ་མོ་

ཞིག་ནམ་མཁའི་མཐོངས་སུ་བསྲིངས།

མེ་ཡིས་འཚིག་ཀྱིན་པ་ནི། འཆི་བའི་མགོ་འཛུགས་ཡིན།འབར་ནས་ཐལ་བར་གྱུར་པ་ནི། སེམས་ཀྱི་ལོག་ཕེབས་ཡིན།

མེ་རླབས་ཁྲོད་མེས་པོའི་གཟི་བརྗིད་ཡོད།མེ་རླབས་ཁྲོད་རང་དབང་གི་ང་རྒྱལ་ཡོད།

བྲོ་སེར་ལ་ཞུགས་པའི་དགོད་འཛུམ་གངས་ལྗོངས་ཀྱི་སྟག་ཤར་ཚོའི་གདོང་ལ་དཔྱངས།

མེ་ཁྲོད་ཀྱི་གླུ་སྐད་དྭངས་མོ་མཐོ་སྒང་གི་མཛེས་མ་ཚོའི་ངག་ལས་འཐོར།

ཉི་མ་ངུས་བྱུང་། ཡར་ཀླུང་གཙང་བོ་ནི་འཛད་མེད་ཀྱི་མིག་ཆུ་རེད།

ནམ་མཁའ་ངུས་བྱུང་། ཆར་རླུང་གི་དྲག་ཉམས་ནི་སྐྱོ་གདུང་གི་ཕྱིར་མངོན་རེད།

ཨ། ང་རང་ངུས་བྱུང་། འབར་བཞིན་པའི་སེམས་པ་ནི་བསྔོ་སྨོན་གྱི་དབྱངས་རྟ་རེད།

ཨ། ང་རང་ངུས་བྱུང་།   


ངའི་སེམས་ན་སོང་།

_____ཚེ་སྲོག་མེ་རླབས་ཁྲོད་དུར་སྦས་གནང་བའི་བོད་མི་ཚོར་ཕུལ།

ངའི་སེམས་ན་སོང་། ངས་མེར་མཆོད་པ་སྙན་ངག་ལ་འབྲི་བཞིན། སེམས་ཁོང་གི་གླུ་རུ་བཞེངས་ཡོད།

ངའི་སེམས་ན་སོང་།ང་མེ་རླབས་ཀྱི་ཁྲུས་ལ་ཞུགས་ཀྱིན། སེམས་ནང་གི་སྡུག་བསྔལ་བཀྲུས་ཡོད།

ངའི་སེམས་ན་སོང་། ངས་མེ་ཁྲོད་ཀྱི་འབོད་སྐད་འོ་ལ་གླན་བཞིན། ཀེང་རུས་ཀྱི་རྨ་ཤུལ་ལ་བྱིལ་བྱིལ་བཏང་ཡོད།

ངའི་སེམས་ན་སོང་། འོད་དུ་འབར་བའི་ན་ཟུག་རང་དབང་གི་དགའ་མར་ཕུལ་ཡོད། མེ་རུ་འབར་བའི་ཁ་བའང་སྤྲད་ཡོད།

ངའི་སེམས་ན་སོང་། བཟོད་གླགས་བྲལ་བའི་ན་ཟུག་གིས་མཐོ་སྒང་གི་རླུང་བུ་འཚིག་རོགས། ཐང་སྟོང་གི་ཆར་བའང་འཚིག་རོགས།

ངའི་སེམས་ན་སོང་། ངའི་སེམས་ཁོང་གི་ཟུག་གཟེར་ཡོད་ཚད་དཔའ་རྒོད་ཚོ་གཟིམ་མལ་གྱི་དུར་སར་འགྱུར་རོགས།

༢༠༡༣ལོའི་ཟླ ༢ཚེས ༡༩ཉིན་བོད་འགྱུར་གྲུབ།    ༢༠༡༣ལོའི་ཟླ ༧ཚེས ༢༠ཉིན་ཞུ་དག་གྲུབ།

དབྱངས་རྩོམ་མཁན་དང་གླུ་རུ་ལེན་མཁན་བྱུང་ན་དགའ་བསུ་ཡོད་ལ།  མཆོག་མཆན་ཞུ་མི་དགོས།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: