འཇུ་སྐལ་བཟང་།
ཐལ་དཀར་མཆེ་བ་བསླངས་འདྲའི་མཛེས་སྡུག་གི་ལྷུན་པོ།
འགྱུར་བག་ངེས་མེད་སྒྱུར་བ་སྤྲིན་དཀར་གྱི་སྟོད་གཡོགས།
རྩྭ་ལྗང་སྤུ་ལོང་གཡོ་བའི་ནེའུ་གསིང་གི་སྤང་ཐང༌།།
མགོ་ལྕོག་ཤིག་ཤིག་ལྡེམ་པ་མེ་ཏོག་གི་སྐྲ་ལོ།།
ཡིད་འོང་ཉམས་སུ་དགའ་བའི་ན་སྤང་གི་མཚམས་ན།།
ཏིང་འཛིན་འབྱམས་སུ་ཀླས་པ་སྒོམ་ཆེན་གྱི་ནེ་ལེ།།
མནོག་ཆུང་ཨབ་ཤར་དམིགས་པའི་བསམ་གཏན་དེ་ཐོངས་དང༌།།
འུ་ཅག་རང་ལ་ཕན་པའི་བགྲོ་གླེང་ཞིག་བྱའོ།།
རང་ཞེན་བག་ཆགས་མཐུག་པོའི་གདམས་ངག་གི་བུམ་ཆུར།
བླང་དོར་དཔྱད་འཇོག་མེད་པའི་རྔམ་འཐུང་གིས་འགྲེངས་པས།།
རླུང་སྤྲིན་ངེས་མེད་འཐབ་པའི་བགྲོད་རིམ་དེར་སླེབས་ཚེ།
མགོ་འཁོར་ཞེན་པ་ལྡོག་པའི་ངེས་འབྱུང་ཞིག་འཁྲུངས་སམ།།
མ་དག་རིང་ནས་གོམས་པའི་ལྟ་བ་ཡི་བུ་ཆུང༌།།
ཨ་འཐས་དྲན་པ་གྱོང་པོས་རྩེ་གཅིག་ཏུ་བསྐྱངས་པས།།
ཁ་སྤུ་ཟིང་ཟིང་གཡོ་བའི་དྲེད་པོ་ཁོ་མ་གཏོགས།།
སྣང་སྲིད་གཞན་ལ་རྒྱུ་བའི་ཤེས་པ་དེ་འགགས་སམ།།
ཕལ་བའི་རྣམ་རྟོག་འགགས་པས་བྱ་གྲལ་ནས་ཐལ་ཞིང༌།།
ལྷག་པའི་རྟོག་པ་མ་སྐྱེས་ལྷ་གྲལ་ཡང་མ་ཟིན།།
ལྷ་མིན་འདྲེ་མིན་ཕུང་བོ་གསུམ་པ་ཡི་གཟུགས་ཀྱིས།།
དུས་དྲུག་ཁོར་མོར་འདའ་བའི་ཁོམ་ལོང་དེ་སུས་བྱིན།།
ཐོབ་ཀྱང་དགའ་རིན་མི་འདུག་ཨབ་རོ་ཡི་ལོངས་སྤྱོད།།
ཤོར་ཀྱང་འགྱོད་རྒྱུ་ཅི་ཡོད་དེ་ག་ལས་མ་འདས།།
ཀྱེ་མ་ད་དུང་ཡིན་མདོག་རང་རློམ་གྱིས་ཆེ་བ།།
མིས་འཕྱ་རང་ཡང་ཁྲེལ་བའི་གཞི་མ་ལས་འདུག་གམ།།
དྲི་བཞོན་གྲོགས་སུ་རྩེན་པ་ཐང་དཀར་གྱི་རྒོད་པོ།།
གཤོག་འགྱུར་ཡངས་པའི་རླབས་ཀྱིས་ནམ་མཁའ་རུ་ལྡིང་སྟེ།།
བརྙས་བཞག་རྟུག་པའི་ཕུང་བོ་མགོ་བོ་རུ་གཏོར་ཚེ།།
ང་ཡང་འདབ་ཆགས་སྙམ་པའི་འདུ་ཤེས་ཤིག་མེད་དམ།།
ལུས་སྐྱེས་སྒྲོ་རྫོང་སྟུག་པོའི་རིན་གོང་ལ་རྔམ་ནས།།
ཞོ་འཐུང་རྒྱགས་པའི་འུར་རྡོ་མགོ་བོ་རུ་སྐོར་ཚེ།།
བྱ་ལམ་ཕ་མཐའ་བྲལ་བའི་སྤྲིན་དཀར་གྱི་གསེབ་ཏུ།།
སྐད་ཅིག་ཉིད་ལ་ལྡང་བའི་མངོན་བློ་ཞིག་འཆར་རམ།།
སྣ་ཚོགས་བྱ་ཆེན་དང་ནི་བྱ་ཕྲན་གྱི་ཚོགས་ཀུན།།
བམ་ཤ་གསར་བའི་ལོངས་ལ་ཅི་དགའ་རུ་རོལ་ཚེ།།
ལྟོ་བ་སྟེང་འོག་འགྱུ་འདྲའི་ཚོར་བ་དང་འགྲོགས་ཏེ།།
མགྲིན་པ་འགྲམ་ཆུས་བརྣང་བའི་སྲེད་ལེན་ཀྱང་མེད་དམ།།
ཡེ་ཤེས་སྤྱན་འདབ་འཛུམ་པ་རྣམ་སད་ཀྱི་བུ་དག།
ཁྱོད་ལ་ཁྲེལ་དགོད་དབྱར་རྔ་ཆེམ་ཆེམ་དུ་སྐུལ་ཀྱང༌།།
ད་དུང་ཨུ་པ་ཀརྣའི་སྒྲ་འཛིན་གྱི་མལ་དུ།།
བླུན་སྒོམ་བཙན་ས་འཛིན་པའི་ངང་ཚུལ་འདི་སྐྱོ་ཨང༌།།
ཀུན་འགྲོ་ལྔ་སོགས་སེམས་བྱུང་རྣམ་གཡེང་གི་བུ་ཆུང༌།།
འཇུར་བཅིང་བྲ་བ་རྒྱ་བོའི་ཁུང་ཕུགས་སུ་འཁུམས་པ།།
དབང་མེད་བཙན་གྱིས་སྦྱོར་བའི་བྱེད་པོ་ནི་མ་མཆིས།།
ཅུང་ཟད་ཡན་པར་བཏང་ན་བདེ་ཉམས་ཤིག་མེད་དམ།།
ཤ་སྐྱིབས་པགས་པའི་མལ་དུ་འདྲེན་བྱེད་གྱི་ཆུ་བུར།།
རྩ་རྒྱུས་ཐག་ཞགས་དམ་པོས་འཆིང་བ་དེ་ལྷོད་ལ།།
སྲིད་ཁམས་ཡངས་པའི་ཁྱོན་ལ་བག་ཡངས་སུ་ཕེབས་དང༌།
དོན་ལྡན་གཤིས་ཀྱི་རི་མོ་མངོན་སུམ་དུ་མཇལ་འོང༌།།
གཤོག་དྲུག་རྩལ་ཁ་རྫོགས་པ་བྱ་རྒྱལ་གྱི་ཁྱུང་ཆེན།།
གནམ་སའི་དཀྱིལ་འཁོར་སྒྲིབ་པའི་ལུས་བོངས་ཀྱིས་དྲེགས་ཤིང༌།།
གཤོག་འཇུམས་སྟང་སྟབས་སྒྱུར་བའི་རྩལ་ལྡན་གྱི་གླག་མོ།
གླ་ནག་སྦར་འཛིན་བྱེད་པའི་སྡེར་ཁྱིམ་དེ་འཇིགས་སམ།།
ཡིད་འོང་ཁུ་བྱུག་བུ་མོའི་ལོངས་སྤྱོད་ཀྱི་འཁོར་ལོ།།
རིག་བྱེད་དབྱངས་བདུན་རྫོགས་པའི་གླུ་སྙན་གྱིས་ཕྱུག་ཅིང༌།།
འཕྱོར་གཟུགས་ལྡེམ་ལྡེམ་སྐྱོད་པ་རྒྱ་བྱ་ཡི་སྒེག་མོ།།
མེ་ཏོག་གཞུ་ཅན་བསླུ་བའི་འཇོ་སྒེག་དེ་མཚར་རམ།།
མཐོ་རིས་འོད་ལྔ་བཀླུབས་པའི་མཛེས་སྡུག་གི་རྨ་བྱར།།
དུག་ཆེན་ཟས་སུ་སྤྱོད་པའི་གདམས་ངག་ཅིག་ཡོད་ལ།།
སྨྲ་མཁས་ལྕེ་དམར་སྐྱོད་པའི་ནེ་ཙོ་ཡི་ཚོགས་ལའང༌།།
ཕར་བཤད་ཚུར་ལ་སྐྱོར་བའི་ཁྱད་ཆོས་ཤིག་འདུག་གོ །།
མང་མང་བགྲང་གིས་མི་ལང་བགྲང་དགོས་ཀྱང་མི་འདུག།
འདིས་མཚོན་མཁའ་ལམ་སྐྱོད་པ་གཉིས་སྐྱེས་ཀྱི་ཚོགས་འདིར།།
རང་རང་གཤིས་དང་བསྟུན་པའི་ངོ་མཚར་རེ་རྫོགས་ན།།
ཁྱོད་ལ་ཕ་ཡིས་སྐྱོན་ནམ་མ་མ་ཡིས་ལན་ནམ།།
རྩལ་དགུ་སྟོབས་སུ་དར་བ་བྱ་ཆེན་གྱི་ཚོགས་འདིར།།
བག་ཡངས་སྟང་སྟབས་སྒྱུར་བའི་བདེ་མྱུར་ཞིག་འདུག་ཀྱང༌།།
རང་རང་སྦྱོང་བའི་སྐབས་ཀྱི་དཀའ་སྤྱད་ཅིག་ཡོད་ཀྱི།།
མིན་ན་ཁྱོད་དང་གཉིས་སུ་མེད་པ་དེ་ཤེས་སམ།།
ཁྱོད་ལ་གདོས་སུ་ལྩི་བ་སྒྲོ་ཐུལ་གྱི་ལྭ་བ།།
ཕ་མེས་སྙིང་གི་གཅེས་ནོར་ལགས་པ་དེ་ཨེ་གོ །།
མཆུ་རྣོན་སྡེར་ཁྱིམ་གཡོ་བ་ལྷན་སྐྱེས་ཀྱི་ཆོས་འདི།།
ད་དུང་གཞན་ལ་བཀོལ་ཀྱང་ཆོག་པ་དེ་ཨེ་ཤེས།།
དུས་ཀྱི་འཕོ་འགྱུར་གར་མཁན་རྐང་སྟབས་བཞིན་སྒྱུར་ཞིང༌།།
ཅོ་འདྲིའི་འཇིགས་པ་བདུད་པོའི་མདུང་རང་བཞིན་གཟེངས་ཚེ།།
ད་དུང་ཅེ་རེར་གཟིགས་པའི་དུས་སྐབས་དེ་མ་ཡིན།།
གོ་ན་ཁྱོད་ཀྱང་རྩལ་དགུ་ལྷག་མེད་དུ་སྤྲུགས་ཤོག །
རྣམ་གཡེང་རླུང་བུ་དར་མའི་རྟ་ཕོ་རུ་ཞོན་ཏེ།།
སྲིད་པའི་གྲོང་སྒོ་ཉུལ་བ་ནམ་ཞིག་གི་ཚེ་ན།།
གློ་བུར་སྙིང་ཁམས་འཁྲུགས་ཏེ་དབང་མེད་ཀྱི་མགྲིན་ནས།
ཚོད་མེད་བབ་ཅོལ་ཐལ་བས་དགོངས་པ་རང་མ་ཚོམས། །
(གངས་གྲོང་གི་རླུང་བུ)ལས་བདམས་ཤིང་བཀོད།
ངེད་དྲ་ཚིགས།