གལ་ཏེ་ཁྱོད་རང་མཛངས་མ་ཞིག་ཡིན་ན།

བུའུ་ཡིས་བརྩམས། རླངས་ཚ་སྐལ་རྒྱམ་གྱིས་བསྒྱུར།

    གཅིག  གལ་ཏེ་ཁྱོད་རང་མཛངས་མ་ཞིག་ཡིན་ན། ངེས་པར་དུ་རང་ཉིད་དང་འབྲེལ་འདྲིས་བྱེད་སའི་ཁོར་ཡུག་ལ་ཚོད་འཛིན་བྱེད་ཤེས་དགོས། ཁྱོད་ནི་སྐྱེས་པ་ཚོ་དང་མི་འདྲ་བས་མི་ཤེས་ཚད་ཚང་མ་ལ་གྲོགས་པོ་བསྒྲིག་པ་ནི་འོས་པ་ཞིག་གཏན་ནས་མིན། རང་ཉིད་སྐྱེས་མ་ཞིག་ཡིན་པའི་ཆ་ནས་རང་གཅུན་གྱི་འདུ་ཤེས་ལྡན་དགོས། ཁྱོད་རང་ལས་ཚོགས་གྲོལ་བའམ་ཁོམ་ལོང་རེ་བྱུང་དུས་གྲོགས་པོ་འདི་དང་མཉམ་དུ་ཁ་ཟས་སྤྱོད་པ་དང་། གྲོགས་པོ་དེ་དང་མཉམ་དུ་ཇ་ཁང་ལས་མངར་ཇ་གསོལ་བ་སོགས་ཀྱི་བྱ་ལས་བྱེད་སྟངས་མང་དྲགས་ན། ཁྱོད་དང་བར་ཐག་ཉེ་བའི་མི་ཚང་མས་ཁྱོད་ནི་རང་ཚུགས་མི་ཐུབ་པའི་མི་ཞིག་ལ་ངོས་འཛིན་བྱེད་ཐག་ཆོད་ཡིན། སྤྱིར་མི་ཞིག་ལ་གྲོགས་པོ་མང་ན་བཟང་མོད་ཀྱང་། དེ་ལྟར་བྱས་ན་ཁྱོད་ལ་ངེས་པ་དོན་གྱི་གྲོགས་པོ་ཞིག་ཡོད་མི་སྲིད་པ་ཡིན།

    གཉིས།  གལ་ཏེ་ཁྱོད་རང་མཛངས་མ་ཞིག་ཡིན་ན།སྐྱེས་པ་སུ་དང་གང་གི་ལག་སྐྱེས་སོགས་སླ་མོའི་སྒོ་ནས་དང་ལེན་མི་བྱེད་པར་གོམས་དགོས། ཡིན་ཡང་ཁྱོད་ཀྱིས་ཁོ་ལ་ཚེ་ཡི་གཏན་གྲོགས་བསྒྲིག་བསམ་ན་ཡང་། སྐད་ཆ་ཚིག་གཅིག་ནི་ཁྱོད་ཀྱིས་ཁོའི་སྟེང་གི་ཡོད་ཚད་བདག་གིར་འཛིན་མི་རུང་། ནམ་ཞིག་གི་ཚེ་ཁྱོད་ཀྱིས་ཀྱང་གྱོང་གུད་རེག་ངེས་ཡིན། སྐྱེས་པ་ཚོ་ཚང་མར་དམིགས་ཡུལ་ཡོད་པ་ཡིན།ཁྱོད་ཀྱིས་ཤེས་དགོས་པ་ཞིག་ནི་རྒྱུ་ནོར་མོད་པོའི་སྐྱེས་པ་ཚོའི་ཀླད་པའི་ནང་དུ་སྦྲུམ་པ་ནི་ཕ་རོལ་ལ་མ་དངུལ་འཇོག་པའི་ཆོས་ཉིད་ཡིན། ཁྱོད་ཀྱིས་རང་གཅུན་དང་སེམས་ཆུང་མ་བྱས་ཚེ་ཁྱོད་རང་ཁོ་ཚོའི་མ་དངུལ་འཇོག་སར་འགྱུར་ངེས་ཡིན་ལ། ཁོ་ཚོས་ནམ་ཞིག་གི་ཚེ་མ་དངུལ་འཇོག་ས་ལས་ཕྱིར་ཁེ་བཟང་ལེན་པར་མ་ཟད། དེ་ལས་ལྷག་པར་ཁྱོད་ཀྱི་ལུས་སྟེང་ནས་མ་རྐང་དང་བཅས་ཏེ་ཁེ་སྤོགས་ཡིད་ཚིམས་པ་ཞིག་ལེན་ངེས་ཡིན། ཞིབ་འདང་རེ་བརྒྱབ་ན་འཇིག་རྟེན་སྟེང་ན་རིན་མེད་ཀྱི་ཁ་ཟས་སྤྱད་ཆོག་པ་ཞིག་ནམ་ཡང་ཡོད་མི་སྲིད་པ་ཡིན།

    གསུམ།  གལ་ཏེ་ཁྱོད་རང་མཛངས་མ་ཞིག་ཡིན་ན། ཅིས་ཀྱང་རྒྱན་གོས་དང་ཞབས་ཕྱག་སོགས་རིན་གོང་དམའ་མོའི་རིགས་མི་ཉོ་བར་ཞུ། དེ་ལོས་ཡིན། ཡང་གཅིག་བཤད་ན་དེ་ལས་ཀྱང་རིན་གོང་ཆེས་མཐོ་བའི་རིགས་ཀྱང་ཉོ་དགོས་པའི་ངེས་པ་མེད་དེ། ཆེས་གལ་ཆེ་བ་ནི་རང་ལུས་ལ་ཆེས་རན་པ་དང་མཛེས་པ་ནི་རང་གི་ཆ་རྐྱེན་དང་འཚམ་པའི་ཚད་ལྡན་གྱི་རྒྱན་གོས་དེ་ཡིན་ལ། རིན་མཉམ་གྱི་དངོས་ཟོང་ཡིན་ཡང་མི་ཆོག་པ་གཏན་ནས་མེད། འོན་ཀྱང་རྫུན་ཆས་དང་རྫུན་གོས་ཀྱི་རིགས་མི་ཉོ་བར་ཞུ། དེ་དག་གིས་ཁྱོད་ཀྱི་རང་གཤིས་དང་སྐྱེ་གཟུགས་ལ་འགྱུར་བ་གཏོང་མི་ཐུབ་པ་ཡིན། བརྒྱ་བཤད་ཚིག་གི་རྩ་བ་ནི་རང་གི་ཆ་རྐྱེན་དང་འབྲེལ་བའི་རང་ལུས་ལ་རན་པའི་རྒྱན་གོས་གསོལ་རྒྱུ་ནི་ལྷག་ཏུ་ནས་གལ་ཆེ་བ་ཡིན། དེ་ལྟར་རང་གི་རང་གཤིས་དང་སྐྱེ་གཟུགས་ལ་རན་པའི་རྒྱན་གོས་གསོལ་བར་བྱས་ན་ཁྱོད་ཀྱི་ཉམས་འགྱུར་དང་སྤོབས་སེམས་ལ་འགྱུར་བ་གཏོང་ངེས་ཡིན། མི་གཞན་གྱིས་ཇི་ལྟར་བསམ་ཀྱང་ཆོགམདོར་བསྡུས་ནས་བཤད་ན་ཁྱོད་ཀྱི་གྱོན་སྲོལ་ལེགས་པར་བྱས་ནས་རང་ཉིད་ཅི་ལྟ་བུ་ཞིག་ཡིན་པ་ཕྱིར་མངོན་བྱེད་རྒྱུར་དགའ་བ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན།

    བཞི།  གལ་ཏེ་ཁྱོད་རང་མཛངས་མ་ཞིག་ཡིན་ན། དུས་རྒྱུན་དུ་རང་ཉིད་ཀྱི་བྱེད་སྟངས་དང་བྱད་གཟུགས་ལ་ཡིད་འཇོག་ལེགས་པོ་བྱེད་དགོས། ཁྱོད་རང་ག་དུས་ཡིན་རུང་ལངས་ན་ལངས་སྟངས་ཤིག་དང་འདུག་ན་འདུག་སྟངས་ཤིག་ཡོད་དགོས་པས་མི་ཚད། འགྲོ་ན་སྐྱེས་མ་ཞིག་གི་ཁྱད་ཆོས་ངེས་པར་དུ་ཡོད་དགོས་པ་ལས། གཡོ་ཅན་མ་ཞིག་གི་བྱ་ལས་བྱེད་སྟངས་གཏན་ནས་ཡོད་མི་རུང་བ་ཡིན། དེ་ལྟར་ཡིན་པར་འགྱུར་ན་ཁྱོད་རང་ལ་ངེས་པའི་ཁོར་ཡུག་གི་མི་ཚང་མ་ཁྱོད་ལ་རྒྱུས་ལོན་ཡོད་པར་གྱུར་ནས་རང་སྣང་གང་དྲན་བྱེད་ཀྱང་སྲིད། ཁྱོད་ལ་རང་སྣང་གང་དྲན་བྱེད་མཁན་ནི་རང་གི་ཁྱིམ་མི་དང་རང་ཉིད་ཆེས་དགའ་སའི་ཁྱོ་ག་དེ་ཡིན་པས་དེ་མི་ཆོག་པ་ག་ལ་ཡོད།

    ལྔ། གལ་ཏེ་ཁྱོད་རང་མཛངས་མ་ཞིག་ཡིན་ན།ཁྱོད་ཀྱིས་དུས་རྒྱུན་དུ་ཕོ་མོ་འདྲ་མཉམ་གྱི་བསམ་བློ་དང་ལྟ་བ་མཁྲེགས་འཛིན་གཏན་ནས་བྱེད་མི་ཉན།ཕོ་མོ་འདྲ་མཉམ་གྱི་ལྟ་བ་དང་བསམ་བློ་ནི་ཆབ་སྲིད་པ་ཚོས་གླེང་བཞིན་པའི་འབོད་ཚིག་དང་། མིའི་རིགས་དཔལ་ཡོན་ལྡན་པའི་ལམ་ལ་འཕེལ་འགྱུར་འགྲོ་བའི་དམིགས་འབེན་ཡིན།དམིགས་འབེན་འདི་ནི་ང་ཚོ་གནས་སའི་སྤྱི་ཚོགས་སུ་ད་རུང་མངོན་འགྱུར་བྱས་མེད་པས། འཛམ་གླིང་གི་ནུབ་ཕྱོགས་རྒྱལ་ཁབ་དང་ཡང་ན་ཤར་ཕྱོགས་རྒྱལ་ཁབ་གང་ཞིག་ཡིན་ཀྱང་དུས་ནམ་ཡིན་ཡང་སྤྱི་ཚོགས་ཀྱི་སྣེ་ཁྲིད་པ་ནི་སྐྱེས་པ་ཚོ་ཡིན། ཁྱོད་ལ་བློ་རིག་བཀྲ་ཡང་ངེས་པར་དུ་རང་ཉིད་དང་འབྲེལ་བའི་སྐྱེས་པ་ཚོར་གཟོད་སྒོམ་དང་ཡིད་ཆེས་བྱེད་དགོས། ཁྱོད་ལ་འཛོམས་དགོས་པའི་ཆ་རྐྱེན་ནི་སྐད་ཆ་ཉུང་བཤད་དང་ལས་ཀར་ཧུར་བརྩོན་བྱེད་པ་ལས་སྐྱེས་པ་ལས་རང་ཉིད་ངར་སེམས་དང་མཆོག་འཛིན། ནུས་ཡོད་ཅིག་ཏུ་ཡེ་ནས་བསམ་མི་རུང་། རང་ཉིད་ཀྱི་ཁྱོ་ག་དེ་ལས་ཀྱང་སྨོས་མ་དགོས་པ་ཞིག་རེད། རང་གི་ཁྱོ་གར་བརྩི་བཀུར་དང་ནུས་ལྡན་དུ་བསམ་ན་རང་གི་ཁྱིམ་ཚང་ལ་ད་གཟོད་རེ་བའི་འཆམ་མཐུན་དང་བདེ་ཐང་གི་ཁྱིམ་སྲོལ། བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་ཡོད་ངེས་ཡིན།

    དྲུག གལ་ཏེ་ཁྱོད་རང་མཛངས་མ་ཞིག་ཡིན་ན། ཁྱོད་ལ་ངེས་པར་དུ་རང་ཉིད་ཀྱི་སེམས་ཁམས་དང་མཐུན་པའི་ཁྱད་ཆོས་ཤིག་དང་དམིགས་འབེན་ཞིག་ཡོད་དགོས་པ་ཡིན། རང་ཀྱི་བྱད་གཟུགས་མ་མཛེས་ཀྱང་སྐྱོན་མི་འདུག ཁྱོད་ལ་འཛོམས་དགོས་པ་ནི་སྤོབས་སེམས་དང་གཤིས་རྒྱུད་ཡིན། སྤོབས་སེམས་མེད་ཀྱང་སྐྱོན་མི་འདུགདེ་ལས་ཀྱང་འཛོམས་དགོས་པ་ནི་བློ་རིག་དང་དྲང་བདེན་ཡིན། བློ་རིག་མ་བཀྲ་ན་ཡང་སྐྱོན་མི་འདུག ཁྱོད་ལ་འཛོམས་དགོས་པ་ནི་གཤིས་བཟང་དང་ཚུལ་མཐུན་ཞི་དུལ་ཡིན། ཚུལ་མཐུན་ཞིག་མིན་ནའང་སྐྱོན་མེད། ཁྱོད་ལ་འཛོམས་དགོས་པ་ནི་བརྩོན་སེམས་དང་སྤྱི་སེམས་ཡིན།ལས་ལ་བརྩོན་མཁན་ཞིག་ཀྱང་མིན་ན་ཆོག ཁྱོད་ལ་འཛོམས་དགོས་པ་ནི་བརྩེ་སེམས་དང་ནུས་པ་ཡིན། ནུས་པ་མེད་ཀྱང་སྐྱོན་མེད་མོད། འོན་ཀྱང་ཆེས་རྩ་བར་གྱུར་བ་ནི་ཁྱོད་ནི་བཤད་ཚོད་རན་པའི་སྐྱེས་མ་ཞིག་ཡིན་དགོས། མདོར་ན་ཁྱོད་རང་གི་མདུན་སར་གཡོས་སྦྱོར་བྱེད་སྤྱད་ཀྱི་སླ་ང་བཅུ་ཡོད་པའི་དབང་དུ་བཏང་ན། ཁྱོད་ཀྱིས་སླ་ང་བཅུ་པོ་རེ་རེའི་ནང་དུ་གཡོས་སྦྱོར་བྱེད་རྒྱུ་ཁག་ཐག་མི་བྱེད་པར་སླ་ང་བཅུ་ལས་གཅིག་གི་ནང་དུ་གཡོས་སྦྱོར་ལེགས་པོ་ཞིག་བྱེད་ཐུབ་ན་རབ་ཡིན།

    བདུན། གལ་ཏེ་ཁྱོད་རང་མཛངས་མ་ཞིག་ཡིན་ན། ཁྱོད་རང་གཉེན་སྒྲིག་བྱེད་སའི་ཁྱོ་ག་ནི་ཆེས་རྩ་བར་གྱུར་ཡོད། ཡིན་ཡང་སྟག་ཤར་རའི་ལས་ལམ་འཕྱུག་མི་ཉན།མ་བུ་མོའི་གནས་ལམ་འཕྱུག་མི་ཉན་ཟེར་བའི་ངག་རྒྱུན་འདི་ཁྱོད་ཀྱིས་སེམས་ལ་ངེས་པར་དུ་འཛིན་དགོས། ཁྱོད་ཀྱིས་ངག་རྒྱུན་འདིའི་གནས་ལུགས་སྔ་ས་ནས་རྟོགས་ཡོད་ཀྱང་། གནད་དོན་ནི་ཁྱོད་ཀྱིས་འཇོན་ཐང་དང་རྒྱུ་ནོར། གཤིས་རྒྱུད་དང་ཐོབ་ཐང་། མདུན་ལམ་དང་སྐྱེ་ཁུངས་སོགས་ཀྱི་ཁྱད་པར་ལ་ཅི་ལྟར་བསམ་ཞིབ་བྱེད་རྒྱུ་དེ་ཡིན། རྟ་བཞོན་ཀླད་མེད་ཕྱུག་པོའི་བུ་དང་རྐང་ཐང་དབུལ་བོ་ཡོན་ཏན་ཅན་བུ་གཉིས་ཀྱིས་ཁྱོད་ལ་ཚེ་གྲོགས་བསྒྲིག་འདོད་ཀྱི་སེམས་འདུན་མངོན་ཚེ་ཁྱོད་ཀྱིས་དེ་གཉིས་ལས་གང་བདམས་གསེས་བྱེད་པ་ཡིན། ཁྱོད་ཀྱིས་དོན་དངོས་སུ་མི་དེ་ལ་ཚེ་གྲོགས་བསྒྲིག་བསམ་པ་ཡིན་ནམ། མི་དེའི་འཇོན་ཐང་དང་རྒྱུ་ནོར་ལ་ཚེ་གྲོགས་བསྒྲིག་བསམ་པ་ཡིན། སྐྱེས་པ་ཚོའི་བྱ་བ་ལེགས་འགྲུབ་བྱུང་ཚུལ་ལ་ཐབས་ལམ་སྣ་ཚོགས་ཡོད་ལ། སྐྱེས་མ་ཚོའི་བྱ་བ་ལེགས་འགྲུབ་བྱུང་ཚུལ་ལ་ཐབས་ལམ་གཅིག་མ་གཏོགས་མེད། དེ་ནི་རང་ཉིད་ཀྱི་ཚེ་ཡི་འདུན་མ་བཅོལ་སའི་ཁྱོ་ག་བཟང་པོ་ཞིག་གདམ་རྒྱུ་མི་འཕྱུག་པ་བྱེད་རྒྱུ་དེ་ཡིན།

    བརྒྱད། གལ་ཏེ་ཁྱོད་རང་མཛངས་མ་ཞིག་ཡིན་ན། ཁྱིམ་གཞིས་ནི་ཁྱེད་ཀྱི་ཡོད་ཚད་ཡིན། ཁྱོད་ཀྱིས་སྐྱེས་པ་ལས་ལྷག་པར་ཁྱིམ་གཞིས་ལ་གཅེས་འཛིན་ལེགས་པོ་བྱ་དགོས་པ་དང་། ཧུར་བརྩོན་གྱིས་གཞི་ཚུགས་བདེན་ཐུབ་ཀྱི་ཁྱིམ་གཞིས་ངོ་མ་ཞིག་གི་བདེ་སྐྱིད་བསྐྲུན་དགོས་པ་མ་ཟད། དེ་ལས་ལྷག་པར་རང་ཉིད་ཀྱི་ཁྱོ་ག་ལ་རང་ཉིད་ཀྱི་ནུས་རྩལ་མངོན་པའི་ཁྱིམ་སྐྱིད་ཀྱི་ཚོར་སྣང་གསར་པ་ཞིག་ངེས་པར་དུ་སྟེར་དགོས། ཁྱིམ་གཞིས་ཀྱི་བདེ་སྐྱིད་ནི་ཁྱེད་ཀྱི་འབད་བརྩོན་དང་འཇོན་ཐང་གིས་མངོན་དགོས་པ་ལས་ཁྱད་མཚར་དང་ངོ་མཚར་དོད་པོའི་ཁང་གསར་ཞིག་ལས་ཁྱིམ་གཞིས་ཀྱི་བདེ་སྐྱིད་ངོ་མ་དེ་མངོན་མི་ཐུབ་པས་རེད། དེ་ནི་ཁྱོད་རང་གི་ཚེ་གཅིག་ལུས་གཅིག་གི་སེམས་འདུན་དང་དམིགས་ཡུལ་ཡང་ཡིན་སྲིད་པ་རེད། གལ་ཏེ་ཁྱོད་ཀྱིས་རང་ཉིད་ཁོ་ནའི་དམིགས་འབེན་འགྲུབ་ཆེད་དང་། རང་ཉིད་ཀྱི་ཡོད་ཚད་ག་གེ་མོའི་རིན་ཐང་མངོན་པར་སྟོད་རྒྱུགས་སྨད་འཁྱམས་ཀྱིས་ཁྱིམ་གཞིས་ལ་མ་རྩ་གསོག་གཉེར་བྱས་ཏེ་བྱ་བཞག་ངོ་མཚར་ཅན་ཞིག་ལེགས་འགྲུབ་བྱུང་སྲིད་ཀྱང་ཁྱོད་ཀྱིས་ཕྱིར་མིག་ཅིག་གིས་བལྟས་ན་རང་གི་རྒྱབ་ཕྱོགས་ཀྱི་ཁྱིམ་གཞིས་དེ་སྔ་ས་ནས་བོར་ཟིན་པས། ཁྱིམ་གཞིས་མེད་པའི་མི་དེ་ནི་ཅིས་ཀྱང་འཚོ་བའི་ཕམ་ཁ་ཉོ་མཁན་གྱི་མི་དེ་རང་རེད།

    དགུ། གལ་ཏེ་ཁྱོད་རང་མཛངས་མ་ཞིག་ཡིན་ན།ཁྱོད་ཀྱིས་བྱ་བ་སོགས་སྒྲུབ་སྐབས་སེམས་ཞིབ་མོའི་སྒོ་ནས་ཐག་གཅོད་བྱེད་དགོས། ཁེ་གྲགས་དང་སྒེར་གཅོད་ཡེ་ན་མི་བསམ་པར་ཞུ། ཤེས་དགོས་པ་ཞིག་ནི་སྐྱེས་མའི་སྙན་གྲགས་ཇི་ལྟར་རྒྱས་ན་དེ་ལ་ངན་བརྗོད་བྱེད་མཁན་གྱི་མི་དེ་ལས་ཀྱང་ཇེ་མང་ནས་ཇེ་ཐུ་རུ་འགྲོ་སྲིད། གང་ལྟར་སྲིད་འཛིན་ལས་རིགས་ཀྱི་མི་སྣ་ཡིན་ཡང་ཆོག་ལ། བརྙན་ཟློས་འཁྲབ་སྟོན་གྱི་མི་སྣ་གྲགས་ཅན་ཡིན་ཡང་ཆོག གལ་སྲིད་མིང་དུ་གྲགས་པའི་སྐྱེས་མ་ཞིག་ཡིན་ཚེ། དེ་ཚོ་ཚང་མར་གཞན་གྱི་མི་ཁ་གཡོ་གཏམ་དང་ངན་དམོད་སྐུར་འདེབས་ཀྱི་གྲི་ཁ་ནས་ནམ་ཡང་ཐར་མྱོང་མེད་པ་མ་ཟད། གཞན་གྱིས་དེ་ཚོར་ལྷུན་ཆགས་བག་ཡོད་དང་ཁྲེལ་ཡོད་ཚུལ་མཐུན་གྱི་སྐྱེས་མ་ཞིག་གི་ལྟ་སྟངས་ནམ་ཡང་བཟུང་མེད་པ་ཡིན།ཁྱོད་ལ་རྒྱལ་མོ་ཝུའུ་ཙེ་ཐན་ལྟ་བུར་བློ་རིག་བཀྲ་བ་དང་དབང་ཐང་རྒྱས་པ། གླུ་མ་སྐད་གྲགས་ཅན་ག་གེ་མོ་ཇི་བཞིན་མཚན་སྙན་ཐོབ་པ་དང་བྱས་འབྲས་ཁྱད་མཚར་ཅན་ཡོད་སྲིད་ཀྱང་རུང་ལ། ཁོ་ཚོ་ལ་སྤྱི་ཚོགས་ལས་མི་གཞན་གྱིས་གདེང་འཇོག་ཅི་ལྟ་བུ་ཐོབ་ཡོད་པར་ཁྱོད་ཀྱིས་བསམ་ཞིབ་ཡང་དག་བྱ་དགོས།

    བཅུ། གལ་ཏེ་ཁྱོད་རང་མཛངས་མ་ཞིག་ཡིན་ན། ཆེས་མཛེས་པའི་སྐྱེས་མ་ནི་ཅི་འདྲ་ཞིག་ཡིན་པ་ཁྱོད་ཀྱིས་ངེས་པར་དུ་ཤེས་དགོས། མཚར་སྡུག་དང་མཛེས་པ་ཡོད་ཚད་ནི་སྐད་ཅིག་ཉིད་ཀྱི་ངོ་མཚར་ཙམ་ཡིན། མཛེས་སྡུག་གི་བྱ་དངོས་ཡོད་ཚད་ཀྱིས་སུ་ཞིག་གི་ཆེད་དུ་དུས་ནམ་ཡིན་ཡང་རང་གི་མཛེས་པ་དེ་མཚམས་བཞག་མྱོང་མེད། ཁྱོད་ཀྱི་བྱད་བཞིན་གྱི་གཟི་མདངས་དེ་ནམ་ཞིག་གི་ཚེ་ཡལ་ངེས་ཡིན་པས་རང་ཉིད་ཀྱི་མཛེས་ཉམས་དེས་རང་གི་མི་ཚེ་ལ་དུས་གཏན་དུ་འགོར་འགྱངས་མི་བྱེད་པར་བྱ་དགོས། ཁྱོད་རང་ད་རུང་གསར་མོ་ཡིན་པའི་དུས་ཚོད་བསམ་འཛིན་བྱས་ཏེ་རང་ཉིད་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། གལ་ཏེ་ཁྱོད་ལ་ལེགས་འཛོམས་ཀྱི་ཤེས་བྱ་དང་ནུས་པའི་བྱང་ཚད་ཡོད་དུས་སུ་ཁྱོད་ཀྱི་མཛེས་སྡུག་གིས་ཁྱོད་རང་སྔར་ལས་ལྷག་པའི་མཚར་ཉམས་དོད་པའི་སྐྱེས་མ་ཞིག་ཏུ་བསྒྱུར་ངེས་ཡིན། འོན་ཀྱང་དེ་ལས་ལྡོག་སྟེ་ཁྱོད་ཀྱི་ཀླད་སེམས་སྟོང་པར་གྱུར་ན། ཁྱོད་ཀྱི་མཛེས་པའི་བྱད་བཞིན་ནི་ཁྱོད་ལ་ཆེས་ཉེན་ཁར་གཏོགས་པའི་ཆག་སྒོ་རུ་འགྲོ་ངེས་ཡིན་ནོ།།

ཁམས་པའི་གསར་འགྱུར་དྲ་བ་ལས་དྲངས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s