གཞོན་སྐྱེས་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ནི། ཕྱི་ལོ་ ༡༩༧༦ལོར་བོད་མདོ་སྨད་ཨ་རིག་གི་ཡུལ་ཏེ། རྒྱ་གཞུང་གིས་བོད་ས་བཅད་བགོས་བྱས་པའི་ད་ལྟའི་ས་ཁོངས་ལྟར་བྱས་ན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་འབྲོང་ལུང་སྡེ་བར། ཕ་མཁས་བཙུན་དང་མ་སྒྲོལ་མ་གཉིས་བུ་རུ་སྐྱེས།གཅེན་གཅུང་ལྔ་ཡོད་པའི་ཁྲོད་ནས་བཞི་དེ་ཡིན། ཆུང་དུས་ནས་བཟུང་ཨ་རིག་སྡེ་བའི་སློབ་ཆུང་དང་རྫོང་སློབ་འབྲིང་དུ་རིམ་པར་འགྲིམས་ཏེ། ༡༩༩༥ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་སློབ་ཞུགས་ཀྱིས་སློབ་མཐར་ཕྱིན་རྗེས། མདོ་ལ་རྫོང་གི་སློབ་འབྲིང་ཞིག་ཏུ་དགེ་རྒན་གྱི་ཕྱག་ལས་གཉེར། རྗེས་སུ་པེ་ཅིན་སློབ་ཆེན་དུ་ཞུགས་ཏེ་ཞིབ་འཇུག་སློབ་མའི་སྡེ་ཁག་ཏུ་མུ་མཐུད་སློབ་གཉེར་གནང་ཡོད་པ་རེད།
༢༠༠༣ ལོར་ཁོང་རྒྱ་གར་ཏུ་བཙོན་བྱོལ་ལ་ཕེབས་ཏེ་སོག་སྒར་སློབ་གྲྭར་དབྱིན་ཡིག་སློབ་སྦྱོང་གི་ཞོར་དུ་ <<ལྷིང་འཇགས་མེད་པའི་ཧི་མ་ལ་ཡ>> ཞེས་པའི་དེབ་དེ་རྒྱ་ཡིག་ཐོག་རྩོམ་བྲིས་གནང་ཡོད་ལ། ༢༠༠༤ ཕྱི་ཟླ་ ༥ ནང་ཕྱིར་བོད་ནང་དུ་ལོག་སྟེ་ལྷ་ས་གྲོང་ཁྱེར་གྱི་སློབ་འབྲིང་ཞིག་ནང་དགེ་རྒན་གྱི་ཕྱག་ལས་གནང་། ལས་ཞོར་དུ་བོད་ཀྱི་ས་ཁམས་ལོ་རྒྱུས་ཀྱི་དེབ་ཅིག་ཀྱང་རྩོམ་འབྲི་བྱེད་མགོ་བརྩམས་ཡོད་ཀྱང་། ༢༠༠༥ ལོའི་ཕྱི་ཟླ་ ༣ ཚེས་ ༩ ཉིན་རྒྱ་གཞུང་ཉེན་རྟོག་པས་ཁོང་འཇུ་བཟུང་བྱས་ཐོག ལོ་དེའི་ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གསང་སྟབས་ཀྱི་སྒོ་ནས། ཁོང་ལ་ “ངན་སྐུལ་བ་དང་རྒྱལ་ཁབ་མགོ་རྟིང་སློག་པ” ཞེས་པའི་ཉེས་མིང་འོག ལོ་ ༡༠ དང་ཟླ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ལྷ་ས་ཆུ་ཤུར་བཙོན་ཁང་དུ་བཙོན་འཇུག་བྱས། ༢༠༠༧ ལོའི་ཕྱི་ཟླ་ ༧ པའི་ནང་མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ལྟེ་གནས་གྲོང་ཁྱེར་ཟི་ལིང་གི་བཙོན་ཁང་དུ་གནས་སྤོར་བྱས་ཀྱིས་དེ་གར་མུ་མཐུད་བཙོན་འཇུག་མནར་གཅོད་མྱོངས་བཞིན་ཡོད། བཙོན་འོག་སྡུག་སྦྱོང་མནར་གཅོད་སྣ་ཚོགས་བཏང་བའི་རྐྱེན་ཀྱིས་ད་ལྟའི་ཆར་ཁོང་གི་གཟུགས་པོའི་གནས་སྟངས་སྐྱོ་བོ་ཆགས་ཡོད་འདུག
༢༠༠༩ ལོར་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ཚོགས་པའི་ངོས་ནས། རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ལ་ཧེལ་མན་ཧམ་མེ་ཊ་གཟེངས་རྟགས་ (Hellman/Hammett) ཀྱང་ཕུལ་ཡོད་པ་དང་། ༢༠༡༢ ལོར་རྒྱལ་སྤྱིའི་སྨྱུག་ཚོགས་ཀྱི་བཙོན་འོག་རྩོམ་པ་པོའི་མཐུན་ཚོགས་དང་རྒྱའི་རང་དབང་སྨྱུག་ཚོགས་གཉིས་ཀྱིས་ངོས་ནས་བཙོན་འོག་རྩོམ་པ་པོའི་གཟེངས་རྟགས་ཕུལ་པ་སོགས། ཁོང་གི་རྩོམ་འབྲིའི་སྙིང་སྟོབས་ལ་ཡི་རངས་གུས་བརྩི་དང་ཆེ་མཐོང་གཟེངས་བསྟོད་བྱས་ཡོད་པ་རེད།
རྩོམ་པ་པོ་ཁོང་གིས་ “ཅི་ནས་ཀྱང་། ངས་བོད་མི་ཡོངས་ཀྱི་མདུན་དུ་པུས་མོའི་ལྷ་ང་ས་ལ་བཙུགས་ནས་རང་ཉིད་ཀྱིས་གང་ཤེས་པ་འབད་པ་ཆེན་པོས་ཁྱེད་ཅག་ལ་ཞུ་པར་འདོད། གཅིག་བྱས་ན་ཁྱེད་ཅག་གིས་སེམས་ནང་ངས་བྱབ་ཆུང་གི་ལས་ཀ་ཞིག་བྱེད་པར་འདོད་མོད། ཕྱོགས་གཞན་ཞིག་ནས་ཁྱེད་ཚོས་ང་རང་དབང་གི་ཆེད་དུ་དགྲ་བོའི་མེ་མདའི་ཁ་རུ་ལངས་བསྡད་ཡོད་པའང་མཐོང་ངེས་ཡིན། གང་ལྟར་འདི་ཚང་མ་ང་ཚོར་རང་དབང་གི་བདེ་སྐྱིད་འཐོབ་ཕྱིར་ཡིན། ” ཞེས་བརྗོད་ཡོད་པ་མ་ཟད། ཁོང་གི་ <བོད་རིགས་སྤུན་ཟླ་ཡོངས་ལ་ཕུལ་བའི་ཡི་གེ་ཞིག> ཞེས་པའི་ནང་དུ། “ང་ཚོ་ཞེད་སྣང་སྐྱེ་མི་དགོས་ལ། མཆི་མ་ཡང་འདོན་མི་དགོས། ང་ཚོར་ངེས་པར་དུ་རྒྱལ་ཁ་ཐོབ་ཡོང་། ཁྱེད་ཚོ་སྟེ། སྙིང་ཉེ་བའི་བོད་རིགས་སྤུན་ཟླ་རྣམ་པ། ངའི་ཤ་ཉེ་ཚོ། ང་ཚོས་ངེས་པར་དུ་ལས་ཀའི་མཐའ་བསྐྱལ་དགོས། ང་ཚོ་ཉིན་ཞིག་གཟི་བརྗིད་ལྡན་པ་ཞིག་ཏུ་འགྱུར་ཐུབ” ཅེས་གདམས་ཡོད།
ངེད་དྲ་ཚིགས།