རྡོ་རྗེ་རིན་ཆེན།

ཉི་མ་བཞུད་ཤུལ། ས་གཞི་མུན་པས་རུམ་པར་གྱུར།

བདག་གསོམ་སྡོང་ཁེར་སྐྱེས་ཤིག་དང་ལྷན་དུ་འགྲེང་ནས་ལྟ་དུས།

ཁོ་མོའི་མགུལ་གྱི་རིན་ཆེན་ཕྲེང་རྒྱུད་ཉིད་ས་རུ་ཐོར་བ་ལྟར།

རི་ཞོལ་གྱི་གྲོང་རྡལ་དག འོད་ཆེམ་ཆེམ་དུ་གྱུར་ནས་གདའ།

 

བདག་གྲོང་གསེབ་ཀྱི་ལམ་ཕྲན་དེ་བརྒྱུད་ནས་འགྲོ་སྐབས།

ཟླ་བ་ནི་ནམ་མཁའ་ནག་པོ་དེའི་བྲང་སྐྱེས་དོ་ཤལ་བཞིན་གསལ་ཞིང་།

སྐར་ཚོམ་ཁྱུ་གཅིག་ཀྱང་དེའི་ཉེ་འཁྲིས་སུ་འོད་མདངས་འཕྲོ་ནས་མཆིས།

བདག་གིས“མཚན་མོ་འདི་ཁྱོད་ཀྱི་སྐྲ་ལོ་བཞིན་ཤིན་ཏུ་གནག”

“ཟླ་བ་འདི་ཁྱོད་ཀྱི་བཞིན་རས་ལྟར་ཤིན་ཏུ་སྒོར”ཞེས།

ཁོ་མོར་དེ་ལྟར་བརྗོད་འདོད་སྐྱེས།

 

ཁྱིམ་གྱི་སྒྲོན་མེ་སྦར་མེད་པས། བདག་གིས་མྱུར་སྟབས་ཀྱིས་སྒོ་མོ་ཕྱེས་ཏེ།

བདག་ཁྱིམ་གྱི་མུན་པའི་གཏིང་གཏིང་དུ། དྲན་ཤེས་ཀྱི་ལག་པ་བསྲིངས་ནས།

མལ་ཁྲིའི་གཞོགས་ཀྱི་སྒྲོན་མེ་སྦར་ཞིང་། དེ་དང་ལྷན་བདག་གཉིད་དུ་ཡུར།

 

མཚན་དཀྱིལ་དུ། ཁོ་མོ་རྨི་ལམ་བཞིན་བདག་གི་རྨི་གུང་དུ་ཞུགས།

རྨི་ལམ་དེ་གཙང་བོ་ལྟར། མཚན་གང་བོར་བདག་གི་མནལ་ལམ་དུ་བཞུར།

དབེན་འཇགས་ཀྱི་གཙང་འགྲམ་དེར། བདག་གིས་ཁོ་མོའི་དྲི་ངད་དང་གསུང་གླེང་ཚོར།

 

མཐིང་མདོག་གི་ཞོགས་པའི་ནམ་མཁའ་རུ། ཚེར་སྣེ་ལྟར་རྣོ་བའི་ཉི་ཟེར་གྱིས།

ཤིང་སྡོང་དག་གི་སྐེ་རུ་དམའ་མོར་འཁྱུད་པའི་སྨུག་ཤག་གི་སེང་རས་བརྟོལ་ཞིང་།

ཆར་རྡུལ་གྱི་རི་མོ་གསལ་བའི་སྒེའུ་ཁུང་བརྒྱུད། ཐག་རིང་ནས་འཕྲོས་འོངས་པའི་ཉི་ཐིག་གི་མེ་ཏོག

བདག་གི་མལ་ཁྲིའི་སྟེང་དུ་འཐོར་བར་གྱུར།

དེ་ནི། ཟླ་བཞི་བའི་ཟླ་མགོ་ཞིག་སྟེ།

 

ཉི་འོད་དྲོ་ཞིང་བསིལ་རླུང་འཇམ་པའི་ནངས་མོ་ཞིག་ལགས་ཤིང་།

དེ་དུས་ནི། བྱེའུ་དག་ཀྱང་རྒྱང་རིང་ནས་འཕུར་ཏེ། གྱ་གྱུར་གྱི་གསུང་སྙན་སྒྲོག་ཆེད།

ཡུལ་འདིའི་ནགས་ཀློང་དུ་འཛོམས་པར་གྱུར།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: