ཨ་མགར་བཟའ།

 སྔ་མོ་ནས་མིག་གི་གཏིང་མཐར་འཁྱིལ་བའི་དུས་ཚིགས་རིང་མོ་ཀླག་མི་ཚར་བའི་སེམས་པར་ཆུ་རིས་ལྟར་འཁོར་དུས

ཤ་ཆང་གི་བག་སྟོན་རེ་རེ་མུན་ནག་གི་གསོལ་རས་ཨེ་ཡིན

 

ཕྱོགས་བཞི་འུར་ཟིང་གིས་བསླངས་པའི་དུས་ཚིགས་འདི་ན

ལས་དབང་གི་ཡིག་འབྲུ་འཐུ་བའི་སློང་མོ་བ་ག་ཚོད་ཡོད

 

རིང་དྲགས་པའི་མཚན་མོ་འདི

ཇག་ཚོགས་མེད་པའི་ཐུན་མཚམས་ན་འདར་བཞིན་འདུག

འུར་སྒྲ་འཇགས་པའི་མུན་ནག་གི་ཀློང་ན་འདར་བཞིན་འདུག

 

ཝེ། མགོ་བོ་ཁྱོགས་དང་།

ད་ནི་གོས་རྒྱན་བྲལ་བའི་བེམ་པོའི་ཚོགས་དུར་ཁྲོད་ལ་བསྐྱལ་རན

འོད་སྣང་ཁོ་ན་འཚོ་སྡོད་ཀྱི་ཚེ་སྲོག་ཡིན་པས

བདག་གི་སྙིང་ཉེ་བའི་ས་གཞི་དང་གཙང་བོ་ཡ

ཁྱེད་རང་ཅིས་ཀྱང་ངག་སྒྲོས་ཐེད་པོ་འདིའི་ཀློང་རུམ་ནས་གཉིད་དུ་མ་གཟིམ

 

སུས་ཀྱང་རྙེད་ཆོག་པའི་སང་ཉིན་ལ་རྒྱང་ཐག་རིང་ན་ཡང་

རྨི་ལམ་གྱི་སྒོ་མོ་དལ་གྱིས་ཕྱེས་དང་

ཚེ་སྲོག་ཡོད་ཚད་རང་དབང་དང་བསྐྱར་གསོན་ལ་བྲེལ་བཞིན་པ་མ་ཡིན་ནམ

 

རོལ་དབྱངས་འཇགས་པའི་འགྲུལ་བཞུད་ནག་པོ་འདི

སུ་ཞིག་གི་བྲང་གཞུང་ན་འཁྱིལ་བའི་ཁྲག་རིས་དེའི་དམར་ཐིག་ཡིན་ནམ

 

སྟ་གོན་ཅི་ཡང་མེད་པའི་སྔ་རོལ་ཏུ

ཁྲུང་ཁྲུང་གི་ཁྱུ་ཚོགས་ཕྱི་རོལ་ལ་འཕུར་སྔ་ནའང

ཅིས་ཀྱང་འཁྱག་མི་སྲིད་པའི་

གླེགས་བམ་ཐེད་པོ་ཞིག

སུ་ཚང་གི་སེམས་ཀྱི་མལ་གདན་ན་ལྷག་ཡོད

 

དྲོད་ལམ་ལམ་གྱི་ཚོར་བའི་ཕྱི་ནང་ལ་གས་ཆག་ག་ཙམ་ཤོར་ཡང་

གསོན་ཆོག་ཆོག་གི་རྣམ་ཤེས་ཅིས་ཀྱང་དུར་དུ་མ་སྦས

 

དོན་དངོས་སུ་ས་ཁྲ་བོར་ཟིན་པའི་ཤོར་མ་ཁེར་རྐྱང་དེ

ལོ་ངོ་སྟོང་ཕྲག་གི་མངའ་ཐང་འཚོལ་བའི་རྨི་ལམ་ལ་བྲེལ་ཡོད

 

སྟོན་ཁ་ཡལ་ཟིན་པའི་དུས་ཚིགས་སྐྱ་བོ་འདི

སུ་ལ་ཡང་དབང་ཆོག་པའི་དགུན་ཟླ་མཐའ་མ་མིན་པས

ཁྱེད་རང་ཅིས་ཀྱང་བདག་གི་སྟོན་གཞུང་ལ་གསེར་མདོག་གིས་སྨིན་ཤོག

 

མུན་པ་ནག་པོ་འདིའི་གཏམ་རྒྱུད་དང་དབྱངས་འགྲོས་ཁྱེར་ནས

སང་ཉིན་གྱི་ནམ་མཁའ་དང་ས་གཞི་ལ་ཕེབས་ཤོག

བདག་གི་རྒྱང་རིང་གི་རྨི་ལམ

༢༠༡༤   ༩   ༡༥སྟག་དགོན་དུ་བྲིས།

 ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: