༄༅། །ཉེ་ཆར་འཛམ་གླིང་ནང་གི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཆེས་མཐོའི་མི་སྣ་བཅུ་བཞིས་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཇེ་ཀོབ་ཛུ་མ་ (Jacob Zuma ) མཆོག་ལ་ཐུན་མོང་གི་མཚན་རྟགས་བཀོད་པའི་ཞུ་ཡིག་ཤིག་ཕུལ་བའི་ནང་བོད་ཀྱི་ ༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཐེངས་འདིར་ལྷོ་ཨ་ཕི་རི་ཀའི་ནང་ཆིབས་སྒྱུར་བསྐྱང་ཆེད་མཐོང་མཆན་འབུལ་ལམ་ཞུ་དགོས་པའི་རེ་འདུན་བཏོན་འདུག

          དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༣ ནས་ ༡༥ བར་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཌི་ཀ་ལཀ་ (F.W.de Klerk )དམ་པ་དེ་ཉིད་ཀྱི་ཐེབས་རྩ་ཁང་གིས་གོ་སྒྲིག་འོག ལྷོ་ཨ་ཕི་རི་ཀའི་གྲོང་ཁྱེར་ཀེབ་ཊོན་(Cape Town) ནང་འཛམ་གླིང་ནང་གི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་ཆེས་མཐོའི་མི་སྣའི་ལྷན་ཚོགས་ཐེངས་ ༡༤ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུའི་གསོལ་འདེབས་ཞུས་ཡོད་ཀྱང་། རྒྱལ་ཁབ་དེའི་གཞུང་ངོས་ནས་མགོན་པོ་གང་ཉིད་མཆོག་ལ་མཐོང་མཆན་འབུལ་ལམ་ཞུས་མེད་པར་བརྟེན། གནད་དོན་འདིའི་ཐད་འཛམ་གླིང་ནང་གི་ནོ་བེལ་གཟེངས་རྟགས་བཞེས་མྱོང་མཁན་ཆེས་མཐོའི་མི་སྣ་བཅུ་བཞི་ཐུན་མོང་གིས་མཚན་རྟགས་བཀོད་པའི་ཞུ་ཡིག་ཅིག་ཉེ་ཆར་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ལས་ཐོག་སྐུ་ཞབས་ཇེ་ཀོབ་ཛུ་མ་མཆོག་ལ་ཕུལ་ཏེ། རྒྱལ་ཁབ་འདིའི་ངོས་ནས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་མཐོང་མཆན་འབུལ་ལམ་ཞུ་དགོས་པའི་རེ་འདུན་བཏོན་འདུག་པ་མ་ཟད།

         ལྷོ་ཨ་ཕི་རི་ཀའི་གཞུང་ངོས་ནས་ཐེངས་འདིར་སླར་ཡང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་མཐོང་མཆན་འབུལ་ལམ་མ་ཞུས་པ་ནི། རྒྱལ་སྤྱིའི་ཁྲོད་ལྷོ་ཨ་ཕི་རི་ཀའི་རྒྱལ་ཁབ་ཀྱིས་རང་ཉིད་ཀྱི་ཆེ་མཐོང་མེད་པ་བཟོས་པར་བློ་འཚབ་ཡོད་སྐོར་གསུངས་འདུག ཐེངས་འདིར་༸གོང་ས་མཆོག་ལ་མཐོང་མཆན་འབུལ་ལམ་ཞུ་སླད་ཞུ་ཡིག་ཕུལ་མཁན་ནོ་བེལ་གཟེངས་རྟགས་བཞེས་མྱོང་མཁན་ཆེས་མཐོའི་མི་སྣ་བཅུ་བཞིའི་ཁོངས་ལེ་ཆི་ཝ་ལེ་ས་(Lech Walesa) མཆོག་དང་། བྷང་ག་ལ་དེ་ཤིའི་སྒེར་གྱི་ཚོང་ལས་གཉེར་མཁན་མི་ཧ་མ་དི་ཡོ་ན་སི་ (Muhammad Yunus) མཆོག ཨི་རན་གྱི་ཁྲིམས་རྩོད་པ་ཤི་རིན་ཨི་བྷ་དི་ (Shirin Ebadi) མཆོག ལ་ཡེ་བྷེ་རི་ཡན་གྱི་ལས་འགུལ་བ་ལེ་མཱ་ (Leymah Gbowee) མཆོག བྱང་ཨ་རི་ཤིའི་ཞི་བདེ་འགོ་ཁྲིད་སྐུ་ཞབས་ཌེ་ཝི་ཌ་ཊི་རིམ་བྷལ་ (David Trimble) མཆོག་དང་ཇོན་ཧུམ་ (John Hume) སོགས་ཡིན་འདུག ཁོང་རྣམ་པས་ཕུལ་བའི་ཞུ་ཡིག་དེའི་ནང་ལྷོ་ཨ་ཕི་རི་ཀའི་གཞུང་ངོས་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཐོང་མཆན་འབུལ་ལམ་ཞུ་མིན་གྱི་གནད་དོན་འདི་བཞིན་འཚོ་བ་རྣོ་བའི་གནད་དོན་མང་པོ་ཞིག་དང་འབྲེལ་བ་ཆགས་ཀྱི་ཡོད་ཀྱང་།

       ད་ལྟའི་ཆར་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་གང་ཡང་མ་བཞེས་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཁོ་ན་ཆགས་ཡོད་སྟབས། ལྷོ་ཨ་ཕི་རི་ཀའི་གཞུང་ངོས་ནས་ཐེངས་འདིར་བོད་ཀྱི་ ༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་རྒྱལ་སྤྱིའི་ཁྲོད་ཆེ་མཐོང་ལྡན་པའི་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་གི་མཚན་ཐོག་ནས་རིང་མིན་ཡུལ་དེར་འཚོགས་རྒྱུའི་ནོ་བེལ་ཞི་བདེའི་ལྷན་ཚོགས་དེའི་ཐོག་ལྷན་ཞུགས་མཛད་ཐུབ་ཆེད་མཐོང་མཆན་འབུལ་ལམ་ཞུ་དགོས་པའི་འབོད་སྐུལ་ནན་པོ་ཞུས་འདུག སྤྱིར་བཏང་འདས་པའི་ལོ་ལྔའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཨ་ཕི་རི་ཀའི་ནང་ཐེངས་གསུམ་གདན་ཞུའི་གསོལ་འདེབས་ཞུས་ཡོད་ཀྱང་། ཡུལ་དེའི་གཞུང་གི་ངོས་ནས་མགོན་པོ་གང་ཉིད་མཆོག་ལ་རྒྱལ་ཁབ་དེའི་ནང་ཆིབས་སྒྱུར་བསྐྱང་ཆེད་མཐོང་མཆན་འབུལ་ལམ་ཞུས་མེད། །

ཡོང་ཁུངས་བོད་གཞུང་དྲ་བ།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading