འོད་དཀར།

  དགྱ་དམར་གཞུང་གིས་དུས་ད་ལྟའི་བར་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་ཅིག་དམར་གསོད་དང་ལྟོགས་ཤི་སོགས་ཀྱིས་བསད་ཡོད་པ་རེད། དཔའ་བོ་ཐུབ་བསྟན་དངོས་གྲུབ་དང་དཔའ་བོ་བཀྲ་བྷེ་གཉིས་ཀྱིས་གཙོས་པའི་བོད་གཞིས་བྱེས་གཉིས་ཀྱི་དཔའ་བོ་དཔའ་མོ ༡༣༠ ལྷག་གིས་རང་ཉིད་ཀྱི་གཅེས་པའི་སྐུ་ལུས་མེ་མཆོད་ལ་ཕུལ་ནས་ངོ་རྒོལ་བྱེད་སའི་གནས་ཀྱང་དགྱ་དམར་གཞུང་འདི་ཉིད་ཡིན་པ་གསལ་བོ་ཡིན། འོན་ཀྱང་བོད་མི་དམངས་སྤྱི་འཐུས་ཞིག་གིས་བོད་གཞིས་བྱེས་གཉིས་ཀྱི་རེ་བ་བཅོལ་སའི་ཆེས་མཐོ་བའི་སྡིངས་ཆ་འདི་བེད་སྤྱད་ནས་དགྱ་དམར་གཞུང་གི་དཔོན་པོར་ཕེབས་བསུ་བྱེད་དགོས་ཟེར་བ་ནི་ཅི་ཞིག་ཡིན་ནམ། དུས་ད་ལྟའི་འཛམ་གླིང་གི་ལོ་རྒྱུས་ནང་དུ་རྒྱབ་ཁབ་ཅིག་གམ་ཡང་ན་མི་རིགས་ཤིག་གི་རང་དབང་འཐབ་རྩོད་ཀྱི་བརྒྱུད་རིམ་ཁྲོད་ཁ་གཏད་ཀྱི་ཚོགས་པ་དེ་ལ་ངོ་རྒོལ་བྱེད་མ་ཐུབ་པར་སྡར་མའི་ངང་ཚུལ་བཟུང་ནས་རང་དབང་ཐོབ་སོང་པའི་ཟིན་ཐོ་ཞིག་བསྐྲུན་པ་སུ་ཞིག་གིས་མཐོང་ཐོས་མྱོང་གསུམ་ཡོད། གསུམ་གཉིས་ས་ཡི་འཁོར་ལོར་དབང་བསྒྱུར་བྱེད་མྱོང་པའི་བཙན་པོའི་སྙིང་སྟོབས་འདི་འདྲ་ཞིག་ཡིན་ནམ། གལ་སྲིད་ཁྱེད་ཀྱིས་དགྱ་དམར་གཞུང་གི་དཔོན་རིགས་ཚོར་སྤྲེལ་ལད་ཅིག་འཁྲབ་དགོས་བསམ་ན་ངོ་མ་དགོད་སྤྲོ་བ་ཞིག་དང་ལོ་རྒྱུས་ཀྱི་ནག་ཉེས་ཤིག་མ་རེད་དམ།

    ༼ཕེབས་བསུ་ངོ་རྒོལ་༽ཟེར་བ་འདིའི་མིང་བྱང་གཅིག་པུ་ནས་ལྟོས་དང་བོད་ཀྱི་རིག་གནས་བརྡ་དོན་ཟུར་ཙམ་ཞིག་ལ་ཆ་རྒྱུས་མེད་པ་གསལ་བོ་རེད། ར་མགོ་ལུག་སྦྱར་གྱི་བརྡ་དོན་འདི་འདྲ་ཞིག་ཆེས་མཐོ་བའི་སྡིངས་ཆ་འདི་ནས་བཤད་པ་ནི་བསམ་ཞིང་བསམ་ན་སྐྱོ་དགོས་པ་ཞིག་རེད་ལ། བོད་མི་མང་གི་ངོ་ཚབ་ཡིན་པའི་འགན་ཁུར་དེ་གང་དུ་བོར་སོང་བ་ཡིན། ང་ཚོ་སྐྱབས་བཅོལ་ལ་སླེབས་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ་གང་དུ་བོར་སོང་པ་རེད།

       ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་ས་དགྱ་དམག་གིས་བཟུང་ཞིང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་ཤག་ཕོ་བྲང་ནོར་བུ་གླིང་གར་མེ་སྒྱོགས་བརྒྱབ་པས། ༧གོང་ས་མཆོག་སྐུ་འཁོར་ལྷན་རྒྱས་གཙོས་པའི་བོད་མི་གང་མང་ཞིག་དགྱ་དམར་གྱི་མེ་མདས་དེད་དེ་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་བའི་ཁྲག་དྲི་བྲོ་བའི་ལོ་རྒྱུས་དེ་ད་དུང་མ་ཡལ་པར་གནས་ཡོད་པ་མ་མཐོང་ངམ། ད་དུང་བོད་ཁུལ་གྱི་དགོན་སྡེ་ཁག་གཏོར་བཅོམ་དང་ཕ་མེས་རིང་གི་རྒྱུ་དངོས་རྟ་ནོར་ལུག་གསུམ་གཙོས་པའི་རིན་ཐང་གཞད་དུ་མེད་པའི་གནའ་རྫས་རྩ་ཆེན་གྲངས་ཀྱིས་མི་ལང་པ་བཙན་འཕྲོག་བྱས་མྱོང་བ་བརྗེད་སྲིད་དམ། སྤྱིར་ན་ང་ཚོ་སྐྱབས་བཅོལ་ལ་སླེབས་ནས་ཅིས་ཀྱང་བསྒྲུབ་དགོས་པའི་འགན་ཁུར་ནི་མི་རིགས་མ་ཉམས་རྒྱུན་འཛིན་དང་ཆོས་དང་རིག་གཞུང་མ་ཉམས་རྒྱུན་འཛིན། བོད་ཀྱི་རྒྱལ་ཁབ་སླར་གསོ། བོད་ཀྱི་ཡ་ང་བའི་སྡུག་བསྔལ་འཛམ་གླིང་མི་མང་གི་མིག་ལམ་དུ་སྟོན་རྒྱུ་བཅས་ནི་གལ་ཆེན་རང་བཞིན་ཅན་ཡིན་པ་སྨྲོས་ཅི་དགོས། འོན་ཀྱང་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་མི་རིགས་སྲུང་སྐྱོབ་གཉིས་ནི་ང་ཚོས་གཞིས་སྡོད་མི་དམངས་ལ་མིག་དཔེ་ལྟ་དགོས་པ་ཞིག་བྱུང་བཞིན་པ་དངོས་ཡོད་གནས་ཚུལ་རེད། རྒྱུ་མཚན་མང་ཡང་ཚིག་ཉོག་ལ་དོགས་ནས་བྲིས་མེད། གཞན་རང་གི་མེས་པོའི་རྒྱལ་ཁབ་སླར་གསོ་དང་གཞིས་ལུས་རྒྱ་ཆེ་མི་མང་ལ་དགྱ་གཞུང་གིས་ཁྲིམས་མེད་ལུགས་མེད་ཀྱིས་མནར་གཅོད་གཏོང་བཞིན་པ་དེ་རྒྱལ་སྤྱིའི་སྟེང་ཁྱབ་བསྒྲགས་བྱ་རྒྱུ་ནི་ང་ཚོའི་ལས་འགན་གཙོ་བོ་ཆགས་ཡོོད། ལྷག་པར་དུ་ཕྱི་མ་འདི་ང་ཚོས་ངེས་པར་དུ་བསྒྲུབ་དགོས་པ་ཞིག་རེད། དེས་ན་བོད་ནང་གི་སྡུག་བསྔལ་དང་བཙན་གནོན།མནར་གཅོད་སོགས་རྒྱལ་སྤྱིའི་མི་མང་གི་མིག་ལམ་དུ་སྐྱེལ་དགོས་ན་དགྱ་ནག་གི་དཔོན་རིགས་མཐོ་དམན་སུ་ཞིག་ཕྱི་རྒྱལ་ཁག་ལ་སླེབས་ན་དེ་ལ་ངོ་རྒོལ་དང་མི་འདོད་པའི་རྣམ་འགྱུར་སྟོན་དགོས་པ་ནི་དོན་དངོས་ཀྱི་བདེན་པ་མ་ཡིན་ནམ། འདི་ནི་བོད་དོན་ཁྱབ་བསྒྲགས་བྱེད་རྒྱུའི་གོ་སྐབས་བཟང་ཤོས་ཤིག་ཀྱང་ཡིན། ང་ཚོས་ཕྱོགས་གཅིག་ནས་དགྱ་དམར་གཞུང་གི་དཔོན་རིགས་ཚོར་དགའ་བསུ་བྱས། ཕྱོགས་གཅིག་ནས་རྒྱལ་སྤྱིའི་མི་དམངས་ལ་ ʼʼང་ཚོར་རང་དབང་མེད། འགྲོ་བ་མིའི་ཐོབ་ཐང་མེད,,ཅེས་བརྗོད་ན་སུ་ཞིག་གིས་ཡིད་ཆེས་བྱེད་ཀྱི་རེད། བྱིས་པ་ཞིག་གིས་ཀྱང་ཤེས་པའི་གནས་ལུགས་འདི་ཙམ་ཡང་སེམས་སུ་འཁོར་མི་ཐུབ་པ་ནི་ཅི་འདྲའི་བློ་ཕམ་དང་ཡིད་སེམས་སྐྱོ་དགོས་པ་ཞིག་མ་རེད་དམ།

   ད་ནི་ང་ཚོ་སྐྱབས་བཅོལ་བའི་མིང་བྱང་འོག་བསྡད་ནས་དགྱ་གཞུང་ལ་ངོ་རྒོལ་ཙམ་ཡང་བྱེད་རྒྱུའི་སྤོབས་པ་མེད་མཁན་དག་གིས་ཁ་དང་ལག་པ་ལྟེབ་ཚིགས་བརྒྱབ་ནས་དགྱ་ནག་གཞུང་ལ་མགོ་འབུལ་ལུས་འབུལ་བྱོས་དང་ཡག་ཤོས་རེད། ཡིན་ཡང་ལོ་རྒྱུས་ནི་ནམ་ཡང་བདེན་པ་ཞིག་ཡིན་པས། དེས་རྣམ་པ་ཀུན་ཏུ་ཁྱེད་ཚོ་གུ་ཡངས་སུ་གཏོང་མི་སྲིད་པ་ཡང་ཆོས་ཉིད་རེད།

ངེད་དྲ་ཚིགས།

2 thoughts on “སྤྱི་འཐུས་ཞིག་ལ་སྐད་དུ།

  1. penpa ཕྱི་ལོ། ༢༠༡༤ ཟླ། ༠༩ ཚེས། ༢༩ at ༣:༥༦ pm

    ཐབ་སྐྱོ་བའི་སྤྱི་མཐུས་ཀྱིས་གསུང་བཤད་དེ་ནང་དཔའ་བོ་ཐུབ་སྟན་དང་བཀྲིས་གཉིས་ཐེར་བསྟོན་བྱེད་དགོས་དོན་མི་འདུག། བོད་ནང་གི་སྐུ་ལུས་མེ་སེགས་སྟོང་མཁན་གི་དཔའ་བོ་རྣམས་སོགས་སྒྲའི་ནང་སྡུས་ནི་གཙན་དབྱོལ་བོད་མའི་ཁ་མདོག་ངོམ་ལས་བཤེས་ཡོན་ལྡན་པའི་སྤྱི་མཐུས་ཤིག་རེད་མི་འདུག།

  2. ལྷ་བུ། ཕྱི་ལོ། ༢༠༡༤ ཟླ། ༡༠ ཚེས། ༡༤ at ༣:༤༡ pm

    སྐུ་ཉིད་ཀྱི་རྩོམ་ཡིག་བཀླགས་ཟིན། ལར་ཞེན་དོར་མ་མྱོང་པའི་སྐུ་ལོ་ཆུང་ཆུང་། སྐུ་ཚེ་བརྟན།

དཔྱད་མཆན་སྤེལ།

%d bloggers like this: