སློབ་མའི་རང་བཀུར་གྱི་བསམ་བློ་སྐོར།

༄༅།།སློབ་སྦྱོང་ཞན་པའི་སློབ་མའི་རང་བཀུར་གྱི་བསམ་བློ་སྐྱོང་བའི་སྐོར་ཅུང་ཟད་བཤད་པ།

རྒྱ་གྲོལ།

       སློབ་མ་ཞིག་སྐྱོང་བ་ནི་དགེ་རྒན་གྱི་འོས་འགན་གཙོ་བོ་ཡིན། ཡིན་ནའང༌། སློབ་མ་བཟང་བོ་ཞིག་སྐྱོང་བ་ནི་ཚིག་གིས་བཤད་པ་ལྟ་བུའི་སླ་མོ་ཞིག་མིན་ལ་མི་ཡི་རེ་བ་ཇི་བཞིན་འབྱུང་སྲིད་པ་ཞིག་ཀྱང་མིན་པས་དེ་ལ་ཆེད་དུ་ཞིབ་འཇུག་དང་ལག་ལེན་ཟུང་འབྲེལ་གྱིས་བརྩོན་པ་རྒྱ་ཆེན་པོ་བསྟེན་དགོས་པ་རེད། སློབ་མ་ལེགས་པོ་ཞིག་གསོ་སྐྱོང་བྱེད་ཐུབ་མིན་དེ་མདོར་བསྡུས་ན་སློབ་མའི་སེམས་ཁམས་བཞིན་སློབ་གསོ་གཏོང་ཐུབ་མིན་ལ་རག་ལས་ཡོད། སེམས་ཁམས་དང་བསྟུན་ནས་སློབ་གསོ་གཏོང་ཐུབ་མིན་དེ་གནད་བསྡུས་ནས་བཤད་ན་སློབ་མར་རྒྱུས་ལོན་བྱ་ཐུབ་མིན་ལ་རག་ལས་ཡོད། དེ་བས་སློབ་མར་རྒྱུས་ལོན་བྱེད་པ་ནི་དགེ་རྒན་ཞིག་གིས་གནད་ཆེ་ལ་ཆེས་འབད་པ་བྱ་དགོས་པའི་ལས་དོན་གལ་ཆེན་ཞིག་ཡིན། སློབ་མ་རྣམས་ཀྱི་སེམས་ཁམས་མི་འདྲ་བ་དང་གཤིས་རྒྱུད་མི་འདྲ་བའི་དབང་གིས་སློབ་མར་རྒྱུས་ལོན་བྱེད་པ་ཆེས་དཀའ་བའི་དོན་ཞིག་ཡིན་ལ་ཆེས་རྙོག་འཛིང་ཆེ་བའི་དོན་ཞིག་ཀྱང་ཡིན། ང་ཚོས་སློབ་མར་རྒྱུས་ལོན་བྱུང་བའི་མྱོང་བ་ལ་བལྟས་ན་སློབ་མ་ཐམས་ཅད་ལ་འདྲ་མཉམ་གྱི་སེམས་ཚུལ་ཡོད་པར་འཛིན་མི་རུང་སྟེ་སློབ་མ་ལ་ལར་བསྟོད་པ་བྱས་ན་འོས་ལ་ལ་ལར་སྐྱོན་བརྗོད་བྱས་ན་འགྲིག སློབ་མ་ལ་ལར་གནས་ལུགས་བཤད་ན་འགྲིག་ལ་སློབ་མ་ལ་ལར་གནས་ལུགས་བཤད་ན་གོ་ཅི་ཡང་མི་ཆོད། སློབ་སྦྱོང་ལ་བཟང་བའི་སློབ་མར་མཚོན་ན་ཁོ་ཚོ་ལ་བསྟོད་པ་བྱས་ན་མུ་མཐུད་དུ་བརྩོན་སེམས་སྐྱེ་བ་ནི་སྤྱིའི་ཆ་ནས་འདྲ་ན་ཡང་སློབ་སྦྱོང་ཞན་པའི་སློབ་མར་མཚོན་ན་ཁོ་ཇི་ལྟར་བྱས་ན་སློབ་སྦྱོང་ལ་དགའ་བ་དང་ཇི་ལྟར་བྱས་ན་སློབ་སྦྱོང་ལ་བརྩོན་སེམས་འབྱུང་བ་ནི་དགེ་རྒན་རྣམས་ལ་མཚོན་ན་ཆེས་གལ་འགངས་ཆེ་བའི་གནད་དོན་ཞིག་རེད།

      དེང་གི་སློབ་སྦྱོང་མི་བཟང་བའི་སློབ་མ་དང་ཁྱད་པར་སློབ་སྦྱོང་ལ་མི་དགའ་བའམ་འཛིན་གྲྭ་ལས་ཆེས་སྡུག་པའི་སློབ་མ་ལ་དཔྱད་ན་སྦྱངས་འབྲས་མི་ལེགས་པ་དེས་དགེ་རྒན་དང་སློབ་མ་རྣམས་ཀྱིས་མིག་ནང་དུ་མི་འཇོག་པས་བྱིས་པའི་སེམས་ཁམས་ལ་གནོད་ནས་རང་བཀུར་གྱི་བསམ་བློ་ཤོར་ཏེ་རང་ཉིད་འཛིན་གྲྭ་ལས་ཆེས་ཐ་ཤལ་ཡིན་པ་དང་རང་ཉིད་ལ་རིན་ཐང་ཅི་ཡང་མེད་སྙམ་པས་སློབ་སྦྱོང་མི་བྱེད་པའི་ཁར་སློབ་བཤོལ་བྱེད་པའི་བསམ་བློ་ཡང་འཁོར་བཞིན་ཡོད་པ་རེད། དེ་ནི་སློབ་མ་དེ་ཡར་བསྐྱེད་མི་འབྱུང་བའི་གནད་འགག་ཆེན་པོ་ཞིག་ཡིན་པ་རེད། སློབ་སྦྱོང་ལ་མི་བཟང་བའི་སློབ་མ་ཡིན་ན་དེ་འཛིན་གྲྭ་ལས་ཆེས་ཐ་ཤལ་ཡིན་པའི་ངེས་པ་གཏན་ནས་མེད་ལ་འཛིན་གྲྭ་ལས་ཆེས་བཟང་བོ་མིན་པའི་ངེས་པའང་གཏན་ནས་མེད། རྒྱུ་མཚན་ནི་ཁོའམ་ཁོ་མོར་ནུས་པ་ག་འདྲ་ཡོད་པ་དེ་དགེ་རྒན་དང་སློབ་མ་སུས་ཀྱང་ཤེས་མེད་ལ། ཐ་ན་རང་ཉིད་ཀྱིས་ཀྱང་ཡིད་ཆེས་བྱེད་ཀྱིན་མེད་པའི་རྐྱེན་གྱིས་རེད། གལ་ཏེ་གསོ་སྐྱོང་མ་བྱས་ན་ཁོ་ཆེས་ཐ་མ་ཞིག་ཏུ་མི་འགྱུར་བའི་ངེས་པ་གཏན་ནས་མེད། མི་སུ་ཡིན་རུང་རང་ཉིད་ལ་གཞན་དང་འདྲ་བའི་ནུས་པ་ཞིག་ཡོད་མོད་གཞན་དང་འདྲ་བའི་རང་བཀུར་གྱི་སེམས་པ་ཞིག་མེད་པས་རང་ཉིད་གཞན་དང་མི་འདྲ་བར་གྱུར་པ་མ་ཟད་ཐ་ན་ཆེས་ཐ་ཤལ་ཞིག་ཏུ་གྱུར་པ་རེད།མི་ཞིག་རང་ཉིད་ལ་གཞན་དང་འདྲ་བར་བྱ་བ་གང་ཞིག་ལའང་འཇུག་ཐུབ་ལ་བྱ་བ་གང་ཞིག་ཀྱང་བསྒྲུབ་ཐུབ་པའི་སྤོབས་པ་དགོས་ལ་དེ་མེད་ན་རང་ཉིད་མི་དང་གཏན་ནས་འདྲ་མི་སྲིད་དོ། །

       སློབ་མ་ཞིག་ལ་མཚོན་ན་རང་ཉིད་གཞན་ལས་ཆེས་དམན་པར་བཟུང་ན་ཁྱོད་རང་གཞན་ལས་ཆེས་ཐ་ཤལ་དུ་འགྱུར་སྲིད། རྒྱུགས་འབྲས་ནི་མིག་སྔའི་སློབ་སྦྱོང་བྱས་མིན་གྱི་ཚད་གཞི་ཞིག་ལས་སློབ་མ་དེ་འཛིན་གྲྭ་དེ་ལས་ཆེས་ཐ་ཤལ་ཞིག་ཡིན་པ་མཚོན་མི་ཐུབ་ལ། དེ་རིང་གི་རྒྱུགས་འབྲས་དམན་པ་དེས་སང་ཉིན་གྱི་རྒྱུགས་འབྲས་ག་འདྲ་ཡིན་པ་དེ་བས་ཀྱང་མཚོན་མི་ཐུབ།དེ་བས་རྒྱུགས་འབྲས་ལ་བརྟེན་ནས་སློབ་མ་དེའི་ཚད་གཞི་འཛིན་པ་ནི་དགེ་རྒན་གྱི་ནོར་འཁྲུལ་ཡིན་ལ།ད་ལྟའི་སློབ་གྲྭ་དག་གི་ནོར་འཁྲུལ་ཡིན་པ་དེ་རྒྱུགས་འབྲས་དམན་པའི་སློབ་མ་དག་ལ་ཤེས་སུ་འཇུག་རྒྱུ་ནི་ཤིན་ཏུ་གལ་ཆེའོ། །
       རྒྱུགས་འབྲས་དམན་པའི་སློབ་མ་མང་བོ་ཞིག་ལ་གཞན་གྱི་མཐོང་ཆུང་གིས་རང་བཀུར་གྱི་བསམ་པ་ཡལ་ཏེ་དངོས་གནས་སློབ་སྦྱོང་ལ་མི་སྤྲོ་ཞིང་ཐ་ན་རང་ཉིད་ལ་ཡིད་ཆེས་མེད་པར་གྱུར་ནས་མ་རབས་ཀྱི་བྱ་བ་སྣ་ཚོགས་ལ་འཇུག་པའང་གང་མང་མཐོང་ཐུབ། རྒྱུགས་འབྲས་བཟང་མིན་གྱིས་སློབ་མ་བཟང་ངན་འབྱེད་པའི་སློབ་གསོ་དེ་སློབ་མ་སྐྱོང་བའི་སློབ་གསོ་མིན་ཏེ་སློབ་མར་གནོད་པའི་བྱ་སྤྱོད་ཡིན། འདི་ནི་སློབ་གསོ་བ་དག་གིས་ངེས་པར་ཤེས་དགོས་པ་ཞིག་དང་སློབ་སྦྱོང་ལ་མི་བཟང་པའི་སློབ་མ་དག་གིས་ངེས་པར་ཤེས་རྒྱུ་ཞིག་རེད། བདག་གིས་ཆེད་དུ་སློབ་སྦྱོང་ལ་མི་བཟང་པའི་སློབ་མ་ཞིག་ལ་ཚོད་ལྟ་བྱས་མྱོང༌། སློབ་མ་དེ་བུ་མོ་ཞིག་ཡིན་ལ་སློབ་ཆུང་ནས་སློབ་འབྲིང་བར་དུ་སློབ་སྦྱོང་ལ་མི་བཟང་ལ་དེ་སློབ་སྦྱོང་ལ་མི་བཟང་བ་ནི་སློབ་སྦྱོང་མ་བྱས་པ་ལས་སློབ་སྦྱོང་མི་ལེགས་ཞེས་བཤད་ན་མི་འོས་པ་རེད། སློབ་སྦྱོང་མི་བྱེད་པའི་རྒྱུ་མཚན་ནི་སློབ་སྦྱོང་བྱས་རུང་མ་བྱས་རུང་རང་ཉིད་སློབ་སྦྱོང་ལ་མི་ལེགས་སྙམ་པ་སྟེ། སེམས་ཁམས་དེ་ནི་དགེ་རྒན་དང་ཕ་མས་བཟོས་པ་རེད། སེམས་ཁམས་དེར་བལྟས་ན་དེ་ནི་རང་བཀུར་མེད་པའི་རྟགས་ཡིན་ལ་རང་བཞིན་དྲང་བའི་རྟགས་ཀྱང་ཡིན། དེ་ལྟ་བུའི་སེམས་ཁམས་དེ་ནི་ང་ཚོའི་སློབ་གསོས་བསྐྱངས་པ་རེད།
        ངས་ཚོད་དཔག་ལས་ཤེས་པ་ལྟར་ན་སློབ་མ་དེ་ཡར་བསྐྱེད་འབྱུང་བ་ལ་སློབ་མ་དེའི་རང་བཀུར་གསོ་དགོས་པའི་གནད་དེ་ཡིན་སྙམ་ཞིང༌། དེའི་རང་བཀུར་གསོ་བ་ལ་ངས་གཞུང་དྲང་གི་སྤྱོད་པ་དེ་གནད་དུ་བཟུང་ནས་སློབ་མ་འདི་ནི་སློབ་མ་བཟང་བོ་ཞིག་ཡིན་ཏེ། འདི་ཡི་གཞུང་དྲང་དང་སེམས་པ་ནི་སློབ་མ་བཟང་བོ་ཞིག་གི་ཆ་རྐྱེན་ཡོངས་སུ་ཚང་འདུག་ཅེས་བསྟོད་པ་བྱས་ཤིང༌།སློབ་མ་འདི་དགེ་རྒན་ཚོས་སློབ་མ་ལེགས་པོ་ཞིག་ཏུ་གཏན་ནས་མི་བརྩི་ནའང་སློབ་མ་བཟང་བོ་ཞིག་ཡིན་མིན་དེ་སློབ་སྦྱོང་ཁོ་ན་ལ་ཐུག་མེད། གཙོ་བོ་སློབ་མ་ཞིག་ལ་དགོས་པའི་ཡ་རབས་ཀྱི་སྤྱོད་པ་དང་གཞུང་རྒྱུད་དྲང་བའི་བསམ་པ་དེ་ཡིན་ལ། དེ་ཡོད་ན་རིམ་བཞིན་སློབ་སྦྱོང་ལ་བརྩོན་པ་བྱེད་ཐུབ་ཅིང་མི་སུ་ཡིན་རུང་བརྩོན་པ་བྱས་ན་རྒྱུགས་འབྲས་ལེགས་པོ་ཞིག་ལོན་ཐུབ་ཅེས་བཤད་པ་ཡིན། བསྟོད་པ་འདིས་ཐོག་མར་མོ་རང་ཧ་ལས་ཤིང་དེ་ནས་དགའ་མགུས་མགྲིན་པ་བརྣངས་པར་གྱུར། གོ་སྐབས་འདི་ནི་མོའི་རང་བཀུར་གསོ་བའི་དུས་ཤིག་ཡིན་པ་མཐོང་ནས།ཆེད་དུ་མོ་རང་ཁེར་རྐྱང་དུ་བོས་ཏེ་ཚང་མས་ཁྱོད་སློབ་མ་བཟང་བོ་ཞིག་ཏུ་བརྩི་བཞིན་མེད་ནའང་ངས་བལྟས་ན་ཁྱོད་སློབ་མ་བཟང་བོ་ཞིག་རེད། ཧུར་བརྩོན་བྱོས་དང་ཁྱོད་རང་འཛིན་གྲྭ་དེ་ལས་ཡིད་ཕམ་མི་དགོས་པ་ཞིག་ཏུ་མ་ཟད། དེ་ལས་ཆེས་བཟང་བོ་ཞིག་ཏུ་འགྱུར་ངེས།དཀའ་ངལ་ཡོད་ན་ང་ལ་ཤོད་དང་ངས་རོགས་རམ་བྱེད་ཐུབ་ཅེས་བཤད་དུས་མོ་དབང་མེད་དུ་དགའ་མགུས་མིག་ཆུ་ཤམ་ཤམ་དུ་བཞུར་བྱུང༌། མིག་ཆུ་དེས་མོ་རང་གི་སེམས་པ་ལ་རང་བཀུར་ཤོར་བའི་ར་རི་དག་བཀྲུས་པའམ།ཡང་ན་མི་ཚེ་འདིར་རང་ཉིད་ལའང་འདི་ལྟའི་རེ་བ་འཛིན་མཁན་ཞིག་ཡོད་སྙམ་ནས་སེམས་ཀྱི་ཆུ་མིག་དབང་མེད་དུ་བརྡོལ་བ་འདྲ།
       དེ་ནས་བཟུང་སློབ་སྦྱོང་དེ་འདྲ་མི་བྱེད་པའི་སློབ་མ་འདིས་སློབ་སྦྱོང་ཁོ་ན་ལས་མི་བསམ་པ་ཞིག་ཏུ་གྱུར་སོང་ནའང༌། སྔར་བཞིན་དགེ་རྒན་དང་ཕ་མ་ཚོས་དོ་སྣང་མི་བྱེད་པ་དེས་མོ་ལ་ཤུགས་རྐྱེན་ཞིག་བཞག་ཡོད་པ་རིམ་བཞིན་རྒྱུས་ལོན་བྱུང་བས་ཤེས་སོང༌། མོས་ང་ཚོའི་དགེ་རྒན་ཚོས་སློབ་མ་བཟང་ངན་དེ་རྒྱུགས་འབྲས་ཁོ་ནར་ལྟ་བ་ལས་ཧུར་བརྩོན་བྱེད་པར་གཏན་ནས་མི་བལྟ་ཟེར། དེ་ནི་ངོ་མ་སློབ་མ་ཞིག་གི་སེམས་སུ་ཡུན་རིང་དུ་ཉལ་བའི་རེ་བ་ཞིག་ཡིན་ལ་སློབ་མ་མང་བོ་ཞིག་གི་རང་བཀུར་ཤོར་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པའང་དེ་ཤེས་སོང༌། སྤྱིར་སློབ་མ་བཟང་ངན་དེ་སློབ་སྦྱོང་ལ་བཟང་མིན་གྱི་སྟེང་དུ་མེད་དེ་སློབ་སྦྱོང་ལ་བརྩོན་ཞིང་ཡ་རབས་ཀྱི་སྤྱོད་པ་ཡོད་ན་གཞན་གྱིས་བསྟོད་མིན་ལ་མ་བལྟས་པར་རང་ཉིད་སློབ་མ་བཟང་བོ་ཞིག་ཡིན། གཙོ་བོ་རང་ཉིད་སློབ་མ་བཟང་བོ་ཞིག་སྙམ་པའི་བསམ་པ་དེ་དགོས་པ་ཡིན་ཞེས་སྐུལ་འདེབས་བྱས་པ་ཡིན། ལོ་རེ་འགའི་རིང་ལ་མོ་རང་འཛིན་གྲྭའི་རྒྱུགས་འབྲས་བཟང་བོའི་གྲས་སུ་ཚུད་འདུག་ལ་འདི་ནི་ངའི་བསམ་ཚོད་ལས་བརྒལ་བའི་ནུས་པ་ཞིག་ཐོན་བྱུང་ལ་ཡིན་ནའང་ཕྱིར་དྲན་རེ་བྱེད་དུས་སློབ་མ་མང་བོ་ཞིག་འདི་ལྟར་སྐྱོང་བ་ལ་ཡིད་ཕམ་ཞིང་རང་བཀུར་ཤོར་བའི་སེམས་པ་དེ་གསོ་བ་ནི་གཙོ་བོའི་ནང་གི་གཙོ་བོ་ཡིན་པ་ཤེས་ཐུབ་པ་རེད། མི་སུ་ཡིན་ནའང་འདྲ་རང་ཉིད་བཟང་བོ་ཞིག་ཡིན་ན་སྙམ་ན་མི་དེ་བཟང་བོ་ཞིག་ཡིན་ལ་རང་ཉིད་ངན་པ་ཞིག་ཡིན་སྙམ་ན་རང་ཉིད་ངན་པ་ཞིག་ཏུ་འགྱུར་འགྲོ། བྱ་བ་གང་ཞིག་ཡིན་ནའང་རང་ལ་བྱ་བ་དེ་བསྒྲུབ་པའི་སྤོབས་པ་ཡོད་ན་ཁྱོད་ཀྱིས་བྱ་བ་དེ་བསྒྲུབ་ཐུབ་ལ་བྱ་བ་དེ་བསྒྲུབ་མི་ཐུབ་སྙམ་པའི་བསམ་པ་ཡོད་ན་བྱ་བ་དེ་སྒྲུབ་མི་ཐུབ་པ་རེད། དེ་བས་སློབ་མའི་རང་བཀུར་ནི་སློབ་མ་བཟང་བོ་ཞིག་བསྐྱང་ཐུབ་མིན་གྱི་ཚད་གཞི་ཉག་གཅིག་རེད་ཅེས་སྨྲས་ན་འོས་པ་ལས། སློབ་མའི་རང་བཀུར་དགེ་རྒན་ལ་ཐུག་ཡོད་པས་སློབ་གསོ་བ་ཞིག་གིས་འཇིག་རྟེན་ན་ཆེས་མི་ལེགས་པའི་དགེ་རྒན་ཡོད་པ་ལས་ཆེས་མི་ལེགས་པའི་སློབ་མ་མེད་ཅེས་མིང་དུ་གྲགས་པའི་སྐད་ཆ་འདི་བཤད་པ་རེད།
       སློབ་མ་ཞིག་ཡིན་ནའང་འདྲ་མི་ཞིག་ཡིན་ནའང་འདྲ།སློབ་གསོ་གཏོང་བའི་ཚད་གཞིའམ་རང་ལ་ངོས་ཟིན་ཞིག་དགོས་པ་ནི་སྟོན་པ་ཤཱཀྱ་ཐུབ་པའི་གསུང་སྟེ།བདག་ཉིད་བདག་གི་དགྲ་ཡིན་ཞིང༌། །བདག་ཉིད་བདག་གི་མགོན་ཡང་ཡིན། །ཞེས་པའི་དོན་ལ་གོ་བའམ་ངོས་ཟིན་ཟབ་མོ་འབྱུང་བ་ནི་ཤིན་ཏུ་གལ་ཆེ་སྟེ་མི་ཞིག་ཡིན་ན་རང་ཉིད་མི་ཐ་ཤལ་ཞིག་གམ་ལེགས་པོ་ཞིག་ཏུ་འགྱུར་མིན་དེ་རང་ཉིད་ལ་ཐུག་ཡོད་རང་ཉིད་མཁས་པ་ཞིག་གམ་བླུན་པོ་ཞིག་ཏུ་འགྱུར་མིན་དེ་ཡང་མི་རང་ཉིད་ལ་ཐུག་ཡོད། མི་སུ་ཡིན་རུང་གཞན་དང་འདྲ་འདྲ་ཡིན་ལ་རང་གི་མདུན་ལམ་དེ་གཞན་ལ་རག་ལས་མེད་པར་མི་རང་ཉིད་ལ་ཐུག་ཡོད།གནས་ལུགས་འདི་ཤེས་དགོས་ལ་དེ་ལྟ་བུའི་སྤོབས་པ་དང་ཕུགས་བསམ་ནི་རང་བཀུར་ལ་བརྟེན་ནས་འབྱུང་བ་ཡིན་པས་སོ། །

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s