———སི་ཀཱོ་ཊི་ལན་ཌིའི་རང་བཙན་སྤྱི་མོས་འོས་བསྡུ།
འབྲོག་མྱི།
སི་ཀཱོ་ཊི་ལན་ཌིའི་མི་རིགས་རིང་ལུགས་ལ་ཕམ་ཁ་བྱུངཡང་། སི་ཀཱོ་ཊི་ལན་ཌི་དང་དམངས་གཙོའི་ལམ་ལུགས་ལ་བླ་ན་མ་མཆིས་པའི་རྒྱལ་ཁ་ཐོབ་ཡོད། ཐོབ་ཤོར་གང་གི་ཆ་ནས་གཟིགས་ཀྱང་། སི་ཀཱོ་ཊི་ལན་ཌིའི་རང་བཙན་སྤྱི་མོས་འོས་བསྡུ་ནི་དཔལ་ཡོན་གྱི་རྒྱལ་ཁ་ཅིག་ཡིན་པ་སྨོས་མ་དགོས།
སི་ཀཱོ་ཊི་ལན་ཌིའི་རང་བཙན་སྤྱི་མོས་འོས་བསྡུའི་མཇུག་འབྲས་བསྒྲགས་དུས། སི་ཀཱོ་ཊི་ལན་ཌི་མི་དམངས ༥༥% ཡིས་མཉམ་འབྲེལ་རྒྱལ་ཁབ་དང་མཉམ་གནས་བྱ་རྒྱུར་བདམས་ཡོད་པས། མི་རིགས་རིང་ལུགས་ཀྱི་བློ་ཁ་ཅན་ཚོའི་སི་ཀཱོ་ཊི་ལན་ཌི་རང་བཙན་བྱེད་རྒྱུའི་རེ་སྨོན་དེ་ཆབ་སྲིད་དང་དཔལ་འབྱོར་སོགས་འཚོ་བའི་འཇིགས་རུང་གི་ཀླུང་དུ་འཐིམ། “མིན”ཞེས་པའི་ཡི་གེ་གཅིག་གིས་སི་ཀཱོ་ཊི་ལན་ཌི་མི་རིགས་རིང་ལུགས་པ་ས་ཡ་གཅིག་དང་འབུམ་དྲུག་ལྷག་གི་མི་རིགས་རྒྱལ་ཁབ་རང་བཙན་གྱི་འདུན་པ་རྩིས་མེད་དུ་བཟློགས། འཛམ་གླིང་ས་ཁུལ་གཞན་དག་ཏུ་མི་གསོད་ཁྲག་སྦྱོར་གྱི་ཟིང་འཁྲུག་འཐབ་རྩོད་དུ་གྱུར་ངེས་པའི་མི་རིགས་ཁ་བྲལ་གྱི་ལས་དོན་ཞིག ཡང་ན་ལོ་མང་རིང་ནང་འཁྲུག་བྱུང་སྲིད་པའི་རྒྱལ་ཁབ་རང་བཙན་གྱི་གནད་དོན་ཞིག དབྱིན་ཇི་གླིང་ཕྲན་དུ་ཆེས་འདྲ་མཉམ་དང་མཐུན་སྒྲིལ་ངང་། ཕྱི་གསལ་ནང་གསལ་གྱི་གོ་རིམ་བརྒྱུད་ནས། མི་རིགས་རང་ཐག་རང་གཅོད་གྱི་རྩ་དོན་གཞིར་བཟུང་ནས། དམངས་གཙོའི་འདེམས་བསྐོའི་ལམ་ནས་“ཡིན” དང“མིན”ལ་གུག་རྟགས་བརྒྱབས་ཏེ། ཕྱིའི་གནོན་ཤུགས་སོགས་ཅི་ཡང་མེད་པར་རང་དབང་ངང་སོ་སོའི་འདོད་མོས་ཇི་བཞིན་དུ་མི་རིགས་རྒྱལ་ཁབ་གསར་འཛུགས་དང་ཡང་ན་མཉམ་འབྲེལ་རྒྱལ་ཁབ་དང་མུ་མཐུད་ནས་མཉམ་གནས་བྱ་རྒྱུར་བདམས་པ་རེད། འདི་ནི་ད་གཟོད་དམངས་གཙོ་ཡིན་ལ། འགྲོ་བ་མིའི་ཐོབ་ཐང་ཡིན། རང་དབང་ཡིན།
སི་ཀཱོ་ཊི་ལན་ཌི་མི་དམངས་ས་ཡ་བཞི་དང་འབུམ་གཉིས་ཀྱིས་འོས་བསྡུ་ཐོ་འགོད་བྱས་ཡོད་པ་དང་། གྲངས་ཀ་དེ་ཡིས་འོས་ཐོབ་འོས་མིའི ༩༧% ཟིན་ཡོད་ལ། འོས་ཤོག་འཕེན་ཚད ༨༦% ཟིན་ཡོད་པས། གྲངས་ཀ་འདི་གཉིས་ཀས་སི་ཀཱོ་ཊི་ལན་ཌིའི་འདེམས་བསྐོའི་ལོ་རྒྱུས་སུ་ཟིན་ཐོ་གསར་བ་ཞིག་བཀོད་པ་མ་ཟད། འཛམ་གླིང་ཧྲིལ་བོའི་རང་དབང་འདེམས་བསྐོའི་ལས་དོན་ཁྲོད་ཀྱང་ཤིན་ཏུ་དཀོན་པོ་ཡིན།
སྤྱི་མོས་འོས་བསྡུའི་རིགས་པའི་གཞུང་ལུགས་ལྟར་ན། ཕྱོགས་གཅིག་གིས ༥༠%+༡པའི་འོས་ཤོག་གིས་སྤྱི་མོས་འོས་ཤོག་ལ་རྒྱལ་ཁ་ཐོབ་ཀྱིན་ཡོད་པ་རེད། འོས་ཤོག་གཅིག་གི་མང་ཉུང་གིས་རྒྱལ་ཕམ་དབྱེ་འབྱེད་བྱེད་ཀྱིན་ཡོད།
དབྱིན་ཇི་མི་དམངས་བྱེ་བ་དྲུག་དང་ས་ཡ་བཞི་ལྷག་གིས་ཇ་ཆང་ལ་རོལ་བཞིན། རྩེད་མོ་དགོད་སྤྱད་བཤད་ཤོར་འདེམས་བསྐོའི་མཐའ་འབྲས་ལ་རེ་སྒུག་བྱས་ཡོད་པ་དང་། སྤྱི་མོའི་འོས་བསྡུའི་མཇུག་འབྲས་ཁྱབ་བསྒྲགས་བྱས་རྗེས། སི་ཀཱོ་ཊི་ལན་ཌི་མི་དམངས་ཀྱིས་བློ་བདེ་ཞེ་ལྷོད་ངང་དངོས་ཡོད་མཇུག་འབྲས་དེ་དང་ལེན་བྱས་ཤིང་། མང་པོའི་འདོད་མོས་དང་གདམ་ཀར་གུས་བཀུར་ཞུས་པ་མ་ཟད། ཁྱེད་དང་ང་ཟེར་བའི་བར་ཐག་མེད་ལ། དགྲ་དང་གྲོགས་ཀྱི་དབྱེ་འབྱེད་ཀྱང་མེད་པར། ཡོད་པ་ནི་སྔོན་ཆད་ནང་བཞིན་གྱི“ང་ཚོ”རེད། རང་བཙན་དང་མཉམ་གནས་གང་གདམ་ཡང་མཐར་ཐུག་གི་དགོས་དམིགས་ནི་དེ་སྔོན་ལས་ཀྱང་འདྲ་མཉམ་དང་། དར་རྒྱས་ཆེ་བའི་སི་ཀཱོ་ཊི་ལན་ཌི་ཞིག་ཡིན་པས་རེད། ཐེ་ཝན་གྱི་རྒྱལ་ས་ཐེ་པེ་རུ་སི་ཀཱོ་ཊི་ལན་ཌིའི་རང་བཙན་སྤྱི་མོས་འོས་བསྡུ་ལ་གཟིགས་ཞིབ་མཁན་ཐེ་ཝེན་རང་བཙན་གཞུང་ལུགས་པ་སྐུ་ཞབས་ལེན་ཀྲུའུ་ཧྲིས་ཀྱིས། སི་ཀཱོ་ཊི་ལན་ཌི་རང་བཙན་སྤྱི་མོས་འོས་བསྡུའི་བརྒྱུད་རིམ་གྱིས་འཛམ་གླིང་ཧྲིལ་བོའི་མི་རིགས་ཁ་བྲལ་གྱི་གནད་དོན་ལ་ཐུག་པའི་རྒྱལ་ཁབ་དང་ས་ཁུལ་དག་ལ་མ་དཔེ་གསོན་པོ་ཞིག་བསྟན་ཡོད་པས། རྒྱལ་ཁའི་དབུ་ཞྭ་དེ་སི་ཀཱོ་ཊི་ལན་ཌི་མི་དམངས་ཀྱིས་གྱོན་ན་འོས་ཤིང་འཚམ་པ་ཞིག་རེད་ཅེས་བསྟོད་བསྔགས་བྱས་འདུག
མི་འབོར་ས་ཡ་ལྔ་ལྷག་ལས་མེད་པའི་སི་ཀཱོ་ཊི་ལན་ཌི་མི་དམངས་ཀྱིས་སི་ཀཱོ་ཊི་ལན་ཌིའི་མ་འོངས་མདུན་ལམ་ཆེད་སྒམ་བརླིང་ནན་ཏན་གྱིས་འོས་ཤོག་འཕེན་པའི་ཚེ། དབྱིན་ཇི་བ་བྱེ་བ་དྲུག་ལ་མཚོན་ན་རང་ཁྱིམ་དང་། ཡང་ན་ཞག་གང་པོ་མཐུན་རྐྱེན་ཞབས་ཞུ་སྒྲུབ་ཀྱིན་པའི་ཆང་ཁང་སོགས་སུ་ལྦུ་རག་འཐུང་ཞོར་རེ་སྒུག་བྱེད་རྒྱུ་དང་། མཇུག་འབྲས་ཅི་ཐོན་དེ་ལ་གུས་བཀུར་བྱེད་རྒྱུ་ལས་གཞན་མེད། རྒྱལ་ཁབ་ཅིག་གི་མངའ་ཁོངས་ཀྱི་སུམ་ཆའི་གཅིག་ལས་ཆེ་བའི་ས་འོག་ས་སྟེང་ས་བླའི་བདག་དབང་ལ་ཐུག་པའི་ལས་འགུལ་ཞིག་གི་མདུན་དུ་དེ་ལྟ་བུའི་བསམ་ཤེས་དང་། ཕ་རོལ་བའི་གདམ་ཀ་ལ་གུས་བཀུར་ཞུ་སྲོལ་དེ་ནི་ཇི་འདྲའི་རླབས་ཆེན་ཞིག་རེད་ཨང་། དེ་ནི་དམངས་གཙོའི་ལམ་ལུགས་རབ་ཏུ། ཀུན་ཏུ། ཤིན་ཏུ་སྨིན་པའི་རྒྱལ་ཁབ་ཅིག སྤྱི་ཚོགས་ཤིག་གི་དམངས་གཙོའི་ལྟ་བ་དང་རིན་ཐང་ལས་ངག་ཡིད་གསུམ་ལ་དངོས་སུ་ཞུགས་པའི་མི་དམངས་དེ་རེད།
རྒྱལ་ཁབ་ཟེར་བ་དེ་ཁ་ཁ་རུ་འཐོར་ཆོག་ལ་ཡང་བསྐྱར་སྒྲིག་ཀྱང་ཆོག་པར་སྙམ། གལ་སྲིད་རྒྱལ་ཁབ་ཟེར་བ་དེ་བླ་ན་མེད་པའི་གདོད་མའི་མཚོན་ཆོས་སུ་སྣང་ཚེ། འཐོར་སྒྲིག་གཅིག་ཀྱང་མི་རུང་བ་མ་ཟད། ས་སོར་གང་ཡིན་ཡང་ཤོར་མི་རུང་། ཆུ་ཁམ་གང་ཡིན་ཡང་བརླག་མི་རུང་བའི་གུ་དོག་བསམ་བློའི་འདུ་ཤེས་བཟུང་ཡོད། གལ་སྲིད་མི་སྒེར་གྱི་ལས་ཀ་དང་། འཚོ་བ། ཁྱིམ་ཚང་སོགས་གུས་ཕྱག་ཕུལ་ཡུལ་དུ་གྱུར་བའི་གདོད་མའི་མཚོན་ཆོས་ཀྱི་སྒང་ལ་བཀོད་ནུས་ཚེ། ཉིན་རེའི་འཚོ་བ་དེ་མཉམ་དུ་རོལ་རྒྱུ་དང་། ཡང་ན་ཁ་ཁར་རོལ་རྒྱུ། གཙོ་ཆེ་ཤོས་དེ་ཇི་ལྟར་རོལ་ན་ད་གཟོད་བདེ་བོ་སྐྱིད་པོ་ཡོང་རྒྱུར་བསམ་བློ་གཏོང་ངེས་ཡིན། གལ་ཏེ་རྒྱལ་ཁབ་ཟེར་བ་དེ་འཛིན་སྐྱོང་དོ་དམ་གྱི་མ་ལག་ལྟ་བུར་སྣང་ཚེ། དབང་ཆ་མར་སྤྲོད་པ་དང་། དེ་ལས་ལྷག་ན་ཁ་ཁ་སོ་སོ་བྱས་ན་དོ་དམ་བྱེད་སླ་ཞིང་འཛིན་སྐྱོང་ལའང་སྟབས་བདེ། ལྷོད་ན་ཡངས་པ་དང་བསྡམས་ན་དམ་པ་ནི་ཆོས་ཉིད་ཡིན། ཐེངས་འདིའི་སི་ཀཱོ་ཊི་ལན་ཌིའི་རང་བཙན་སྤྱི་མོས་འོས་བསྡུའི་ཐག་གཅོད་རང་བཞིན་ཅན་གྱི་རྒྱུ་རྐྱེན་ཞིག་ནི་དཔལ་འབྱོར་དང་འབྲེལ་བའི་འཚོ་བ་དང་། བདེ་འཇགས་དང་འབྲེལ་བའི་ཆབ་སྲིད་ཡིན་པ་ལས། མི་རིགས་རིང་ལུགས་ཀྱི་བློ་ཁ་མིན།
འཛམ་གླིང་གང་སར་ཁ་བྲལ་རིང་ལུགས་པའི་གནད་དོན་ལ་ཐུག་པའི་རྒྱལ་ཁབ་དང་ས་ཁུལ་མང་པོ་ཡོད། གལ་ཏེ་འབྲེལ་ཡོད་མི་འབོར་དང་། མངའ་ཁོངས་ཀྱི་རྒྱལ་ཁྱོན། འཛམ་གླིང་སྤྱི་ལ་ཐེབས་སྲིད་པའི་ཤུགས་རྐྱེན་སོགས་ཀྱི་ཐད་ནས་བལྟས་ན། བོད་དང་རྒྱ་ནག ཤར་ཏིར་ཀུ་སི་ཐན་དང་རྒྱ་ནག ཐེ་ཝན་དང་རྒྱ་ནག་བཅས་ལས་མ་འདས། སི་ཀཱོ་ཊི་ལན་ཌིའི་རང་བཙན་སྤྱི་མོས་འོས་བསྡུ་ཞི་བདེའི་ངང་མཇུག་རྫོགས་སོང་། ང་ཚོའི་མདུན་དུ་ལྷག་པའི་བསམ་གཞིག་ནི་གཅིག་བྱས་ན་ད་ལྟ་གཞི་ནས་མགོ་བརྩོམ་དགོས། དབྱིན་ཇི་སྲིད་བློན་ཁཱར་མཱ་མོན་གྱིས་སྤྱི་མོས་འོས་བསྡུའི་མཐའ་འབྲས་ཁྱབ་བསྒྲགས་ཀྱི་རྗེས་སུ་སྤེལ་བའི་གཏམ་བཤད་ཀྱི་མཇུག་གི་སྐད་ཆ་ནི། “དེ་ཡིས་ང་ཚོ་ལ་བསྐྱར་དུ་དྲན་སྐུལ་བྱས་པ་ཞིག་ནི། ང་ཚོ་ནི་ཇི་འདྲའི་ལས་ཆེན་ཞིག་རེད་ཨང་། ཞི་ཞིང་བདེ་བའི་ངང། ཁོང་ཁྲོ་སྡང་སེམས་མེར་པར། དམངས་གཙོའི་འདེམས་བསྐོའི་ལམ་ནས་ཤིན་ཏུ་ནས་གལ་འགངས་ཆེ་བའི་གནད་དོན་ཞིག་ཐག་གིས་བཅད་པ་རེད།” ཟེར། རེད་ཡ། ངོ་མའི་ལས་ཆེན་རེད། སི་ཀཱོ་ཊི་ལན་ཌི་དང་སི་ཀཱོ་ཊི་ལན་ཌི་མི་དམངས། མཚམས་འདིར་བསླེབས་དུས། དོན་དག་ཅིག་ལ་ང་ཚོས་བསམ་བློ་མི་གཏོང་རང་གཏོང་ཡིན། དེ་ནི། སི་ཀཱོ་ཊི་ལན་ཌི་མི་དམངས ༤༥% ལ་ཅིའི་ཕྱིར་རང་བཙན་ཀྱི་བསམ་བློ་འཁོར་བ་རེད་དམ།
ཕྱི་ལོ་༡༧༠༧ལོར་སི་ཀཱོ་ཊི་ལན་ཌི་དང་དབྱིན་ཇི་གཉིས་མཉམ་འབྲེལ་བྱས་ནས་ལོ་༣༠༧ཕྱིན་ཡོད་པ་དང་། དེའི་རིང་རྐང་དུ Tony Blair དང Gordon Frown གཉིས་ཀྱིས་གཙོས་འཁྲུངས་ཡུལ་སི་ཀཱོ་ཊི་ལན་ཌི་ཡིན་པའི་སྲིད་བློན་མང་པོ་བྱུང་བ་དང་། ཕྱི་ལོ་༡༩༩༨ལོ་ནས་སི་ཀཱོ་ཊི་ལན་ཌི་ལ་ས་གནས་གྲོས་ཚོགས་ཀྱང་ཡོད། དེ་མིན་སྤྱི་ཚོགས་སུ་གྲལ་རིམ་དང་། མཐོང་ཆུང་། དབྱེ་འབྱེད། བཤུ་གཞོག གཉའ་གནོན་སོགས་གཅིག་ཀྱང་མེད། ཡིན་ན་ཡང་། སི་ཀཱོ་ཊི་ལན་ཌི་མི་དམངས་ཀྱིས་ད་དུང་ཡང་ལོ་རྒྱུས་སུ་བྱུང་མྱོང་ཡོད་པའི་སི་ཀཱོ་ཊི་ལན་ཌི་རྒྱལ་ཁབ་སླར་གསོ་བྱེད་ཆེད་རེ་སྙེག་དང་རྩོད་ལེན་བྱེད་ཀྱིན་ཡོད། སྐབས་འདིའི་རང་བཙན་ལས་འགུལ་ལ་རྒྱལ་ཁ་ཐོབ་མེད་པ་དེ་གཙོ་བོ་ཁ་རྒྱབ་ཙམ་དུ་འཚོ་བའི་མི་སྐོར་ཞིག་དབྱིན་ཇི་གཞུང་གི་སླུ་བྲིད་འོག་ཚུད་ནས་ལམ་ལོག་ཏུ་སོང་བ་ཙམ་རེད།
འོན་ཀྱང་། སི་ཀཱོ་ཊི་ལན་ཌི་མི་དམངས་ཀྱིས་རྒྱལ་ཁབ་སླར་གསོའི་དགོས་འདུན་བཏོན་པར། ཕྱི་ལོ་༡༩༢༢ལོར་ད་དུང་འཛམ་གླིང་འདིའི་སུམ་ཆའི་གཅིག་ལ་དབང་བསྒྱུར་བྱས་པའི་དབྱིན་ཇི་བཙན་རྒྱལ་གཞུང་འཇིགས་ནས། ཞེད་ནས། ཕངས་ནས། འགྱོད་ནས། སྐྱོ་ནས་རང་བཙན་ལས་གཞན་ཐམས་ཅད་ཁས་བླངས་ཡོད་པས། སི་ཀཱོ་ཊི་ལན་ཌི་མི་དམངས་ལ་ད་ལྟ་ལས་ཀྱང་རང་དབང་དང་དབང་ཆ་ཆེ་བ་མང་བ་རག་ངེས་རེད། དེ་བས་ན། མི་རིགས་རིང་ལུགས་ཀྱི་བློ་ཁ་ཅན་རང་བཙན་རྩོད་ལེན་མཁན ༤༥% ལ་དོན་གྱིས་རྒྱལ་ཁ་ཐོབ་ཡོད།
དེ་རིང་སི་ཀཱོ་ཊི་ལན་ཌི་མི་དམངས་མང་ཆེ་བས་མུ་མཐུན་ནས་མཉམ་འབྲེལ་རྒྱལ་ཁབ་ཏུ་མཉམ་གནས་བྱེད་རྒྱུ་བདམས་ཡོད་ཀྱང་། ཉི་མ་ཞིག་ལ་ཡང་བསྐྱར་རང་བཙན་མི་རྩོད་པའི་མི་ཁྱབ། འདས་པའི་ལོ་ངོ་༣༠༧གི་ནང་མཉམ་གནས་བྱས་ཡོད་ཀྱང་། དེའི་ཡར་སྔོན་དུ་དབྱིན་ཇི་དང་སི་ཀཱོ་ཊི་ལན་ཌི་བར་འཐབ་འཁྲུག་རབ་དང་རིམ་པ་བྱུང་ཡོད་ལ། ལོ་རྒྱུས་སུ་དབྱིན་ཇི་དང་སི་ཀཱོ་ཊི་ལན་ཌི་གཉིས་ཁྱོད་ཤི་ང་གསོན་གྱི་ཕན་ཚུན་དགྲ་འཛིན་གྱི་རྒྱལ་ཁབ་གཉིས་རེད། དཔེར་ན། མི་མང་པོས་གཟིགས་མྱོང་བའི༼Bravehenrt༽ཞེས་པའི་བོད་སྐད་དུ༼དཔའ་བོ༽ཞེས་པའི་གློག་བརྙན་དེ་ནི་ལོ་རྒྱུས་སུ་སི་ཀཱོ་ཊི་ལན་ཌིའི་དཔའ་བོ་ཞིག་གིས་དབྱིན་ཇིའི་བཙན་འཛུལ་དང་དབང་བསྒྱུར་ལ་ཇི་ལྟར་ངོ་རྒོལ་བྱས་པའི་ཚུལ་རེད།
ཀྱེ། བོད་པ་ཚོ། ང་ཚོ་བོད་ལ་སི་ཀཱོ་ཊི་ལན་ཌིའི་གོ་སྐབས་འདི་འདྲ་ཞིག་ཐོབ་སྲིད་དམ། གལ་སྲིད་ཐོབ་པའི་དབང་དུ་བཏང་ན། ང་ཚོར་རྒྱལ་ཁ་ཐོབ་རྒྱུའི་གདེང་ཚོད་ཡོད་དམ།
ངེད་དྲ་ཚིགས།