བན་ཤུལ་དཔལ་མཁར་རྒྱལ།
བདེ་བ་ཐམས་ཅད་དགེ་བའི་ལས་ལས་བྱུང་། །སྡུག་བསྔལ་ཐམས་ཅད་སྡིག་པའི་ལས་ལས་བྱུང་། །དགེ་སྡིག་རྒྱུ་ལས་འབྲས་བུ་བདེ་སྡུག་བྱུང་། །སྡིག་སྤོངས་དགེ་བ་བསྒྲུབ་ཤིག་སྙིང་གཏམ་ཡིན། །
༼གཙོ་དོན།༽
བཙོན་ནས་བླངས་པའི་མགུར་གྱི་བརྡ་དོན་རྣམས་གོ་བདེར་ཕབ་པའི་འབྲུ་འགྲེལ་གཟི་ཡི་ཕྲེང་བ་ཞེས་བྱ་བ། བཙོན་ནས་བླངས་པའི་མགུར་གྱི་བརྡ་དོན་རྣམས་གོ་བདེར་ཕབ་པའི་འབྲུ་འགྲེལ་གཟི་ཡི་ཕྲེང་བ་ཞེས་བྱ་བ། དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་ལ་འཛམ་གླིང་གི་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྙན་པའི་གྲགས་པ་དཀར་བོ་ཆེས་ཆེར་གཡོ་བའི་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གིས་ཁྱིའི་ལོ་ལ་ར་ས་ཐང་གི་བཙོན་ཁང་ནས་བཞུགས་སྐབས་རྟེན་འབྲེལ་གྱི་སྙིང་བོར་གྲུབ་པའི་ཆོས་རྣམས་ཀྱི་ཚུལ་ལ་ཐུགས་ཤེས་ཆེས་ཆེར་འཁྲུངས་ནས་དེའི་མདོ་དོན་བསྡུས་པར་དྲིལ་བའི་གཙིགས་ཀྱི་ཡི་གེ་ཤིན་ཏུ་གཅེས་པ་འདིའི་བརྡ་དོན་རྣམས་འབྲུ་འགྲེལ་དུ་འགོད་པ་ལ་དྲུག་སྟེ།
༼དང་པོ། ༽
དམ་པའི་ཆོས་དང་སྟོན་པའི་ཆེ་བ་བསྟན་པ། འདི་ན་སུ་དང་གང་གིས་མྱི་ཤེས་པའི། གཡུང་དྲུང་ལྷ་ཡི་རྨུ་ཐག་རིང་མོ་འདིས།
ཞེས་པ་ནི་སྲིད་པའི་འཇིག་རྟེན་གྱི་ཁམས་འདི་ན་ཚངས་པ་དང་བརྒྱ་བྱིན་སོགས་མངོན་པར་རློམ་པ་སུ་དང་གང་ཞིག་གིས་ཚུལ་ཅི་ལྟ་བུའི་སྒོ་ནས་དཔྱད་ཀྱང་མི་ཤེས་པའམ་ཤེས་མི་ནུས་པའི་ཐར་ལམ་རྣམ་པར་དག་པ་ནི། གཡུང་དྲུང་གི་ལྷ་སྟེ་སྲིད་ཞིའི་གཙུག་རྒྱན་གཙོ་བོའི་གཙོ་བོར་གྱུར་བ་ཚད་མའི་སྐྱེས་བུ་སྟོན་པ་བཅོམ་ལྡན་འདས་དང་དེ་ཡི་ཐུགས་རྒྱུད་རྨུ་ཐག་ལྟར་དཀར་ཞིང་དགེ་བའི་ངོ་བོ་ཁོ་ནར་བརྟེན་པའི་ཟབ་གསལ་ཡེ་ཤེས་ཀྱི་རྒྱུན་རིང་མོ་འདི་ཡིན་ལ་འདིས་ཞེས་པའི་དོན་ནོ།
༼གཉིས་པ།༽
ཆོས་དང་སྲིད་པའི་རྟེན་འབྲེལ་བསྟན་པ། མཐའ་མེད་ཆོས་དབྱིངས་རིག་པའི་དབྱིངས་སུ་བཏགས། རིག་པའི་བུ་ཆུང་ལུས་ཀྱི་ནང་དུ་བཏགས། ལུས་ཀྱི་ཐོ་ཡོར་ཟས་དང་སྐོམ་ལ་བཏགས། ཟས་དང་སྐོམ་ནི་ཕྱི་རོལ་རྐྱེན་ལ་བཏགས། དེ་ལྟར་ཐག་པ་གཅིག་ལ་གཅིག་མཐུད་པས། གཅོད་པའི་ས་མཚམས་གཞན་ནི་ཡོད་མ་ཡིན།
ཞེས་པ་ནི་གནས་ལུགས་ཀྱི་མཐའ་དང་བྲལ་ཞིང་གཞལ་ཚོད་མེད་པའི་ཆོས་དབྱིངས་ཟབ་མོ་འདི་ཉིད་ཡུལ་གསལ་བར་འཛིན་པའི་རིག་པའི་དབྱིངས་སུ་བཏགས་པའམ་དེ་ལ་བརྟེན་ནས་གཏན་ལ་ཕབ་པ་ཞིག་ཡིན་ལ་དེས་ན་ཤིན་ཏུ་གཅེས་པར་འཛིན་པའི་བློ་རིག་པའི་བུ་ཆུང་དེ་ཉིད་ཀྱང་ཤ་ཁྲག་གདོས་བཅས་ཀྱིས་གྲུབ་པའི་ལུས་ཀྱི་ནང་དུ་བཏགས་པའམ་བརྟེན་ནས་ཡོད་པར་གསུངས་པ་དང་དེ་ལྟ་བུའི་ངར་འཛིན་ལུས་ཀྱི་ཐོ་ཡོར་ཧྲང་ཧྲང་བ་དེའང་བཀྲེས་པའི་ཟས་དང་གདུང་བའི་སྐོམ་ལ་བཏགས་པའམ་བརྟེན་ནས་ཡོད་ལ་ཟས་དང་སྐོམ་གྱི་སྡུག་བསྔལ་དེ་རྣམས་ནི་ཕྱི་རོལ་ཡུལ་གྱི་འཇིག་རྟེན་འདིའི་འཚོ་ཐབས་བདེ་ཐབས་ཀྱི་རྐྱེན་རྣམས་ལ་བཏགས་པའམ་བརྟེན་ནས་ཡོད་པ་ཞིག་ཡིན། དེ་ལྟར་འབྲེལ་བྱེད་ཀྱི་ཐག་པ་དེ་རྣམས་གཅིག་གི་སྣེ་མོ་ལ་གཅིག་མཐུད་ནས་ཡོད་པས་ཕན་ཚུན་ལ་ལྟོས་པའི་རྟེན་ཅིང་འབྲེལ་བའི་ཆོས་ཉིད་དེ་དག་ལ་བར་མཚམས་གཅོད་པའི་དམིགས་པ་བསྐྱེད་དེ་ས་བཅད་ཅིང་མཚམས་ཕྱེ་བའི་སྒོ་ནས་བར་དུ་གཅོད་ནུས་ཀྱི་ཐབས་ལམ་གཞན་ནི་གང་ཡང་འཚོལ་རྒྱུ་ཡོད་པ་ཞིག་མ་ཡིན་ནོ་ཞེས་པའི་དོན་ནོ།
༼གསུམ་པ།༽
སྲིད་པར་གྲོལ་ཚུལ་གྱི་ཐབས་ལམ་ངོས་བཟུང་བ། ས་མཚམས་གཅིག་ནི་ཀུན་གྱིས་མྱི་འདོད་པ། ལུས་སེམས་འབྲེལ་ཐག་ཆོད་པའི་འཆི་བ་ཉིད། ས་མཚམས་གཅིག་ནི་ཀུན་གྱིས་མྱི་ཤེས་པ། ཐག་པ་རུལ་ནས་དབྱིངས་རིག་འདྲེས་པ་ཉིད།
ཞེས་པ་ནི་གོང་གི་དེ་ལྟར་སྲིད་པའི་སྡུག་བསྔལ་གྱི་དྲ་བ་རྣམས་ལས་ས་བཅད་མཚམས་ཕྱེའི་སྒོས་གནས་སྐབས་ཏུ་བརྒལ་བར་འདོད་པའི་ཐབས་ལམ་གཅིག་ནི་ཕལ་བ་ཀུན་གྱིས་རྣམ་པ་ཐམས་ཅད་ནས་དང་དུ་ལེན་མི་འདོད་པའམ་མི་ཕོད་པའི་གནས་ཞིག་སྟེ་ལུས་དང་སེམས་སོ་སོར་བྲལ་ནས་འབྲེལ་བ་མེད་པར་ཐག་ཆོད་པའི་དུས་མཚམས་ཀྱི་འཆི་བའི་ངང་ཚུལ་འདི་ཉིད་ཡིན་ལ་ཡང་དེ་ལས་རྣམ་པ་ཐམས་ཅད་དུ་བརྒལ་བར་འདོད་པའི་ཐབས་ལམ་གྱི་ས་མཚམས་གཞན་གཅིག་ནི་སོ་སྐྱེས་ཕལ་བ་ཀུན་གྱིས་ཐར་བའི་རྒྱུ་ལ་བློ་མ་སྦྱངས་པས་མི་ཤེས་པའམ་ཤེས་པར་དཀའ་བའི་གནས་ཞིག་སྟེ་ལས་ཉོན་གྱི་ཐག་པའི་རྩ་བ་དང་བཅས་པ་ཟད་ཅིང་རུལ་ནས་གནས་ལུགས་ཀྱི་ཆོས་དབྱིངས་ཟབ་མོ་དང་རང་གི་རིག་པ་གཉིས་ངོ་བོ་དབྱེར་མེད་སྒོས་རོ་གཅིག་ཏུ་འདྲེས་པའི་ངང་ཚུལ་དེ་ཉིད་ཡིན་ནོ་ཞེས་པའི་དོན་ནོ།
༼བཞི་བ།༽
ལུས་སེམས་འབྲེལ་ཚུལ་གྱི་སྡུག་བསྔལ་བསྟན་པ། སེམས་འདི་མཐའ་དང་བྲལ་བའི་ལྷ་མོ་སྟེ། ལྷ་མོའི་ཕ་ཡུལ་འཇིག་རྟེན་འདི་མིན་མོད། སེམས་ཀྱི་ལྷ་མོའི་ཞབས་ཀྱི་མཐེ་ཆུང་གཅིག། སྐུད་པའི་ལུས་པོ་འདི་ལ་དམ་དུ་བཏགས། དེ་ནས་སྐུད་པ་འདི་ཉིད་ཆད་ཀྱི་བར། ལུས་ཀྱིས་གང་མྱོང་སེམས་ཀྱིས་མྱོང་བར་སྣང་། མཐེ་ཆུང་འདི་ལ་ཕན་གནོད་གང་བྱས་པས། ལྷ་མོ་དེ་ལ་བདེ་སྡུག་མྱོང་བར་ཟད།
ཞེས་པ་ནི་ཐོག་མ་ཉིད་ཀྱི་དུས་ན་སེམས་འདི་ནི་རྟག་ཆད་སོགས་ཀྱི་མཐའ་དང་བྲལ་ཞིང་གློ་བུར་གྱི་དྲི་མས་མ་སྒྲིབ་པའི་འཚང་རྒྱ་རུང་གི་ས་བོན་ནམ་ཁམས་བདེ་གཤེགས་སྙིང་བོ་ལྟ་བུའི་ལྷ་མོ་འོད་གསལ་མདངས་དང་ལྡན་པ་ཞིག་སྟེ་དེ་ལྟ་བུའི་ལྷ་མོའི་ཕ་ཡུལ་དངོས་ནི་ཀུན་འབྱུང་འཁོར་བས་བསྡུས་པའི་འཇིག་རྟེན་སྡུག་བསྔལ་གྱི་ཁམས་འདི་ལྟ་བུ་མིན་མོད་ལས་ཀྱི་དབང་གིས་གཙོ་སེམས་ཀྱི་ལྷ་མོའི་ཡན་ལག་ཞབས་ཀྱི་མཐེ་ཆུང་གི་ཚོར་བ་སོགས་ཆ་ཤས་ཁག་གཅིག་ནི་ལས་ཉོན་གྱི་སྐུད་པའི་རྒྱ་ཡིས་རྣམ་པར་དཀྲིས་པའི་སྒྱུ་མའི་ལུས་པོ་འདི་ལ་དམ་དམ་དུ་བཏགས་པའམ་འབྲེལ་ཡོད་སྟབས་རྟེན་ཅིང་འབྲེལ་བའི་དུས་དེ་ཉིད་ནས་བརྩམས་སྟེ་ལས་ཉོན་གྱི་སྐུད་པ་འདི་ཉིད་ནམ་ཞིག་གི་ཚེ་ན་ཞིག་ཅིང་རལ་ནས་དུམ་ཆད་ཀྱི་བར་དུ་གཡོག་པོ་ལུས་ཀྱིས་ཚོར་བ་བདེ་སྡུག་བཏང་སྙོམས་འདྲ་མིན་གང་མྱོང་ནའང་རྒྱལ་མོ་སེམས་ཀྱིས་ཀྱང་ཇི་བཞིན་མྱོང་དགོས་པར་སྣང་བ་དང་། མཐེ་ཆུང་སྟེ་འཁོར་བྱུང་གི་ཚོར་བ་འདི་དག་ལ་ཕན་པ་དང་གནོད་པའི་ལས་གང་བྱས་པས་ཀྱང་གཙོ་སེམས་ལྷ་མོ་དེ་ལ་ཡང་དེ་བཞིན་དུ་བདེ་སྡུག་གི་ཚོར་བ་འདྲ་མིན་མྱོང་དགོས་བར་ཟད་པ་ལས་མི་དགོས་པའི་ཐབས་གཞན་གང་ཡང་མེད་དོ་ཞེས་པའི་དོན་ནོ།
༼ལྔ་བ།༽
སྡུག་བསྔལ་ལས་གྲོལ་ཚུལ་གྱི་གནས་ལུགས་བསྟན་པ། ཐག་པ་འདི་དེ་ཆད་ན་ལེགས་མོད་ཀྱང་། ཐག་པ་ཆད་པར་འཇིག་རྟེན་ཐམས་ཅད་སྐྲགས། ཐག་པས་འབྲེལ་བའི་ཐབས་ལ་འབད་པ་ནའ། ཐག་པའི་སྣེ་ཀུན་ཚེར་མས་དཀྲིས་པར་མཐོང་། ཚེར་མའི་རྩེ་མོ་རེ་རེ་འགོག་སླད་དུ། ཤེས་རིག་ལས་ཀྱི་རྣམ་གྲངས་རེ་རེ་བསླབ། དེས་ན་ཚེར་མ་འགོག་པའི་ཁྲལ་ལས་འདི། མ་ཤིའི་བར་དུ་བྲེལ་བས་བྱེད་པར་ཟད། ཚར་མེད་སྤང་དུ་མེད་པའི་བྲེལ་བ་འདི། ཀུན་གྱི་སྐྱེ་བ་བླངས་པའི་དོན་སྒོར་སྣང་།
ཞེས་པ་ནི་རྒྱུ་མཚན་དེ་ལྟ་བུའི་དབང་གིས་ཐག་པ་འདི་ནི་གོང་གི་ས་མཚམས་དང་པོ་དེ་ནང་བཞིན་རལ་ཞིང་ཆད་པར་གྱུར་ན་ཤིན་ཏུ་ལེགས་པ་ལྟ་བུ་ཞིག་སྣང་མོད་ཀྱང་ལུས་སེམས་དམ་དུ་འབྲེལ་བའི་ཐག་པ་འདི་ཉིད་ཆད་པར་འཇིག་རྟེན་འདིའི་སྐྱེ་བོ་ཕལ་བ་ཐམས་ཅད་སྐྲགས་པ་ལས་ཀྱང་སྐྲགས་པར་འགྱུར་བ་ཞིག་རེད། འོ་ན་གོང་གི་ས་མཚམས་གཉིས་པ་ལྟར་ལུས་སེམས་ཀྱི་ཐག་པས་དོན་དམ་ཆོས་དབྱིངས་ལ་དམ་དུ་འབྲེལ་བའི་ཐབས་ལམ་ཉག་གཅིག་ལ་འབད་དགོས་པ་ཤིན་ཏུ་གསལ་མོད་འབད་པའི་ཚེ་ན་ལས་ཉོན་གྱི་དབང་གིས་ཐག་པའི་སྣེ་མོ་ཀུན་སྡུག་བསྔལ་གྱི་ཚེར་མས་དཀྲིས་ཡོད་པར་ངེས་པ་ནི་མངོན་སུམ་ལ་སྣང་ཞིང་མཐོང་ཐུབ་པ་དེ་ལྟར་ཡིན་ལ་དེ་ལྟ་བུའི་ཉོན་མོངས་དང་སྡུག་བསྔལ་གྱི་ངོ་བོར་གནས་པའི་ཚེར་མའི་རྩེ་མོ་གཟེངས་རིང་ཞིང་རྣོ་ངར་ལྡན་པ་རྣམས་རེ་རེ་ནས་འགོག་འཇོམས་བྱེད་པའི་སླད་དུ་ཐོག་མར་བྱང་ཆུབ་སེམས་ཀྱི་རྩིས་ཟིན་པའི་ཤེས་རིག་སྟེ་ཉོན་མོངས་ལས་ཀྱི་ཐོབ་སྐལ་ལྟར་བཀོད་པའི་ཤེས་བྱའི་རྣམ་གྲངས་རེ་རེ་ལ་ཞིབ་པར་བསླབ་དགོས་ལ། རྒྱུ་མཚན་དེས་ངེས་པའི་ཚེ་ན་སྡུག་བསྔལ་གྱི་ཚེར་མ་འགོག་པར་འབད་པ་ལ་མི་འདོད་བཞིན་དུ་སྒྲུབ་དགོས་པའི་ཁྲལ་ལས་ལྕི་མོ་འདི་ལྟ་བུ་ནི་འཇིག་རྟེན་སྟེང་གི་སྐྱེ་བོ་ཐམས་ཅད་ཀྱིས་མ་ཤིའི་བར་དུ་བྲེལ་བྲེལ་འཚུབ་འཚུབ་ཀྱི་རྣམ་པས་ངེས་པར་དུ་བྱེད་དགོས་པར་དམ་བཅའ་བ་ལྟ་བུར་ཟད་ལ་དེ་ལྟར་ལུ་གུ་རྒྱུད་དུ་འབྲེལ་ནས་ཚར་མཐའ་མེད་ལ་དུས་དྲུག་ཁོར་མོར་སྤང་དུའང་མེད་པའི་ཤེས་རིག་གི་རྣམ་གྲངས་དག་ལ་བསླབ་བཞིན་པའི་བྲེལ་བ་འདི་དག་ནི་སོ་སྐྱེས་ཀུན་གྱི་དལ་བརྒྱད་འབྱོར་བཅུའི་ལུས་རྟེན་འདི་ཉིད་ཆུད་མི་ཟ་བའི་ཕྱིར་དུ་ཤེས་རིག་དཔལ་གྱིས་བསྐྲུན་པར་འབད་པས་སྒྲུབ་པ་ཞིག་དང་འདི་ནི་མིའི་སྐྱེ་བ་བླངས་པའི་དོན་གྱི་ཡོང་སྒོར་བརྩིས་ནས་ངོམས་སོ་ལྟ་བུ་ཞིག་བྱེད་པར་སྣང་ངོ་ཞེས་པའི་དོན་ནོ།
༼དྲུག་པ།༽
དོན་སྡུད་པའི་མཇུག་བྱང་། མཁའ་དང་མཉམ་པའི་སེམས་ཀྱི་ཆ་ཤས་གཅིག། ཤ་ཁྲག་ལས་ཀྱི་འདམ་དུ་ཚུད་པ་ནའ། ཚ་གྲང་བཀྲེས་སྐོམ་རེ་དོགས་འཇིགས་སྐྲག་གི། སྡུག་བསྔལ་འདི་ལ་ཟད་མཐའ་མྱེད་པ་སྙམ། འོན་ཀྱང་འབད་པ་བརྒྱ་ཡིས་སྒྲུབ་སྒྲུབ་པའི།། ཤེས་རིག་དཔལ་གྱིས་བསྐྲུན་པའི་ལུས་པོ་འདི། ཆོས་ཉིད་གནམ་གྱི་རྒྱལ་མོའི་བཀའ་ལུང་བཞིན། ས་སྟེང་འདི་རུ་ལོ་ཤས་སྡོད་པར་ཟད།
ཞེས་པ་ནི་འཁོར་འདས་ཀྱི་སྐྱོན་ཡོན་ཐམས་ཅད་ལ་ནམ་མཁའ་དང་མཉམ་པའི་སྒོ་ནས་ཁྱབ་པ་ནི་གཙོ་སེམས་ཡིན་ལ་དེའི་འཁོར་དུ་གཡོག་པོ་ཇི་བཞིན་འདུས་པའི་ཚོར་བ་སོགས་སེམས་ཀྱི་ཆ་ཤས་ཁག་གཅིག་ནི་ཤ་དང་ཁྲག་གིས་གྲུབ་པའི་སྡུལ་བསྔལ་གྱི་ལུས་ཕུང་འདིའི་ནང་དུ་ལས་ཀྱི་རྣམ་སྨིན་གྱི་དབང་གིས་རྟ་རྒོད་འདམ་དུ་ཚུད་པ་ཇི་བཞིན་གནས་དགོས་པ་དེའི་ཚེ་ན་ཚ་བ་དང་གྲང་བ། བཀྲེས་པ་དང་སྐོམ་པ། རེ་དོགས་དང་འཇིགས་སྐྲག་གི་མི་འདོད་པའི་སྡུག་བསྔལ་སྣ་ཚོགས་ཉེ་བ་ཉེ་བར་འདུས་འོངས་བའི་ཚུལ་ལ་བསམ་ཚེ་ཕལ་བའི་སྐྱེ་བོ་རྣམས་ཀྱི་གཤིས་ལུགས་ལྟར་མ་བརྟག་པའི་སྣང་ངོ་ཞིག་ལ་སྡུག་བསྔལ་འདི་དག་ལ་ཟད་མཐའ་མེད་པར་སྙམ་པའི་རྣམ་རྟོག་ཅིག་མ་བཅོས་རང་བཞིན་གྱིས་ཤར་འོངས་ཞིང་ཤར་བ་དེ་བཞིན་དུ་ལུས་སེམས་འབྲེལ་ཐག་ཆད་དེ་སྔ་མོའི་དུས་ནས་འཆི་བ་ལ་མངོན་པར་ཕྱོགས་པར་ཤིན་ཏུ་འཐད་མོད་འོན་ཀྱང་འབད་པ་བརྒྱ་ཕྲག་དུ་མ་ཡིས་དུས་ཡུན་རིང་བོར་སྒྲུབ་སྒྲུབ་པའི་ཤེས་རིག་དཔལ་གྱིས་ཡོངས་སུ་བསྐྲུན་ཟིན་པའི་གདོས་བཅས་ཀྱི་ལུས་པོ་འདི་ཉིད་ནི་སྐྱེ་རྒ་ན་འཆིའི་གོ་རིམ་ཇི་བཞིན་ཆོས་ཉིད་ཀྱིས་ཡོངས་སུ་ངེས་པ་ཞིག་ལགས་ལ་ཆོས་ཉིད་དེའང་གནམ་གྱི་རིམ་པ་གོང་མ་ཨ་ནེ་རྒྱལ་མོའི་བཀའ་ལུང་ཇི་བཞིན་བཙན་གཉོམ་རིས་སུ་མེད་པར་བཟློག་ཐབས་ཤིན་ཏུ་དཀའ་བ་ཞིག་ཡིན་སྟབས་ཤ་ཁྲག་སྒྱུ་མའི་ལུས་པོ་འདི་ནི་ཆོས་ཉིད་ལྟར་འཇིག་པའི་དུས་མཚམས་ཀྱི་བར་དུ་ས་སྟེང་མི་ཡི་ཡུལ་ལུང་འདི་རུ་ལོ་ཁ་ཤས་ལ་སྒུག་ནས་སྡོད་དགོས་པར་ཟད་པ་ལས་ཐབས་གཞན་གང་ཡང་འཚོལ་རྒྱུ་མེད་དོ་ཞེས་པའི་དོན་ནོ།
ཞེས་པ་འདི་ནི་གངས་རིའི་ཤར་ཕྱོགས་ཨ་མདོའི་ལུང་བར་མི་ཚེ་ཐོས་པས་བསྐྱེལ་བའི་ན་གཞོན་ཁ་ཤས་ཀྱི་དྲིས་དོན་དང་བོད་ལྗོངས་སློབ་ཆེན་གྱི་སློབ་ཕྲུག་འགའ་ཤས་ཀྱི་ཞུ་ནན་མ་བཟློག་པར་བརྟེན་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བཙོན་ནས་བླངས་པའི་མགུར་མའི་བརྡ་དོན་རྣམས་རྩ་ཚིག་གི་ཡིག་འབྲུ་དག་གཙོ་བོར་ཉར་ཐོག་ཤིན་ཏུ་གོ་བདེར་ཕབ་ནས་འདི་འདྲ་ཞིག་གསུངས་ཀྱི་མེད་དམ་སྙམ་པའི་ཚུལ་དུ་བོད་ཀྱི་རིག་གནས་ཉམས་ཞིབ་པ་བན་ཤུལ་དཔལ་མཁར་རྒྱལ་གྱིས་ཕྱི་ལོ་ལོའི་སྤྱི་ཟླཚེསལ་དབུས་འགྱུར་ལྷ་ས་ནས་འབྲུ་འགྲེལ་གྱི་ཚུལ་དུ་ཕུལ་བ་ལགས་སོ།།
ངེད་དྲ་ཚིགས།