མདོ་སྨད་པ་སྒ་བུ།

         རབ་མཐོ་གངས་རི་དཀར་པོའི་མུ་ཁྱུད་ཡངས་པོས་མཐའ་མཚམས་དམ་དུ་སྦྲེལ་ཞིང༌། གཡའ་སྤང་ནགས་བྲག་རི་ཕྲེང་ཁོར་ཡུག་ཀུན་ཏུ་མངོན་པར་མཐོ་བ། སྨན་རྩྭ་དང་མེ་ཏོག་སྣ་ཚོགས་ཀྱིས་ཀུན་ནས་བརྒྱན་པའི་སྔོ་ལྗང་སྤང་ཐང་ཡངས་པོར་མུ་མཐའ་བྲལ་ཞིང༌། གཡུ་ཞུན་སྔོ་མེར་འཁྱིལ་འདྲའི་མཚོ་དང་མཚེའུ་གྲངས་མེད་པ། ཕྱོགས་ཕྱོགས་ན་དྭངསས་གཙང་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་ཆེ་ཆུང་ཉིན་མཚན་ཀུན་ཏུ་འབབ་ལ། ས་སྟེང་ན་རྟ་ནོར་ལུག་གསུམ་སོགས་སྒོ་ཕྱུགས་དང༌། སྟག་གཟིག་ཤྭ་འབྲོང་གླ་དགོ་རྣ་གཙོད་སོགས་འཛམ་གླིང་ན་རྩ་ཆེ་བའི་སྲོག་ཆགས་ཤིན་ཏུ་མང་བོ་མཆིས་པ། ས་འོག་ཏུ་གསེར་དངུལ་ཟགས་ལྕགས་སོགས་རིན་ཆེན་གཏེར་ཁ་བྱུར་བརྡོལ་བ། དབྱར་དགུན་སྟོན་དཔྱིད་དུས་བཞིའི་ནམ་ཟླ་གསལ་ཞིང་མཁའ་དབུགས་ཧ་ཅང་གཙང་བ། ནད་མུག་ཉུང་ཞིང་བདེ་འཇགས་ལྡན་པའི་ཡུལ་ཁ་བ་ཅན་གྱི་བདག་པོར་གྱུར་བའི་ང་ཚོ་ཆོལ་གསུམ་བོད་མིའི་སེམས་ཁོང་དུ་གཏན་དུ་མི་ནུབ་པའི་ཟླ་བ་སྟེ། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་གི་ཐུགས་ཀྱི་བརྩེ་བ་དམར་བོ་ནམ་ཡང་གངས་རིར་དམ་དུ་འཁྱུད་ཡོད་པས།  ང་ཚོས་ཁོང་གི་གསུང་གི་འོད་སྣང་དུས་རྟག་ཏུ་དྲན་ངེས། བོད་གནའ་མིའི་གཏམ་དཔེར། སྐྱོན་ལ་མཛུབ་མོ་དང༌། སྐྲངས་ལ་གཏར་ཁའི་དཔེ་ལྟར། པཎ་ཆེན་རིན་པོ་ཆེ་མཆོག་གིས། “ཁྱེད་ཚོས་བོད་སྐད་བཤད་པར་ངོ་ཚ་ན། མ་བཤད་ན་ཆོག་ལ། བོད་ལྭ་གྱོན་པར་ངོ་ཚ་ན་དེ་ཡང་མ་གྱོན་ན་ཆོག་མོད། འོན་ཀྱང་ཁྱོད་ཚོས་ཤ་དང་རུས་པ་ཇི་ལྟར་བྱེད་རྒྱུ་ཡིན།” ཞེས་པའི་རླབས་ཆེན་གྱི་གསུང་འདི་ནི། ང་ཚོ་ལ་རྣག་ཐོག་གཙག་ཁེལ་དུ་སོང་ཡོད་པས། ང་ཚོ་བོད་ཀྱི་བུ་ཤ་གསེང་ན་རུས་དང་རུས་གསེང་ན་རྐང་ཡོད་པ་ཞིག་ཡིན་ན། ང་ཚོས་ངེས་པར་དུ་པཎ་ཆེན་རིན་པོ་ཆེ་མཆོག་གི་རིན་ཐང་བྲལ་བའི་གསུང་འདི་དང་ལེན་བྱ་དགོས། ང་ཚོས་འདི་དང་ལེན་བྱ་ན་ཐོག་མར་འདིའི་དོན་ཤེས་དགོས་ལ། སྤྱི་བཏང་གསུང་འདིའི་དོན་མཐའ་མེད་པ་ཞིག་ཡིན་མོད་ཀྱང་ཁོ་བོས་གོ་བ་འདི་ལྟར་ལེན་པར་བྱའོ། །

གཅིག  ང་ཚོའི་ཉམས་རྒུད་དུ་འགྲོ་བཞིན་པའི་སྐད་དང་ཡི་གེ་ཡི་ཐད་དང༌།

གཉིས་པ། ང་ཚོའི་ཉམས་རྒུད་དུ་འགྲོ་བཞིན་པའི་གྱོན་ཆས་དང་ཆ་ལུགས་ཀྱི་ཐད་དང༌།

གསུམ་པ། ང་ཚོའི་ཉམས་རྒུད་དུ་འགྲོ་བཞིན་པའི་མི་གཤིས་ཀྱི་ཐད་དུ་གསུང་བ་ཞིག་ཡིན་པར་འདོད།

    དང་བོ༌། ང་ཚོའི་ཉམས་རྒུད་དུ་འགྲོ་བཞིན་པའི་སྐད་དང་ཡི་གེ་ཡི་ཐད་དུ་ཅུང་ཟད་གླེང་བར་བྱ་ན། སི་ཏཱ་ལིན་གྱིས། “སྤྱིར་མི་རིགས་ཞེས་པ་ཐུན་མོང་གི་སྐད་ཡིག་དང་ཐུན་མོང་གི་ས་ཁོངས། དཔལ་འབྱོར་འཚོ་བ། བསམ་པའི་འདུ་ཤེས་བཅས་ཡོད་པའི་ཐུན་མོང་གི་ཚོགས་པ་ཞིག་ལ་ཟེར།” ཞེས་སྐད་ཡིག་ནི་མི་རིགས་ཀྱི་ཁྱད་ཆོས་བཞིའི་ནང་གི་ཨང་དང་བོར་བཞག་ཡོད་པ་དང༌། ཡང་ན་མི་རིགས་ཤིག་ལོ་རྒྱུས་ཐོག་ཡུན་རིང་གནས་དགོས་ན། དེའི་སྐད་ཡིག་བེད་སྤྱོད་དང་གོང་འཕེལ་དུ་གཏོང་དགོས། གལ་ཏེ་དེ་ལས་ལྡོག་སྟེ་མི་རིགས་ཤིག་རྩ་མེད་དུ་གཏོང་དགོས་ན། སྔོན་ལ་མི་རིགས་དེའི་སྐད་ཡིག་བེད་སྤྱོད་མེད་པ་བཟོས་ན་མི་རིགས་དེ་རང་བཞིན་གྱིས་མེད་པར་འགྱུར་སྲིད་ཅེས་མི་རིགས་གནད་དོན་ཐད་ཀྱི་གསུང་གལ་ཆེན་འདི་འདྲ་ཞིག་བཤད་ཡོད་པ་རེད། དེས་ན་ང་ཚོ་འཛམ་གླིང་ས་སྒང་ཡངས་པོ་འདིའི་ཐོག་ཏུ་ཡུན་རིང་དུ་གནས་ཐུབ་མིན་གྱི་རྩ་བ་ང་ཚོ་བོད་རང་གི་སྐད་དང་ཡི་གེ་ཡུན་རིང་དུ་གནས་ཐུབ་མིན་ལ་ཐུག་ཡོད་པ་མ་ཡིན་ནམ། ད་ལྟ་ང་ཚོའི་གསར་བུ་རེ་འགའ་རྨོངས་པའི་དབང་གིས་ང་ཚོའི་ཡོད་ཚོད་ལ་རྙིང་བ་ཞེས་རི་བོང་གནམ་རྡིབ་ཀྱི་ཚུལ་གྱིས་ཆོ་ངེ་འདེབས་ཀྱིན་ཡོད་མོད། ང་ཚོའི་སྐད་ཡིག་ནི་འཛམ་གླིང་གི་སྐད་ཡིག་ཐམས་ཅད་ལས་ཨང་གཉིས་པར་སོན་ཡོད།ང་ཚོ་ལ་འདི་འདྲའི་ཡིད་བཞིན་གྱི་ནོར་བུ་ཞིག་ཡོད་པ་ང་ཚོས་ངེས་ཟིན་དགོས། ང་ཚོས་འདི་ལ་བདག་པོ་མ་བརྒྱབ་ན་ང་ཚོའི་ལག་ནས་ཡིད་བཞིན་གྱི་ནོར་བུ་འདི་འཆོར་ཉེན་ཡོད། དེའི་ཕྱིར་པཎ་ཆེན་རིན་པོ་མཆོག་གིས་ཐུགས་ནས་མ་བཟོད་པར་ང་ཚོ་ལ་གོང་གི་གསུང་འདི་འདྲ་བ་རྩལ་ཆེན་པོ་གནང་བ་རེད། ང་ཚོའི་སྐད་ཡིག་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འདི་ལ་གཅེས་སྤྲས་བྱེད་རན་འདུག  ད་ལྟ་ང་ཚོའི་སྐད་ཆའི་ནང་གཞན་གྱི་སྐད་ཆས་དཔུང་འཇུག་བྱས་ཏེ། ཕལ་ཆེར་བརྒྱ་ཆའི་བདུན་ཅུ་ལྷག་གཞན་གྱི་སྐད་ཆས་ཟིན་ཡོད་པར་ང་ཚོས་འདང་ཞིག་བརྒྱབས་ཨེ་མྱོང༌། ང་ཚོའི་ཡོན་ཏན་པར་ཁས་འཆེས་པའི་ལས་བྱེད་པའི་དཔུང་སྡེ་དང་སློབ་མའི་དཔུང་སྡེ་ནས་མགོ་བཟུང་སྟེ། ཕ་སྐད་ལ་གནོད་པ་ཁོ་ན་སྐྱེལ་གྱིན་ཡོད། ཁོ་རང་རྒྱལ་ཁབ་ཀྱི་ལས་བྱེད་ཡིན་སྙམ་པའི་ང་རྒྱལ་དང༌། ཁོ་བོ་སློབ་མ་ཞིག་ཡིན་པས་ཡོན་ཏན་པའི་སྡེ་རུ་སྙམ་པའི་ཁེངས་དྲེགས་ཀྱིས་མགོ་བོ་མཁའ་རུ་བསྟད་ནས། རྒྱ་སྐད་འགའ་རེ་བཤད་དེ་ཁོ་བོ་ཅིག་ཡིན་མདོག་ཁ་བོ་བསྟན་པས་ངན་ཤུགས་ནི། མང་བོ་རྣ་བས་མ་ཐོས་ཤིང༌། ཆེན་པོ་མིག་གིས་མ་མཐོང་བའི་གཞི་རིམ་གྱི་ཤེས་མེད་ཅོལ་ཆུང་དག་གིས་མིག་དཔེར་བླངས་ནས། བོད་ཆེན་པོའི་སྐད་ཡིག་མྱུར་སྐྱོབ་ཀྱི་ཚད་ལ་ཐོན་ཡོད་པས། ཁ་སང་དེ་རིང་རང་རིགས་ལ་དུང་བ་ཟབ་ཅིང༌། སྤྱི་ཕན་གྱི་ལྷག་བསམ་དཀར་བའི་དགོན་སྡེ་ནས་ཐོན་པའི་མཁས་པ་གཙོས་བོད་ཀྱི་ཤེས་ལྡན་པ་མི་ཉུང་བ་ཞིག་གིས་བོད་ཆེན་པོའི་ཕ་སྐད་མྱུར་སྐྱོབ་ཀྱི་ལས་རླབས་པོ་ཆེ་ལ་མཐའ་གཅིག་ཏུ་འབད་པ་གནང་བཞིན་ཡོད་མོད། ད་དུང་ཁོ་ཚོ་མགོ་ཁྲིད་ཡིན་ཟེར་མཁན་ཚོས་ཚིལ་གྱིས་འབུར་བའི་ལྟོ་བ་ཆེན་པོ་ཕུར་ཕུར་བྱེད་ཀྱིན་བསྲེས་སྐད་ཨེ་ཤོད་ཀྱི་ཉམས་ཐོན་པ་ནི། རང་ཉིད་རང་རིགས་ལ་དུངས་པ་མེད་པ་ལས་བྱུང་བ་ཡིན་ལ། རང་ཉིད་རང་རིགས་ལ་དུངས་པ་མེད་པ་ནི། རང་ཉིད་བ་ལང་ལས་ཀྱང་བླུན་པའི་རྟགས་ཁོ་ན་ཡིན་ཏེ། བ་ལང་ཡང་བ་ལང་ལ་དུངས་པ་ཡོད་པས། བ་ལང་གི་ཁྱུ་བཏང་ནས་གཞན་པའི་ཁྱུ་རུ་མི་འདྲེས་ལ། བ་ལང་གི་སྐད་སྐྱར་ནས་གཞན་གྱི་སྐད་དེ་ལས་ཀྱང་ག་ལ་རྒྱག

      གཉིས་པ། ང་ཚོའི་ཉམས་རྒུད་དུ་འགྲོ་བཞིན་པའི་གྱོན་ཆས་དང་ཆ་ལུགས་ཀྱི་ཐད་ནས་ཅུང་ཟད་གླེང་ན། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས། སྤྱིར་རང་རེའི་གོས་དང་རྒྱན་ཆས་འདི་བོད་གངས་ཅན་གྱི་མི་ཡིན་པའི་མཚོན་བྱེད་ཡིན། ཞེས་གསུངས་པ་ནང་བཞིན་ང་ཚོའི་གྱོན་ཆས་དང་ཆ་ལུགས་ནི་ང་ཚོ་བོད་པ་ཞིག་ཡིན་པ་མཚོན་བྱེད་ཀྱི་རྩ་བ་ཡིན་ནོ། །

ང་ཚོས་ང་ཚོའི་གྱོན་ཆས་གཡུགས་ཏེ་མི་རིགས་གཞན་གྱི་གྱོན་ཆས་ལ་ཨ་གསར་བྱེད་ཀྱིན་པའི་དེ་རིང༌།ང་ཚོ་རྒྱ་མིན་བོད་མིན་དང་ར་མིན་ལུག་མིན་དུ་གྱུར་བ་འདི་རང་རེད་ལ། རྒྱ་མིས་ནུབ་ལྭ་གྱོན་ཞིང་བོད་མིས་རྒྱ་ལྭ་གྱོན་བཞིན་པ་འདི་ནི།ཨ་གསར་གྱི་དེ་ཉིད་དང་རང་ཚུགས་མེད་པའི་རང་གཤིས་ཤིག་ལས་ཤེས་རིག་གི་དཔལ་ཡོན་དར་ནས་སྔོན་ཐོན་གྱི་རང་རྟགས་ཕྱི་རུ་བུད་པ་ཞིག་ག་ལ་ཡིན།

    གསུམ་པ། ང་ཚོའི་ཉམས་རྒུད་དུ་འགྲོ་བཞིན་པའི་མི་གཤིས་ཀྱི་ཐད་དུ་,ཅུང་ཙམ་གླེང་ན། ང་ཚོ་བོད་ཆེན་པོའི་རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་དུས་སུ་ནང་བའི་ཆོས་ཀྱི་དབུ་ཚུགས། རྒྱལ་རབས་སོ་གསུམ་སྲོང་བཙན་སྒམ་པའི་སྐུ་དུས་སུ་ནང་བའི་ཆོས་ཀྱི་སྲོལ་ཕྱེས། རྒྱལ་རབས་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་ནང་བའི་ཆོས་ཆེས་ཆེར་དར་བ་ནས་བཟུང་ང་ཚོར་སྙིང་རྗེ་ལྡན་ཞིང་གཞན་ཕན་ཆེ་བ། ལྷག་བསམ་དཀར་ཞིང་ཡིད་གཞུང་དྲང་བ།གཤིས་ཀ་འཇམ་ཞིང་མཛའ་བརྩེ་ཕྱི་ཐག་རིང་བ་སོགས་མདོར་ན་མི་རབས་ནས་མི་རབས་བར་མི་མང་དང་སྤྱི་ཚོགས་ལ་ཕན་པའི་སྲོལ་བཟང་བོ་རྒྱུན་འཛིན་བྱས་ནས། རྒན་མོ་གསེར་ཁུར་གྱི་དུས་ཞེས་དུས་འཇམ་གནས་བདེ་ཞིག་ཀྱང་བྱུང་བ་མངོན་སུམ་ཡིན་ལ། དེང་གི་མཁས་དབང་ཆེན་མོ་དཔའ་རིས་སངས་རྒྱས་མཆོག་གིས་ཀྱང༌། ང་ཚོ་བོད་འདི་དེང་སྐབས་འཛམ་གླིང་གཙུག་རྒྱན་དུ་སོན་པར་རྒྱུ་རྐྱེན་གཉིས་ཡོད་པའི་གཅིག་ནི་ནང་བའི་ཆོས་ཀྱི་དྲིན་ལས་བྱུང་བའི་མི་གཤིས་དྲང་མོ་འདི་ཡིན་ཞེས་གསུངས། ཁ་སང་དེ་རིང་མིའི་འདོད་རྔམ་ཇེ་ཆེ་དང་གཤིས་ཀ་ཇེ་བཙོག་ཏུ་འགྲོ་བ་དང་འགྲོག་ནས་ང་ཚོར་ཡང་གཞན་གྱི་ཤན་ཤུགས་ངན་པ་ཐེབས་ནས་བོད་བྱང་སེམས་ཀྱི་ལུང་བ་འདི་ཡང་ཇེ་ངན་ཇེ་བཙོག་ཏུ་འགྲོ་ཡིན་ཡོད་པ། དཔེར་བཞག་ན། སྔོན་ཆད་ང་ཚོའི་སྒོ་ཁར་སྤྲང་བོ་ཞིག་ཐོན་ཀྱང་དེ་ལ་སྐོམ་ལྡུད་པ་དང་ལམ་གྲོ་སྟེར་བ། གནས་ཚང་གཡར་བ་སོགས་བོད་མིའི་ལུགས་སྲོལ་ཡིན་ཡང༌།དེང་སྐབས་སྤྲང་བོ་ཞིག་ཡོང་ན་ལམ་གྲོ་སོགས་སྟེར་རྒྱུ་ཕར་ཞོག ཐ་ན་འགྲུལ་བ་ཞིག་ཡོང་ན་ཡང་སྣེ་ལེན་མགྲོན་བསུ་བྱེད་པ་ལྟ་ཞོག་སྡང་སྡུག་སོགས་མི་དགའ་བའི་རྣམ་འགྱུར་སྟོན་པའི་ཚད་ལ་སླེབས་ཡོད་པ་དང༌། མི་ཆ་ཡོད་མེད་ཀུན་ལ་རོགས་རམ་བྱེད་པ་སོགས་བོད་མིའི་ཐུན་མིན་གྱི་ཁྱད་ཆོས་ཡིན་ཡང༌། ད་སྐབས་ཡ་རབས་སྲོལ་བཟང་ཐམས་ཅད་ཉམས་རྒུད་དུ་གྱུར་ནས། སྡེ་བ་དང་སྡེ་བའི་བར། ཚོ་བ་དང་ཚོ་བའི་བར།ཁྱིམ་མཚེས་དང་ཁྱིམ་མཚེས་བརཕ་དང་བུའི་བར། མ་དང་བུ་མོའི་བར་ལའང་རྩོད་པ་དང་ཁ་མཆུ་རྒྱུན་ཆད་མེད་པར་བྱུང་དང་འབྱུང་གིན་ཡོད་པ་འདི་ང་ཚོའི་མི་གཤིས་ཇེ་ངན་ཇེ་བཙོག་ལ་འགྲོ་བཞིན་པའི་རྟགས་མཚན་རེད་ལ། དེ་བས་ང་ཚོས་ཀྱང་མི་གཤིས་ལ་བྱི་དོར་ཞིག་བྱེད་རན་པར་ཐོན་འདུག་པ་མ་ཡིན་ནམ། ང་ཚོས་ངེས་པར་དུ་ཡབ་མེས་བཀའ་དྲིན་ཅན་དག་གི་སེམས་སུ་དྲན་པར་བྱས་པ་ཡིན་ནའང་འདྲ། མ་འོངས་པའི་མི་རབས་རྗེས་མ་རྣམས་ཀྱིས་མདུན་ལམ་བསམ་ཞེས་ནའང་འདྲ། གང་ལྟར་ང་ཚོས་ང་ཚོ་འཛམ་གླིང་གི་རྒྱན་དུ་ཨེ་འགྱུར་ལ་བལྟ་བ་ལས་ཞབས་འདྲེན་དུ་འཕེན་ག་ལ་རུང༌།

 ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: