________ཆབ་སྲིད་བཙོན་པ་སྒྲོལ་མ་སྐྱབས་ལ་དྲན་གསོའི་ཚུལ་དུ་བྲིས།

གཟུངས་ཕྱུག་སྐྱིད།

ཉམ་ཆུང་བའི་ཁྱེད་ཀྱི་གཟུགས་བྱད་གཉོམ་པོ།

ད་ལྟ་ཡང་།  དེ་རིང་ཡང་བདག་གི་དྲན་ཤེས་ཀྱི་ཀློང་ན་གཏན་ཏུ་འཁྱིལ་འདུག

ཞོགས་པ་དེར    ཁྱེད་རང་དེ་ལྟར་ན་ཟུག་གིས་ཆས་འོངས་ཤིང་།

ས་སྲོད་དེར    ཁྱེད་རང་དེ་ལྟར་བྲེལ་འཚབ་ཀྱིས་བུད་སོང་།

དེང་ཐོག་ང་ཚོ་འཕྲད་དུས་ནི་ནམ་ཟླ་དཔྱིད་དུས་ཤིག་སྟེ།

ཚེ་སྲོག་རེ་རེར་ལྗང་མདོག་དབེན་ཞིང་དབྱངས་རྟ་རེ་རེར་མྱ་ངན་འཁྱིལ་བའི་ཕྱི་དྲོ་དེར།

ཁྱེད་ཀྱི་ཡངས་པོར་ཕྱེས་པའི་སྨྲ་ལྕེ་ལས།

རང་སེམས་གཤགས་ནས་འོང་བའི་སྐད་ཆ་རེ་རེ

ཤེད་ཤུགས་ཀྱིས་རྔུབ་པའི་ཐ་མག་རྐང་གཅིག་དང་འདྲ་བར།

སུ་ཞིག་གི་དོན་ལྔ་སྣོད་དྲུག་གི་ཚོར་ཤེས་རེ་རེ་ཡོངས་སུ་བསྲེགས

འདི་ལྟར    ལས་དབང་ལ་འཁང་ར་མེད་པའི་ཁྱེད་ཀྱིས།

རི་བོ་ཧི་མ་ལའི་མཐའ་དབུས་ཡོད་ཚད་ལ་སོ་ལྟ་ཐེངས་ཤིག་བྱས་རྗེས།

བདེན་པར་བརྒྱུས་པའི་གླུ་སྐད་ཅིག

གངས་ལྗོངས་ཀྱི་གནམ་ས་ཡོད་ཚད་ལ་ཤུགས་ཀྱིས་གྱེར།

ད་ལྟ་ཁྱེད་རང་གང་ན་ཡོད།

མི་ལོ་བཅུའི་དུས་བཀག་གི་བཙོན་དོང་ན

སྔར་བཞིན་རང་སེམས་ཀྱི་མར་མེ་སྦར་བཞིན་ཡོད་དམ

ངུ་ངག་གིས་འགྱེལ་བཞིན་པའི་སྤུན་ཟླ་ཚོ་ན་ཟུག་གིས་གླེང་བཞིན་ཡོད།

དེ་ལྟ་ནའང་ཡོངས་སུ་བསྒགས་ཟིན་པའི་ཁྱེད་ཀྱི་མགྲིན་པ་ལས།

ད་ལྟའང་ང་ཚོར་བདེན་དབང་གི་རྒྱབ་རི་ཞིག་ཀྲོང་ངེར་བཞེངས་ཤིང་།

རང་ཉིད་རང་ཉིད་ཀྱིས་བཙལ་དགོས་པའི་གནས་གནས་ལུགས་ཤིག་རྟོགས་སུ་བཅུག

 སྒྲོལ་མ་སྐྱབས

ངའི་ཕ་མེས་ཚོའི་གྲིབ་རིས་འཚོལ་བའི་མུན་ནག་གི་ཉེས་ཅན་ཁྱེད།

རང་ཉིད་ཀྱི་ཚོར་བ་མེ་ལ་སྦར་མཁན་གྱི་རྒྱལ་སྲས་ངོ་མ་དེ་ཡིན་ནམ།

ཁྱེད་རང་སོང་རྗེས་སུ  ང་ཚོ་ཡང་བསྐྱར་ཁྲག་དམར་གྱིས་སྒུལ་ཅིང་།

ངུ་ངག་གིས་དཀྲོགས་བྱུང་།

སྒྲོལ་མ་སྐྱབས

སུ་ཞིག་གི་ཡིད་ཆེས་ཀྱི་མཐོ་ས་ན་འཕགས་པའི་མུན་པའི་རྫི་བོ་ཁྱེད།

བདག་སེམས་ན་གཏན་ཏུ་འབར་བའི་གངས་རིའི་མར་མེ་རྐང་གཅིག

 ༢༠༠༩ ༥ ༢༥ཉིན་བྲིས།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: