ཞོགས་ལྗང་།

           ལོ་རྒྱུས་ཀྱིས་འུ་ཅག་ཁ་ཁར་བཏང་བ་ནི་ལོ་རྒྱུས་རང་རེད། དེར་ཁ་གཡར་ནས་རང་དགར་འདུག་པ་ནི་ལས་དོན་ལ་གཡོལ་བའི་མི་དག་གི་སྦྱོར་བ་རེད། ཡང་དེ་ཉིད་ཡོད་ཚད་གཞན་སྟེང་ལ་འགེལ་བ་ནི་རང་གིས་མ་འཁྱོངས་པའི་རྟགས་རེད། རང་གིས་མ་འཁྱོངས་པར་དོན་དག་ཡོད་ཚད་གཞན་ལ་འགེལ་བ་ནི་ལོ་རྒྱུས་མ་ཤེས་པའི་ནག་ཉེས་རེད། ལོ་རྒྱུས་ཀྱིས་དེ་དག་ཡོད་ཚད་ཁས་ལེན་གི་མ་རེད། འུ་ཅག་བྱེས་སྡོད་བོད་མི་མང་ཆེ་བའི་སེམས་ནང་དུ་བོད་འདི་གནས་ཚུལ་འདིར་སྐྱེལ་བ་ནི་ཡོད་ཚད་དགྱ་མི་དག་ལན་པ་རེད་སྙམ་གྱིན་འདུག འདི་ནི་ཁྱོད་ཚོ་ཕྱོགས་ཞེན་གྱི་དབང་དུ་སོང་དྲགས་པས་རེད་སྙམ་གྱིན་ཡོད། དེ་ལ་ང་ཚོ་ཚང་མས་འགན་ལེན་བྱེད་དགོས། ནག་ཉེས་འདི་ང་ཚོ་མི་རེ་རེའི་སྟེང་དུ་ཡོད། ནག་ཉེས་འདིའི་ཆ་ཤས་འུ་ཅག་གི་རིག་གནས་ཀྱི་སྟེང་དུ་ཡང་ཡོད། ངས་ནམ་ཡང་འདི་ལྟར་འདང་རྒྱག་གིན་ཡོད་ལ། འདི་ལྟར་བསམ་གཞིགས་བཏང་ན་ད་གཟོད་གནད་དོན་མང་བོ་ཞིག་ངང་ངམ་ཤུགས་ཀྱིས་རྙེད་འོང་གིན་ཡོད།

དགྱ་མི་དག་གིས་འུ་ཅག་ཁ་ཁར་བཏང་བ་དེར་ངེས་པར་དུ་འགན་ཁུར་ན་རེད། ཡང་གཅིག་བཤད་ན་ཁོ་རང་ཚོས་ཀྱང་ངོས་ལེན་ཡག་པོ་བྱས་ན་འགྲིག་གི་རེད་སྙམ་གྱིན་ཡོད། ཏག་ཏག་བཤད་ན་ན་སྐབས་དེར་མང་བོ་ཞིག་གིས་འུ་ཅག་དབང་དུ་བསྡུས་ན་སྙམ་གྱིན་ཡོད་ངེས་རེད། དེ་དག་གི་མཇུག་འབྲས་ནི་འུ་ཚོས་ཚོད་དཔག་རག་ཙམ་བྱ་ཐུབ་པ་ཞིག་རེད་མོད་ཀྱང་། དེ་དག་རེ་རེ་བཞིན་གླེང་བར་མི་བྱ། གང་ལྟར་མཇུག་མཐར་འུ་ཅག་དགྱ་མིའི་མངའ་འོག་ཏུ་ལྷུང་བ་ནི་དོན་དངོས་རེད། ངས་བསམ་ན་སྐབས་དེའི་ཧམ་སེམས་ལ་འུ་ཚོས་ལེ་བདའ་བྱ་དགོས་དོན་མི་འདུག་སྙམ།སུ་ལ་ཡང་ཧམ་སེམས་དེ་ཡོད་ངེས་རེད། ང་རང་དེ་ལས་ཀྱང་ཁོང་ཁྲོ་ལངས་པ་ནི་ད་ལྟའི་གནས་བབ་རེད། ནམ་ཡང་བྲན་གཡོག་གི་ལས་བླངས་ཡོད་པ་འདི་རེད། འདི་ཡང་འུ་ཚོས་མ་འཁྱོངས་པ་རེད་མོད་ཀྱང་། འདི་ལ་དགྱ་ནག་གིས་ཀྱང་བསམ་གཞིགས་ཡག་པོ་བཏང་ན་འགྲིག་གི་རེད་སྙམ་འོང་། དཔེར་ན། བོད་ཀྱི་སློབ་མའི་སྤུས་ཚད་ལ་དོ་སྣང་མི་བྱེད་པར་ནམ་ཡང་བྲན་སྒྱུར་སློབ་གསོ་ རྐྱང་བ་སྤེལ་གྱིན་ཡོད་པ་ལྟ་བུ་རེད། འདི་དག་ནི་འུ་ཚོས་ངེས་པར་དུ་བཤད་དགོས་པ་ཞིག་རེད་ལ། མ་གཏོགས་སྔོན་ཆད་ཀྱི་ཞེ་འཁོན་ཁོ་ནར་མགོ་འཁོར་ནས་ད་ལྟའི་གནས་བབ་ལ་ནམ་ཡང་མིག་མི་གཡར་བ་ནི་དངོས་གནས་འཇིགས་སུ་རུང་བ་ཞིག་རེད་སྙམ་གྱིན་ཡོད།

ཉེ་སྔོན་བདག་གི་རྩོམ་ཡིག་འགའ་རེ་བྲིས་པར་མང་བོ་ཞིག་གིས་ནང་དུ་ཅི་ཞིག་བཤད་ཀྱིན་ཡོད་པ་དང་གནད་དོན་གང་དུ་ཡོད་པར་བསམ་གཞིགས་ཡེ་ནས་མི་གཏོང་བར། ཐད་ཀར་དགྱ་ནག་དང་འབྲེལ་ཡོད་ཀྱི་མིང་རེ་དང་ཡང་ན་ཆོས་ལུགས་དང་འབྲེལ་ཡོད་ཀྱི་ཚིག་རེ་བཙལ་ནས་ཁ་ནས་ཅི་ཐོན་དང་ལག་ནང་གང་ཡོང་འབྲི་བཞིན་འདུག་པ་ནི་སྐྱོ་གར་ཞིག་མིན་ནམ་སྙམ་བྱུང་། འདི་ལྟར་ལྟ་ཚུལ་ཅུང་ཙམ་གྱིས་ཡོངས་སུ་རྒྱབ་འགལ་བྱ་འདོད་པ་ནི་དངོས་གནས་འདང་མི་དཔོག་པ་མ་ཞིག་མ་རེད་དམ། ཉེ་སྔོན་བདག་གི་འོད་དཀར་ཟིན་བྲིས་སུ་གྲྭ་བའི་ཟླ་ཕོག་སྐོར་གྱི་རྩོམ་ཞིག་བཞག་ཡོད་པར། མི་རེ་འགས་ཉོག་གཏམ་ལུང་བ་གང་རེ་ལབ་འདུག  ཏག་ཏག་བཤད་ན་འདི་དག་ཡོད་པས་ལན་རེར་གཞི་ནས་མཚམས་འཇོག་སྙམ་པ་བྱུང་ཡང་། ང་རང་ནམ་ཡང་མི་སེམས་དཀྱུས་མ་དང་མཉམ་དུ་འགྲོ་དགོས་སྙམ་ན། ཁོག་ན་ཅི་ཡང་མེད་པའི་མི་འདི་དག་ལ་འདི་ལྟར་མི་བཤད་ཐུ་མེད་རེད། ཁྱོད་ཚོས་བདག་གི་རྩོམ་ཡིག་དག་ཀློག་མི་ཤེས་ན་མ་བཀླག་ཀྱང་ཆོག་མོད། དེ་དག་མ་བལྟས་པར་དུངས་ཞེན་ཁོ་ནའི་དབང་གི་སྐད་ཆ་ལབ་པ་ནི་དུས་ཚོད་འཕྲོ་བརླག་མ་རེད་དམ་ཞེས་ཡང་ཡང་སྐུལ་བ་ལགས།

དེ་ཡང་ཅུང་སྐྱོན་ཆུང་རེད་མོད། འུ་ཅག་ལ་དུངས་ཞེན་ཆེ་དྲགས་པས་སམ། ཡང་ན་རྒྱུ་རྐྱེན་དང་དམིགས་ཡུལ་གཞན་ཡོད་མེད་གང་ཡིན་ཆ་མ་འཚལ་མོད། ད་ལྟ་བོད་ཕྱི་ནང་གཉིས་སུ་འདི་ལྟ་བུའི་བཤད་ཚུལ་ཞིག་ཡོང་གིན་འདུག  ཁོ་ཚོས་ཞོགས་དུང་ཚོགས་པ་དང་ན་གཞོན་གསར་བའི་ཚོགས་པ་ཞེས་དེ་གཉིས་ནམ་ཡང་ཚོགས་པ་ཡན་གར་བ་རེ་རེའི་ངང་ནས་ལྟ་གི་འདུག འདི་ནས་ཚང་མས་བསམ་གཞིགས་རྣལ་དུ་ཕབ་ཏེ་བཤད་དགོས་པའི་གཏམ་ཞིག་ལགས་ཏེ། བལྟས་པ་ཙམ་གྱིས་གནད་དོན་ཆེན་པོ་མེད་ན་ཡང་། མི་འགྱངས་པར་འདི་ཡང་གནད་དོན་ཆེན་པོ་ཞིག་ཏུ་མི་འགྱུར་བའི་ངེས་པ་རྦད་དེ་མི་འདུག སྤྱིར་ན་འདི་གཉིས་ནི་བསམ་བློའི་དཔུང་ཁ་མཐུན་པའི་མི་དག་ལ་འབོད་ཀྱིན་འདུག་མོད།  ཚང་མས་འདི་དག་ཚོགས་པ་ཞིག་ཏུ་ལྟ་བཞིན་འདུག་པ་ནི་མིག་རྒྱང་ཐུང་དྲགས་པའམ་ཡང་ན་གླེན་རྟགས་ཆེ་དྲགས་པས་རེད། གང་ལྟར་འདི་ལྟར་ལྟ་བ་ནི་དངོས་གནས་ཧ་མི་གོ་བའི་དོན་དག་ཅིག་རེད།བསམ་བློའི་མཐུན་ཕྱོགས་ཙམ་གྱིས་ཚོགས་པ་ཞིག་ཏུ་འགྱུར་འགྲོ་ན་ང་རང་ཡང་ཚོགས་པ་མང་བོ་ཞིག་གི་ཚོགས་མི་ཡིན་ཏེ། ང་ལ་མི་རབས་གསུམ་པ་དང་བཞི་བ། ད་དུང་ཁྱོད་ཚོས་བཤད་ཀྱིན་པའི་ན་གཞོན་གསར་བ་དང་ཞོགས་དུང་སོགས་མང་བོ་ཡོད་པས། དོན་དངོས་སུ་ང་རང་ཚོགས་པ་གང་དུ་འཇུག་རྒྱུ་ཡིན་ནམ། གཞི་ནས་དགོད་བྲོ་བའི་བྱ་སྤྱོད་འདི་དག་ལ་བསམ་གཞིག་བཏང་ན་ད་དུང་ཁ་བ་མི་མཐུད་དུ་འབབ་རྒྱུ་ལོས་ཡིན་སྙམ་པ་ཞིག་བྱུང་། ཡང་སྔ་མོ་ནས་ཡང་དང་བསྐྱར་དུ་ན་གཞོན་གསར་བ་ནི་ཚོགས་པ་ཞིག་མིན་ཚུལ་དང་ཞོགས་དུང་ལ་ཡང་ཚོགས་པ་ཞེས་བོས་ན་མི་འགྲིག་ཚུལ་བཤད་མྱོང་ན་ཡང་། འདི་དག་ལ་ཇི་ལྟར་བཤད་ན་དེ་ལྟར་ཇེ་དྲག་ཏུ་སོང་བས། མཐར་དགྱ་ནག་སྲིད་གཞུང་གིས་ཀྱང་ཡོད་ཚོད་ཚོགས་པ་ཞིག་གི་ངོས་ནས་ལྟ་གི་འདུག་ཅེས་ད་ལྟ་ག་ལེར་ཐོས་འོང་། ནག་ཉེས་འདི་དག་ཡོད་ཚོད་སུ་ཡི་སྟེང་ན་མེད་པར། འུ་ཅག་གི་བསམ་བློའི་མུན་ནག་གི་སྟེང་དུ་ཡོད།

ཡང་ནས་ཡང་དུ་བཤད་རྒྱུ་ཞིག་ལ། འུ་ཅག་སུ་ལ་ཡང་བསམ་བློ་མི་མཐུན་པ་འབྱུང་སྲིད་ཀི་རེད་ལ། འབྱུང་འོས་པ་ཞིག་ཀྱང་རེད། དཔར་ཤིང་གཅིག་ཏུ་དཔར་བའི་སྐུ་ལྟ་བུ་ཞིག་ཏུ་གྱུར་ཡོད་དུས་གཞི་ནས་ཚར་སོང་བ་ཡིན་ཏེ། དགྱ་ནག་གིས་འུ་ཅག་དབང་འོག་ཏུ་འཇུག་དུས་ཀྱང་ད་ལྟ་བུའི་སྣང་ཚུལ་སྐྱུག་བྲོ་བོ་དག་གིས་ལན་པ་མ་རེད་ཅེས་སུ་ཡིས་བསྙོན་ཐུབ་བམ། དེ་ན་བྱེས་སྡོད་པ་ཚོས་མཐའ་གཅིག་ཏུ་ཆབ་སྲིད་ཀྱི་ལངས་ཕྱོགས་འཁྱེར་འོང་ནས་གང་འདོད་འདོད་ཅིག་མ་བརྗོད་རོགས། ཡང་གཞིས་སྡོད་པ་ཚོས་འདི་ཚོགས་པ་དང་གན་ཚོགས་པ་ཞེས་གང་འདོད་འདོད་ཅིག་མི་འདོགས་རོགས། ང་རང་ཚོ་ནི་ནམ་ཡང་མི་བུ་ཁེར་རྐྱང་བ་རེ་རེ་ཡིན་པ་ལས། ནམ་ཡང་ཚོགས་ག་གེ་མོ་ཡིན་མི་སྲིད་དོ། །  གལ་ཏེ་ཡིན་དགོས་ཟེར་ང་རང་ཚོ་ནི་བོད་མི་རིགས་མཐུན་སྐོར་ཞིག་ཡིན་པ་དེ་ཙམ་མོ། །

 ཡོང་ཁུངས་བོད་ནང་གི་དྲ་བ།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading