རྒུ་རུ་བ་རྡོ། 

བརྡ་འཕྲིན་གྱི་དུས་རབས་ཇི་ལྟར་ཤུགས་ཆེ་ཡང

འཇིག་རྟེན་གྱི་ཟ་ཟུར་གང་ཞིག་དང

དེའི་སྐྱིད་སྡུག་ནམ་ཡང་ཤེས་ཐབས་བྲལ་བས

ངས་རྒྱུས་ལོན་པའི་གནས་ཚུལ་ཁ་ཤས་ཁྱོད་ཚོར་སྙན་སེང་འབུལ་ངེས

                  ལྷ་སར་ཡོང་ན།

ལྷ་སར་ཡོང་ན་རྩམ་ཁུག་དང་དད་པ་ཁོ་ན་ཁུར་ནས་མ་ཡོང

ལྷ་སར་ཡོང་ན་ལོ་རྒྱུས་དང་ལ་རྒྱ་རྐྱང་རྐྱང་དྲན་ནས་མ་ཡོང

ལྷ་སར་ཡོང་ན་སྡོད་དམངས་ལག་ཁྱེར་དང་དོགས་ཟོན་ཁུར་ལ་ཤོག 

ལྷ་སར་ཡོང་ན་བསམ་བློ་དང་སྨྲ་བརྗོད་ཡུལ་ནས་བསྐྱུར་ལ་ཤོག

                      ལྷ་ས། 

ལྷ་ས་ནི་ལྷ་ས་རང་སྟེ

ལྷ་རིགས་སྣ་ཚོགས་ཀྱི་འདུ་འཛིའི་གསེབ་ན

ལོ་བརྒྱད་ལོན་པའི་བྱིས་པ་ཞིག་དང་འདྲ་བར

ངོ་གདོང་ཁོ་ན་གཙང་མར་བཀྲུས་ཤིང་སུ་ལའང་ངོམ་གྱིན་འདུག

                    པོ་ཏ་ལ།

པོ་ཏ་ལ་མཐོང་དུས་སུས་ཀྱང་མཆི་མ་རྣང་གིན་འདུག

དེ་ལའང་ཁག་མི་འདུག་སྟེ

དེ་ནི་ཁོ་རང་ཁེར་རྐྱང་དུ་འགྲེང་བ་སྔ་དྲགས་པས་ཡིན་པ་འདྲ

དེ་ནི་ང་ཚོས་ཁོ་རང་མཐོང་བ་འཕྱི་དྲགས་པས་ཡིན་པ་འདྲ

པོ་ཏ་ལ་མཐོང་དུས་སུས་ཀྱང་ལག་པར་ཟ་འཕྲུག་ལངས་ཀྱིན་པ་འདྲ

དེ་ལའང་ཁག་མི་འདུག་སྟེ

དེ་ནི་རྔུལ་ཆུ་དང་ཟུངས་ཁྲག་ཡིན་པ་ཤེས་ཀྱིན་པ་འདྲ

དེ་ནི་རྡོ་བ་དང་གསེར་ཡིན་པ་གོ་མྱོང་བ་འདྲ

           ལྷ་སའི་ཆང་ཁང་།

ལྷ་ས་ན་ཆང་ཁང་ཧ་ཅང་མང་པོ་ཡོད

དཔེར་ན  གསེར་རྟ་དང་ཨ་མའི་པགས་རྩག་སོགས

ལྷ་ས་ན་ཆང་རིགས་ཧ་ཅང་མང་པོ་ཡོད

དེ་ཡང་ལྷ་སའི་ནས་ཆང་དང་ལྷ་སའི་སྦི་རག་ལྟ་བུའོ

ལྷ་ས་ན་ཨ་མ་ཆང་མ་ཡང་ཧ་ཅང་མང་པོ་ཡོད

དེ་ཡང་ཆོལ་གསུམ་གྱི་མཛངས་མ་དང་ནང་ལོག་གི་མཛེས་མ་སོགས་སོ

ས་སྲོད་ནས་ཐོ་རེངས་བར་

ལྷ་སའི་ཆང་ཁང་དང་སྦི་རག

ད་དུང་ཨ་མ་ཆང་མ་དག་གིས

ཁྱོད་ལ་དགའ་བསུ་བྱེད་ངེས

ཆང་ཁང་རེ་རེའི་ནང་དུ

མི་ཚོས་ཕྲག་དོག་དང་འདོད་ཆགས་མཆན་ལ་སྦས་ནས

མདུན་སོ་གཉིས་ཀ་བཙན་གྱིས་ཕྱིར་མངོན་དུ་བཅུག་ནས

བོད་ཀྱི་སྒོར་བྲོ་དང་ཕྱི་གླིང་གི་རྡེ་ཧྲི་གོ་འཁྲབ་ཀྱིན་ཡོད

ད་དུང་ཀུན་དགའི་ལྷ་སའི་ཆང་ཁང་དང་ཚེ་བརྟན་སྒྲོལ་མའི་ཨ་མ་གཅིག་གི་བུ་མོ་ཡང་ལེན་གྱིན་ཡོད

                   དབུལ་ཕྱུག

དབུལ་ཕྱུག་ཅེས་པའི་ཐ་སྙད་འདི་མཐོང་ན

ཁྱོད་ཀྱིས་སུ་ཞིག་དྲན་འོང

མུ་ནེ་བཙན་པོ་དྲན་ཡོང་ངམ་མོའོ་ཀྲུའུ་ཞི་དྲན་འོང

གསེར་དངུལ་སོགས་ལྕགས་རིགས་ཀྱི་རྒྱན་བཏགས་ཤིང

དངུལ་ལོ་མ་གཏོགས་བསམ་རྒྱུ་མེད་མཁན་དེ་ཚོ་ཕྱུག་པོ་ཡིན་ནམ

གནའ་དེང་གི་དཔེ་དེབ་མང་པོའི་བསླུ་བྲིད་འོག་ན

ཉི་མ་དང་ཟླ་བ་ནོར་མཁན་དེ་ཚོ་ཕྱུག་པོ་ཡིན་ནམ

ཆང་སེར་དང་རྩམ་པ་ལས་མེད་ཅིང

དད་འདུན་དང་སྙིང་རྗེ་ཁོ་ནས་བཟི་འདུག་པ་ཕྱུག་པོ་ཡིན་ནམ

                                                                                            ༢༠༡༢//༡༢ཉིན་ལྷ་ས་རུ།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading