རེས་གཟའ་ཉི་མའི་ཉིན་ཧོང་ཀོང་གི་སློབ་ཕྲུག་གཙོས་པའི་མི་མང་སྟོང་ཕྲག་མང་པོ་ཁྲོམ་གཞུང་དུ་ཐོན་ཏེ། ཧོང་ཀོང་མང་གཙོ་ཚོགས་པས་སྤེལ་བའི་ཞི་བའི་ཚོང་ལས་ལྟེ་བ་བཙན་བཟུང་གི་ལས་འགུལ་ལ་རྒྱབ་སྐྱོར་འོག རྒྱ་ནག་གཞུང་གིས་ཧོང་ཀོང་ལ་མང་གཙོ་ཡང་དག་པའི་འོས་འདེམས་ཀྱི་ཐོབ་ཐང་སྤྲོད་དགོས་པའི་འབོད་སྐུལ་བྱས་ཡོད་ཀྱང་། ཧོང་ཀོང་སྲིད་གཞུང་དང་པེ་ཅིང་ཕྱོགས་གཉིས་ནས་རྣམ་འགྱུར་མཁྲེགས་བཟུང་གིས།ཚོང་ལས་ལྟེ་བ་བཙན་བཟུང་གི་ལས་འགུལ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་པས། ཉེན་རྟོག་པས་ཐེ་ཚོམ་མེད་པར་ཁྲིམས་ལུགས་ལྟར་ཐག་གཅོད་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་དང་། མི་མང་གི་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་དུ་རྒྱ་ཆེ་རུ་འགྲོ་བཞིན་འདུག

དེའང་ཟླ་འདིའི་ཕྱི་ཚེས་༢༨ (རེས་གཟའ་ཉི་མའི་) ཉིན་གྱི་སྔ་དྲོར། ཧོང་ཀོང་ཚོང་ལས་ལྟེ་བ་བཙན་བཟུང་གི་ལས་འགུལ་གྱི་སྣེ་ཁྲིད་པ་ཏེ་ཡོ་ཐི་ཡིས་སློབ་མའི་ངོ་རྒོལ་འདུ་འཛོམས་སུ་གསལ་བསྒྲགས་སྤེལ་ཏེ། ལས་འགུལ་དེ་ཐོག་མར་སྲིད་གཞུང་གི་སྤྱི་ཁྱབ་ལས་ཁུངས་ནས་དངོས་སུ་འགོ་འཛུགས་རྒྱུ་ཡིན་པ་དང་། ང་ཚོའི་དགོས་འདུན་ནི་ཉེ་སྔོན་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱིས་གཏན་འབེབས་བྱས་པའི་ཧོང་ཀོང་གི་འོས་འདེམས་སྐོར་གྱི་ཐག་གཅོད་ཕྱིར་བསྡུ་བྱས་ཏེ། བསྐྱར་དུ་ཧོང་ཀོང་གི་ཆབ་སྲིད་བཅོས་བསྒྱུར་དགོས་པ་སོགས་ཡིན་ཞིང་། གལ་ཏེ་དགོས་འདུན་དེ་དག་བསྐོང་མ་ཐུབ་པ་ཡིན་ན།ཚོང་ལྟེ་བཙན་བཟུང་གི་ལས་འགུལ་མུ་མཐུད་རྒྱ་ཆེར་འགྲོ་རྒྱུ་རེད་ཅེས་བརྗོད་འདུག

ཉིན་དེར་ཧོང་ཀོང་སྲིད་གཞུང་གི་སྤྱི་ཁྱབ་ལས་ཁུངས་མདུན་གྱི་ངོ་རྒོལ་བའི་འདུ་འཛོམས་སར་ཉེན་རྟོག་པས་དུག་རླངས་སོགས་གཡུགས་ཏེ། ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་ཡོངས་སུ་བཀག་སྡོམ་བྱས་ཡོད་པ་དང་། ཧོང་ཀོང་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་མི་ཧི་ཅུན་རན་དང་། ལུའུ་ཧྥན་ཆི། ཀྲང་ཁྲའོ་ཞང་། འོས་བསྡུ་ངོ་མའི་གནའ་འབྲེལ་ཚོགས་སྐོང་འགན་འཛིན་ཀྲན་ཡུ་ཧྲའོ་བཅས་ངོ་རྒོལ་བྱེད་ས་ནས་ཉེན་རྟོག་པས་ཁྲིད་སོང་ཡོད་འདུག

སློབ་ཕྲུག་གཙོས་པའི་ཧོང་ཀོང་གི་མང་གཙོ་ལས་འགུལ་བ་དང་ཉེན་རྟོག་པའི་བར་མུ་མཐུད་དུ་གདོང་ཐུག་བཞིན་པ་དང་། ཕྱི་ཚེས་༢༩ ཉིན་གྱི་སྔ་དྲོར་རང་སྲུང་སྒྲིག་ཆས་གོན་པའི་ཉེན་རྟོག་པས་ངོ་རྒོལ་བའི་ཁྲོད་དུ་དུག་རླངས་གཡུགས་ཏེ། ངོ་རྒོལ་མུ་མཐུད་རྒྱ་ཆེར་འགྲོ་བར་བཀག་འགོག་བྱས་ཡོད་པ་དང་། ཉེན་རྟོག་པ་དང་མི་མང་གི་ཟིང་འཁྲུག་དེའི་ཁྲོད་ཉུང་མཐའ་ཡང་མི་༢༦ ཙམ་ལ་རྨས་སྐྱོན་ཕོག་ཡོད་པའི་གནས་ཚུལ་ཐོན་འདུག

དེ་བཞིན་རེས་གཟའ་ཟླ་བའི་ཉིན། སྤྱི་ཁྱབ་ལས་ཁུངས་ཧོང་ཀོང་ཚོང་ལས་ལྟེ་བ་རུ་ཡོད་པའི་དངུལ་ཁང་ཆེ་ཁག་ཁ་ཤས་ཀྱིས་གནས་སྐབས་རིང་ལས་མཚམས་བཞག་རྒྱུ་ཡིན་འདུག ཧོང་ཀོང་དངུལ་རྩ་དོ་དམ་ཁང་གིས་གསལ་བསྒྲགས་སྤེལ་བ་ལྟར་ན། ཧོང་ཀོང་གི་དངུལ་ཁང་༢༩ ཡི་ཡན་ལག་དངུལ་ཁང་དང་དངུལ་ཁང་༡༧ གྱི་ལས་ཁུངས་དང་དངུལ་སྒམ་ (ATM) གཟའ་ཟླ་བ་ནས་གནས་སྐབས་རིང་ཧོང་ཀོང་དུ་ལས་མཚམས་འཇོག་རྒྱུ་ཡིན་པ་རེད།

རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱིས་ཟླ་སྔོན་མའི་ནང་འབྱུང་འགྱུར་༢༠༡༧ ལོའི་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤྱི་ཁྱབ་དཔོན་གྱི་འོས་མི་དེ། ཧོང་ཀོང་གི་མི་མང་ལ་མིང་འདོན་བྱེད་པའི་དབང་ཆ་མེད་པར་བཟོས་པའི་ཐག་གཅོད་ཕྱིར་བསྒྲགས་བྱས་ནས་བཟུང་། སློབ་ཕྲུག་གཙོས་པའི་ཧོང་ཀོང་གི་མི་ཧ་ཅང་མང་པོ་ཞིག་གིས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་འོག དེ་ནི་དོན་དམ་གྱི་འོས་འདེམས་ངོ་མ་ཞིག་མིན་པར་ངོས་འཛིན་བཞིན་ཡོད་ལ། ཧོང་ཀོང་གི་སློབ་ཆེན་ཁག་གི་སློབ་མ་ཁྲི་སྟོང་མང་པོས་སློབ་མཚམས་བཞག་ཏེ། ཧོང་ཀོང་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་དང་པེ་ཅིང་གིས་ཧོང་ཀོང་ལ་མང་གཙོའི་འོས་འདེམས་ཚད་ལྡན་ཞིག་སྤྲོད་དགོས་པའི་དགོས་འདུན་འདོན་བཞིན་པ་རེད།

ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤྱི་ཁྱབ་དཔོན་ལང་ཀྲན་ཡན་གྱིས་གཟའ་ཟླ་བའི་གསར་འགོད་ལྷན་ཚོགས་ཐོག ཚོང་ལས་ལྟེ་བ་བཙན་བཟུང་ནི་ཁྲིམས་འགལ་གྱི་ལས་འགུལ་ཡིན་པ་དང་། ཉེན་རྟོག་པའི་ཕྱོགས་ནས་ཁྲིམས་ལུགས་ལྟར་ཐག་གཅོད་བྱ་རྒྱུ་ཡིན་ཞེས་བརྗོད་འདུག དེ་བཞིན་ཉིན་དེར་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཧོང་ཀོང་དང་མའེ་ཁོ་ལས་སྒྲུབ་གཞུང་ལས་ཁང་གི་མགྲིན་ཚབ་པས་ཀྱང་། ལས་འགུལ་དེ་ནི་ཁྲིམས་འགལ་གྱི་འདུ་འཛོམས་ཤིག་ཡིན་སྟབས། དབུས་སྲིད་གཞུང་གིས་ཧོང་ཀོང་དུ་བྱུང་བའི་ཁྲིམས་ལུགས་གཏོར་བཤིག་དང་། སྤྱི་ཚོགས་ཀྱི་བདེ་འཇགས་དཀྲུག་པའི་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བརྗོད་འདུག།

གསར་འགོད་པ། ཐུབ་བསྟན།

ཡོང་ཁུངས་བོད་ཀྱི་བང་ཆེན།

དཔྱད་མཆན་སྤེལ།

%d