༈ དོན་ངོ་མར་བོད་ལ་ཅི་ཞིག་དགོས་པ་ཨེ་ཤེས།

                                                                                                                                                             སྒོ་ཡོན།

  བོད་ཀྱི་གྲས་ནས“ཁྱོད་ལ་ཅི་ཞིག་དགོས”ཞེས་དྲིས་ཚེ། བོད་མི་མང་ཆེ་བས་ཟེར་ན། “ང་ཚོར་ཕྱི་མར་འགྲོ་ཡང་བློ་བདེ་བའི་ཆོས་བསྒྲུབ་ས་ཞིག་དགོས།མི་གྲང་མི་ལྟོགས་བྱེད་ཅིག་དགོས། དེའི་ཁར་ལྷ་སར་འགྲོ་བའི་ལམ་ཆས་ཤིག་དགོས” སོགས་ཀྱི་དྲི་ལན་རྒྱག་གིན་ཡོད། ཁྱོད་ལ་ཅི་ཞིག་དགོས། ཡང་རྒྱ་མི་གང་མང་གིས་ཟེར་ན། “ཤོག་དངུལ་ཅི་ཐོབ་ཅིག་དགོས། རང་གི་བློ་ལ་བབས་པའི་མི་ཞིག་དགོས།དེའི་སྟེང་དུ་ནུབ་གླིང་ཁག་ཏུ་འགྲོ་ཐུབ་པའི་ཐབས་ཤིག་དགོས” སོགས་ཀྱི་དྲི་ལན་འདེབས་ངེས།

 དོན་ངོ་མར་འགྲོ་བ་མིའི་རིགས་ལ་ཅི་ཞིག་དགོས་སམ། དོན་ངོ་མར་བོད་མི་ཚོར་ཅི་ཞིག་དགོས་ཤིང་ཅི་ཞིག་འཐོབ་ན་འགྲིག་གམ། འདི་ནི་བོད་མི་བྱིངས་ཀྱིས་འདང་རྒྱག་དགོས་པའི་གནས་ཤིག་རེད་ལ།བོད་ཀྱི་ཤེས་ཡོན་ཅན་དག་གིས་བསམ་བློ་བཏང་དང་གཏོང་བཞིན་པའི་གནད་དོན་ཆེས་འགལ་འགངས་ཅན་ཞིག་ཀྱང་རེད། དེ་བས་ན། ཆོས་སྲིད་ཀྱི་ཁྱད་པར་དང་ཕོ་མོ་ཡི་དབྱེ་བ། གྲྭ་གྲོང་གི་རྣམ་པ།དབུལ་ཕྱུགས་ཀྱི་མཐོ་དམན་སོགས་དབྱེ་ཕྱོགས་དང་བར་ཁྱད་ཀུན་ཀྱི་མཐའ་ལས་བུད་དེ། དོན་དམ་པར་བོད་ལ་ཅི་ཞིག་དགོས་པ་རེད་ཅེས་དྲིས་ཚེ། བོད་མི་ཚོར་དུས་ད་ལྟའི་བར་དུ་ཡོད་མ་མྱོང་ཡང་ངེས་པར་དུ་ཡོད་དགོས་པ་ནི “འགྲོ་བ་མིའི་ཐོབ་ཐང་ངོ” ཞེས་ཤེས་ཡོན་ཅན་གྱི་རིགས་དག་གིས་ནི་ལན་དེ་ཁོ་ན་གདབ་པར་འགྱུར་རོ།།

   དེ་ལྟ་ན་ཡང༌། བོད་མི་སྤྱི་དང་བོད་ཀྱི་རོང་འབྲོང་སྤྱིའི་རྣ་ལམ་ལ་ནི་འགྲོ་བ་མིའི་ཐོབ་ཐང་ཞེས་པ་ཚེ་ལུས་གཅིག་ལ་ཐོས་མ་མྱོང་བའི་མིང་བརྡ་གསར་བ་ཞིག་ཡིན་ལ། ཁོ་ཚོར་ཡར་མར་གཉིས་དང་འདུ་ཕྱི་གཉིས་ཀྱི་ལམ་སྟོན་གནང་བའི་མཁན་པོ་མཁས་པ་དང་སྤྲུལ་སྐུ་མཁྱེན་པ་ཅན་དག་གིས་ཀྱང་འདི་ཁོ་ན་ནི་ཤེས་མེད་ཅིང་མཁྱེན་མེད་པའི་གནད་དོན་གསར་བ་ཞིག་ཡིན་གི་ཡོད་པ་རེད། དེ་ཡང་མི་ཚུལ་གྱི་བསམ་བློའི་མངའ་ཐང་ཡངས་ཤིང་རྒྱུ་འབྲས་ཀྱི་ལས་དོན་ཕྱོགས་སུ་རྒྱས་པའི་ནུབ་གླིང་བ་དག་ལ་མཚོན་ན་ནི། གནའ་སྔ་མོ་ནས་སད་ཅིང་ཐོབ་ཏེ་ཡོད་པ་ཞིག་མ་ཡིན་ནའང༌། མི་རབས་རེ་རེའི་སད་རྟོག་གསོག་འཇོག་གི་ལམ་ནས་དུས་ད་ལྟ་འགྲོ་མིའི་ཐོབ་ཐང་ནི་ཆེས་རྨང་གཞིར་བཞག་པའི་རྒྱུན་ཤེས་ཀྱི་གོ་བ་ཞིག་ཡིན་ལ། དུས་ཀྱི་ངོས་དང་ཐོབ་ཀྱི་གདན་བཅས་ལ་མ་ལྟོས་པར་མི་ཞིག་གི་མ་མཐའི་མཚན་ཉིད་དམ་རྨང་གཞིའི་ཁེ་དབང་དུ་བགྲང་གིན་འདུག

  དེ་ཡང་ཡིན་ཏེ། འགྲོ་མིའི་ཐོབ་ཐང་མེད་པ་གང་དེ་ལ་འགྲོ་མིའི་བདེ་སྐྱིད་ཡག་པོ་ཞིག་རྩ་བ་ནས་ཐོབ་སར་མི་འགྲོ་ལ། འགྲོ་མིའི་ཐོབ་ཐང་མི་ལྡན་པའི་ཁོར་ཡུག་ཏུ་དོན་ལ་གནས་པའི་བདེན་པ་ཚུགས་ཐུབ་ཅིག་ཁྱོན་ནས་བརྩི་སྲུང་བྱེད་སར་མི་འགྲོ་བ་རེད། དེ་བཞིན་འགྲོ་མིའི་ཐོབ་ཐང་ནི་འགྲོ་བ་གཞན་དང་དབྱེ་བ་འབྱེད་པའི་རྟགས་མཚན་ནམ་མི་དང་མི་མ་ཡིན་པའི་ཁྱད་ཆོས་གཞག་བྱེད་ཀྱི་སྙིང་བོ་ཡིན་ལ། མི་སྒེར་རེ་རེའི་དགའ་ཕྱོགས་དང་འཇོན་ནུས། དམིགས་ཡུལ་དང་ལས་དོན་ཁག་རང་བཞིན་གྱིས་གནས་ཆོག་པའི་ལྷན་གནས་ཀྱི་དབང་ཆ་དང༌། དེ་དག་ཡར་ལ་སློང་ཞིང་ཡར་ལ་སྐུལ་བའི་ཐབས་ཇུས་སམ་བདེན་པ་བདེན་པར་གཞག་པ་དང་གནས་ལུགས་གནས་ལུགས་སུ་གཞག་པའི་ཚད་བྱེད་ཡིན།

 གང་ཞིག་འགྲོ་མིའི་ཐོབ་ཐང་མི་ལྡན་པའི་དུས་ནི་མི་དོན་ཉམས་ཉེས་སུ་འགྲོ་བའི་དུས་ཡིན་ཞིང༌། སུ་ཞིག་གིས་འགྲོ་མིའི་ཐོབ་ཐང་མེད་པར་བཟོ་བའི་དུས་ནི་མི་ཡུལ་ལ་སྡུག་བསྔལ་གྱི་ཉེན་གདུང་དྲག་པོ་ཞིག་འབྱུང་གིན་པའི་ལོ་ངན་གྱི་དུས་ཁོ་ན་ཡིན། དེ་ལྟར་ཡང༌། དུས་རབས་རེ་རེ་དང་ལོ་རབས་རེ་རེ་ཕར་ཕར་འདས་ནས་དུས་དེ་རིང་ལ་ཐུག་གི་བར་དུ། རང་ཅག་བོད་མིའི་སྤྱིའི་ཚོགས་སུ་འགྲོ་མིའི་ཐོབ་ཐང་ལ་ཤུགས་རྒྱག་མཁན་དང་དེའི་སྐོར་ལ་འབོད་པ་གནང་བའི་དམ་པ་རེ་ཟུང་བྱོན་མྱོང་མེད་པ་མིན་ཡང༌། བོད་མི་བྱིངས་ཀྱི་ངོས་ནས་བལྟས་ན་འགྲོ་མིའི་ཐོབ་ཐང་ནི་ཤིན་ཏུ་ནས་ཀྱང་གོ་ཐོས་དང་འབྲེལ་འདྲེས་མེད་པའི་རྒྱང་རིང་བའི་གནད་དོན་ཞིག་ཡིན་པ་དང༌། ཡང་ན་ཤིན་ཏུ་ནས་ཀྱང་དགོས་གལ་ཆེ་ཞིང་ཟབ་དོན་ལྡན་པ་ཞིག་སྟེ། ཕར་དེད་ན་བོད་མི་འཚོ་དགོས་མིན་ནི་འགྲོ་མིའི་ཐོབ་ཐང་ཡག་པོ་ཞིག་འཐོབ་ཐུབ་མིན་གྱི་ཚད་དུ་འཕྲད་ཡོད་པ་ཡིན།   འོ་ན། དེ་ལྟ་བུའི་རིན་ཐང་བླ་མེད་ཀྱི་འགྲོ་མིའི་ཐོབ་ཐང་དེ་ཉིད་རང་ཅག་གི་སྤྱི་ཚོགས་སུ་ཚུར་ལེན་དང་རྩ་འཛུགས་དགོས་ཚེ། དེ་ཡང་ཕྱི་ཡི་སྒེར་གཅོད་གཞུང་གི་བཙན་དབང་དང་བཀག་རྒྱ་ལ་འཇིགས་དགོས་པ་དང༌། ནང་གི་མི་དམངས་སྤྱི་ཡི་སྒོ་བཀག་དང་རྨོངས་དད་ལ་སྐྲག་དགོས་པས་ན། འགྲོ་མིའི་ཐོབ་ཐང་ནི་མི་རྣམས་ཀྱི་མ་མཐའི་ཁེ་དབང་ཡིན་ན་ཡང༌། ཐོག་མ་ནས་མ་མཐའི་ཐོབ་བྱ་ཞིག་ཏུ་གྱུར་མེད་པའི་དབང་གིས། སྔོན་ཐོན་གྱི་དཔལ་ཡོན་མངའ་ཞིང་སྔོན་ཞིག་ནས་འགྲོ་མིའི་ཐོབ་ཐང་ལྷུན་ཆགས་སུ་ཕྱིན་ཡོད་པའི་ཡོ་རོབ་གཙོས་པའི་ནུབ་གླིང་གི་རྒྱལ་ཁབ་དང་མི་དམངས་དེ་དག་གིས་ཀྱང༌། དོན་གྱིས་ཐོབ་ཡོད་པ་དེ་ཉིད་བདེན་པས་བརྩད་ནས་ཡོང་བ་ཞིག་ཡིན་པ་ལས། ཡེ་ཤུ་བའི་གཙོ་བོ་ཡིས་བསྩལ་ཅིང་ནང་བསྟན་པའི་དཀོན་མཆོག་གིས་གནང་ནས་ཡོང་བ་ཞིག་ནི་རྩ་བ་ནས་ཡིན་པ་མ་རེད།

 དེས་ན་རང་ཅག་གིས་ཀྱང་གཡོན་མཐའི་སྲིད་ཀྱིས་ཕྱུགས་པའི་ལོ་རྒྱུས་ཀྱི་རྒྱུན་སྐྱོང་བ་ལས། འཇིག་རྟེན་འཁོར་བས་སྦགས་པའི་ཆོས་ལུགས་ཀྱི་མཇུག་མ་འཛིན་པ་ལས། སྒེར་གཅོད་གཞུང་གིས་བསྩལ་བའི་བཅས་མཐའ་ལ་མགོ་བོ་བསྙེས་པ་ལས། རང་གི་མགོ་ཐོག་གི་བདག་དབང་དང་ལུས་ཐོག་གི་ཐོབ་ཐང་ནི་གང་ཡིན་པ་ཤེས་སུ་འཇུག་རྒྱུ་གལ་ཆེ་ལ། དེ་ཉིད་ཀྱང་རང་གིས་འབད་པ་དྲག་པོ་དང་ནུས་ཤུགས་ཡོད་དགུ  མཐའ་ན་རང་གི་གཅེས་པའི་ཚེ་སྲོག་ཡན་གྱིས་བརྩད་ཅིང་བརྩོན་པའི་སྒོ་ནས་རང་གི་བདག་དབང་རང་གིས་བླང་བར་བྱ་དགོས་པ་ནི་ཕྲག་ཏུ་བབ་པའི་ལས་འགན་ཉག་གཅིག་གོ།

 དེ་ཡང་བདེན་པའི་ཨུ་ཚུགས་དང་བྱམས་པའི་ནུས་སྟོབས་ཀྱིས་འགྲོ་མིའི་ཐོབ་ཐང་བརྟན་པོ་ཞིག་ལྡན་པར་བྱ་དགོས་ན། དང་བོ་ཐོབ་ཀྱི་མཐོ་དམན་དང་ནོར་གྱི་མང་ཉུང༌། སྲིད་གཞུང་དང་མི་དམངས།ཚོགས་པ་དང་སྒེར་མི། བླ་མ་དང་སློབ་མའི་བར་གྱི་རིས་ཆད་དམ་མཐོ་དམན་གཞི་ནས་མེད་པར། ཕྱིའི་སྲིད་ཇུས་ཀྱི་རང་དབང་དང་ནང་བསམ་བློ་ཡི་རང་དབང་གཙང་ཡངས་ཤིག་ལ་བརྩོན་རྒྱུ་ནི་གལ་ཆེན་པོར་ཆགས་ཡོད། དེ་ལ་འགྲོ་བ་མི་ཞིག་ལ་མཚོན་ན་ཕྱི་ནང་གི་རང་དབང་གཉིས་ནི་བྱ་ཡི་གཤོག་པ་ཟུང་དང་འདྲ་སྟེ། རང་དབང་ཟུང་གི་གཤོག་ཟུང་མེད་པ་ཡིན་ན་མི་ཡུལ་གྱི་མཁའ་དབྱིངས་སུ་ཡང་དག་གིས་འཕུར་སྐྱོད་རྩ་བ་ནས་བྱེད་ཐུབ་པ་མ་རེད། དེ་ལས་ཀྱང་ནང་བསམ་བློའི་རང་དབང་གཙང་ཡངས་ཀྱི་སྒྲོམ་གཞི་བརྟན་པོ་ཞིག་གསར་འཛུགས་མ་ཐུབ་པ་ཡིན་ན། ཕྱིའི་སྲིད་ཇུས་ཀྱི་རང་དབང་ཙམ་ཞིག་ཐོབ་ཏུ་བཞག་ཀྱང་ཡུན་གནས་ཀྱི་ནུས་པ་དང་འཚོ་གནས་ལ་ལེགས་སྤྱོད་ཡག་པོ་ཞིག་ཡོང་མི་ཐུབ་སྟེ། སྲོག་ཤིང་མེད་པའི་རང་དབང་ནི་དགེ་མཚན་ལྡན་པའི་འགྲོ་མིའི་ཐོབ་ཐང་ལ་ཡོད་དགོས་ན་ཡང་དེ་ཁོ་ནས་གར་ཡང་མི་ཕྱིན་པས། ང་ཚོས་ཐོག་དང་བོར་ནང་བསམ་བློའི་རང་དབང་ལེགས་པོ་ཞིག་རང་གཞན་གྱི་སེམས་ངོགས་སུ་འཛུགས་སྐྲུན་བྱེད་རྒྱུ་ནི་ཆེ་གལ་དུ་མཐོང་ཡོད།

 དེ་ལ་སྤྱིར་བཏང་གིས་ནང་གི་རང་དབང་ལ་མཚན་ཉིད་ཀྱི་ངོས་ནས་དབྱེ་ན་མང་དུ་ཡོད་ཚོད་འདུག་ན་ཡང༌། མདོར་བསྡུས་ཀྱིས་བརྗོད་པ་ཡིན་ན། སྐད་ཆའི་རང་དབང(<གཞོན་ནུའི་རབ་བྱེད>དང<ན་གཞོན་རབ་བྱེད> སོགས་སུ་འདི་ལ་གཏམ་བརྗོད་རང་དབང་ཞེས་ཀྱང་གསུང་གིན་འདུག) དང་དད་མོས་རང་དབང་གཉིས་སུ་མ་འདུས་པ་མེད་པར་འདོད་ཅིང༌། གང་ཞིག་སྐད་ཆ་དང་དད་མོས་ཀྱི་རང་དབང་ཟུང་ནི་ནང་གི་རང་དབང་གི་རྐང་པ་གཉིས་ཏེ། རྐང་བ་དེ་གཉིས་ལ་བརྟེན་ནས་ནང་གི་རང་དབང་སློང་བསྐྲུན་དགོས་པ་རེད།


གཅིག

  སྐད་ཆའི་རང་དབང་ནི་མི་རྣམས་ཀྱི་དགའ་བ་དང་སྐྱོ་བ།འདོད་པ་དང་མི་འདོད་པའི་སེམས་ཀྱིས་འགྲིག་པ་དང་མི་འགྲིག་པ། བདེན་པ་དང་རྫུན་དུ་སྒྲོག་པ་སྟེ། འདྲ་མཉམ་དང་རང་དབང་ལ་རྡོག་བརྫི་གཏོང་བའི་སྒེར་གཅོད་པས་བཙན་དབང་བསྒྱུར་བ་དང་སྒེར་དོན་བསྒྲུབ་པ་ལ་སྐད་ཆའི་འོས་ལངས་བྱེད་པ་དང་དོགས་སློང་བྱེད་པ། མི་སྒེར་གྱི་དྲན་ཚུལ་དང་ལྟ་ཚུལ། དགའ་ཕྱོགས་དང་ལྟ་བ་སོགས་གཞན་གྱི་ལངས་ཕྱོགས་ལ་གནོད་པ་མི་བཟོ་བའི་སྒོ་ནས་ཅི་འདོད་དུ་སྤེལ་ཆོག་པ་དང་སྒྲོག་རུང་བ།

མི་གང་མང་གིས་སྐད་ཆ་གང་མང་བཤད་པ་དེས་དོན་དག་གང་མང་གླེང་སློང་བྱེད་པ་དང། དོན་དག་གང་མང་གི་ཁྲོད་ནས་གནས་ལུགས་གང་མང་རྙེད་པར་འགྱུར་བ་བཅས་ཀྱི་ཁྱད་ཆོས་བླ་མེད་མངའ་བ་ཡིན།དེ་བས་ཁྱད་ནུས་དུ་མ་འཛོམས་པའི་སྐད་ཆའི་རང་དབང་ནི་རང་དབང་ཀུན་ཀྱི་གཞིའམ་རྩ་བ་ལྟ་བུ་ཡིན་ཚུལ་ནུབ་གླིང་གི་ཤེས་ཡོན་ཅན་མང་ཤོས་ཀྱི་མགྲིན་གཅིག་གིས་གསུངས་པ་བཞིན་ལེགས་པས་ན།ནང་གི་རང་དབང་ལེགས་པོ་ཞིག་རྩ་འཛུགས་བྱེད་པའི་གོ་རིམ་ཁྲོད། སྐད་ཆའི་རང་དབང་ནི་ཆེས་མེད་ཐབས་བྲལ་བའོ།།


གཉིས།

  དད་མོས་རང་དབང་ནི་མི་སོ་སོའི་དད་པ་བྱེད་ཡུལ་དང་ཕྱག་སྐོར་བྱེད་ཡུལ་སོགས་ལ་ཚད་བཟུང་དང་གཅིག་ཆོད་མེད་པ་སྟེ། དེའང་མི་སོ་སོར་དགའ་ཕྱོགས་མི་འདྲ་བ་དང་ལངས་ཕྱོགས་མི་གཅིག་པ།འདོད་འདུན་མི་མཚུངས་པའི་དབང་གིས། འགྲོ་བ་མིའི་རིགས་ཀྱི་ཁྲོད་ནས་ཤེས་རབ་ཀྱི་བློ་མིག་ཡངས་ཤིང་བདེན་དོན་གྱི་དཔྱད་ཞིབ་མཐོ་བའི་སྐྱེས་བུ་དམ་པ་དག་གིས། སྒེར་མི་སོ་སོར་འཚམས་པའི་ལྟ་གྲུབ་མི་མཐུན་པའི་ཆོས་ལུགས་གང་མང་གསར་བཏོད་བྱས་ཡོད་པ་དང༌། དེ་དག་གི་ཁྱབ་ཁུངས་སུ་རང་རང་གི་དད་མོས་སམ་དད་འདུན་གྱི་སྒོ་ནས་ཆོས་ལུགས་གང་ཡིན་ཡང་དད་ཆོག་པ་དང་གདམ་ཆོག་པ། བརྗེ་སྤོར་ཆོག་པ་བཅས་ཡིན་པས་ན། རང་རེ་བཞིན་ཆོས་ལུགས་གཅིག་ཁོ་ན་དང་ལྷ་སྲུང་གཅིག་ཁོ་ན་ལས་གཞན་ཞིག་ལ་འཇུག་པར་བྱས་ཚེ། ཆད་ཁྲལ་གཅོད་པ་དང་འདྲེ་རུ་བལྟ་བ།མི་གྲལ་ནས་ཕུད་པ་སོགས་ཀྱི་བསྐྲོད་པ་བྱེད་ཅིང༌། ཆོས་ལུགས་གཞན་དང་ལྟ་ཚུལ་གསར་བ་གང་ཡང་རུང་བ་ཞིག་ཐོན་མ་ཐག དེ་མ་ཐག་འབུར་འཇོམས་དང་ཁྱད་གསོད་བྱེད་པ་ནི་དད་མོས་ལ་རང་དབང་མ་སྦྱིན་པ་ཡིན། དེ་ལྟར་ཆེ་ཆུང་དང་རྒན་གཞོན། དབུལ་ཕྱུགས་བཅས་ལ་མ་ལྟོས་པར་མི་སུ་ཞིག་ཡིན་ནའང༌། འཛམ་གླིང་སྟེང་གི་ཆོས་ལུགས་གང་དུ་ཞུགས་འདོད་ཀྱང་གཞུག་ཆོག་པའི་ཐོབ་ཐང་ཆ་ཚང་ཡོད་པ་རེད་ལ། ཆོས་ལུགས་ནི་མིའི་ཆེད་དུ་ཡིན་པ་ལས་མི་ཆོས་ལུགས་ཀྱི་ཆེད་དུ་གསོན་མེད་པ་ཤེས་དགོས་ལ། ཆོས་ལུགས་གང་ཡང་རུང་བས་རང་རང་གི་འདོད་འདུན་མ་ཚིམ་པ་ཡིན་ན། དེ་ཉིད་བརྗེ་སྤོར་བྱེད་པའི་ཁེ་དབང་གཙང་མ་ཡོད།

དེས་ན་གོང་གི་སྐད་ཆའི་རང་དབང་དང་དད་མོས་རང་དབང་གཉིས་འཐོབ་དགོས་པ་ཡིན་ན། སྔོན་འགྲོའི་ཐབས་ཇུས་སམ་ཐོག་མའི་ལྡན་བྱ་གང་ཞིག་ཡོད་པའི་དྲི་བ་ཞིག་རང་བཞིན་གྱིས་སྐྱེས་འོང་གིན་ཡོད་ཅིང༌། དྲི་བ་དེ་ལ་གདོང་གཏད་དེ་ཕྲན་གྱིས་དཔེ་དེབ་ཁག་གི་སྙིང་བཤུས་ལ་སྒེར་གྱི་ལྟ་ཚུལ་སྦྱར་ནས་བལྟས་ན།ཇི་སྲིད་བསམ་བློ་རང་དབང་དང་ལྟ་བ་མཉམ་གནས་ཀྱི་མཁའ་དབུགས་གཙང་ཡངས་ཤིག་ཆགས་མ་ཐུབ་པ་དེ་སྲིད་དུ། ནང་གི་རང་དབང་ཆ་ཚང་ཞིག་རྩ་བ་ནས་འཐོབ་ཐུབ་མེད་པར་འདོད་ཅིང༌། ནང་གི་རང་དབང་རྣམ་གཉིས་ལེགས་པོ་ཞིག་རྩ་འཛུགས་དགོས་ཚེ།

༡ རྒྱུན་ལྡན་འཚོ་བའི་ཁྲོད་ནས་གཞན་གྱི་ལངས་ཕྱོགས་ལ་འདང་རྒྱག་རྒྱུ་མི་བརྗེད་པ་དང༌།

༢ཆོས་ལུགས་ཀྱི་བློ་ཁོག་ངོས་ནས་དུས་དང་རྣམ་པ་ཀུན་ཏུ་བཟོད་བསྒོམ་གྱི་ཐབས་ཚུལ་རང་རྒྱུད་ལ་སྦྱར་རྒྱུ་དེའོ།།

གཅིག ཁྱོད་རང་དགའ་བའི་བྱ་དངོས་ལ་ང་རང་དགའ་བའི་ངེས་པ་མེད་ལ། ང་རང་སྤྲོ་བའི་ལས་དོན་ལ་ཁོ་རང་འཐད་པའི་ངེས་པ་ཡང་ལར་ནས་མེད་དེ།མི་སོ་སོའི་ཁོར་ཡུག་དང་སྐྱེ་ལུས། འཚོ་བ་མི་གཅིག་པའི་དབང་གིས་ཁྱོད་ཀྱིས་གང་འདོད་པ་དེ་ང་ཡིས་གཏན་མི་འདོད་པའི་ལས་ཀྱང་གང་མང་དུ་སྣང་བས། ཁྱོད་ཀྱིས་འདོད་པ་ཞིག་ང་ཡི་མགོ་ལ་བཙན་གྱིས་གཞག་མི་ཆོག་ལ། ང་ཡིས་བསམ་པ་ཞིག་ཁྱོད་ཀྱི་ལུས་ལ་ཨུ་ཚུགས་ཀྱིས་གདག་མི་རུང་བའི་གནས་ལུགས་དེའི་ངོས་ནས། སྤྱི་ཚོགས་འཚོ་བའི་ཁྲོད་ནས།དོན་བྱ་ཕྲ་རགས་གང་ལ་འཕྲད་ན་ཡང་རང་ཉིད་ཁོ་ནའི་འདོད་ཐོག་ཏུ་གཞག་མི་རུང་བ་ཤེས་དགོས་པ་མ་ཟད། རང་ལ་གནོན་པ་འབྱུང་བའི་རིགས་ཀྱིས་གཞན་ལ་ཡང་དེ་ལྟར་གནོད་ཀྱིན་ཡོད་པ་དང༌། རང་གིས་གང་ཞིག་མོས་པ་ལྟར་དུ་གཞན་གྱིས་ཀྱང་དེ་བཞིན་མོས་འདུན་བྱེད་ཀྱིན་ཡོད་པ་དྲན་དུ་གཞུག་དགོས། དེ་བས་ཉིན་མཚན་གྱི་དབྱེ་བ་དང་གནས་སྐབས་ཀྱི་དུས་ཚེས། བྱ་དངོས་ཀྱི་ཆེ་ཆུང་ལ་མ་བལྟས་པར།ནམ་རྒྱུན་འཚོ་བའི་དུས་སུ་གཞན་གྱི་ལངས་ཕྱོགས་ལ་འདང་རྒྱག (སྤྱིར་བཏང་དབུལ་ཕྱུག་གི་ཐད་དང་ཤེས་རིག་གི་ཐད། རྒན་གཞོན་གྱི་ཐད་དང་ཕོ་མོ་ཡི་ཐད་སོགས་ནས་གཞན་གྱི་ལངས་ཕྱོགས་ནས་འདང་རྒྱག་རྒྱུ་ཡོད་ལ་བརྒྱབ་ཀྱང་ངེས་པར་དུ་དགོས་མོད། སྐབས་འདིར་ལངས་ཕྱོགས་སྤྱི་པའི་ངོས་ནས་བཤད་ཀྱིན་ཡོད) རྒྱུ་མི་བརྗེད་རྒྱུ་ནི་གལ་ཤིན་ཏུ་ཆེ་བར་སྙམ།   

གཉིས། མི་སོ་སོ་ལ་རྩ་རླུང་དང་འབྱུང་ཁམས། ལྷན་གཤིས་དང་ཚོར་བ་སོགས་ཀྱི་དབང་གིས། དགའ་བ་ཡོད་ལ་ཁྲོ་བ་ཡང་ཡོད་ཅིང༌། སྤྲོ་བ་ཡོད་ལ་སྐྱོ་བ་ཡང་ཡོད་པས་མི་ཚད། དགའ་བས་བདེ་བ་སྟེར་ནུས་པ་བཞིན་དུ་ཁྲོ་བས་མི་དགའ་བའམ་མི་བདེ་བའི་ཚོར་བ་བསམ་ཡུལ་ལས་འདས་པ་སྟེར་གྱིན་ཡོད་པས་ན། ཁོང་ཁྲོ་བ་ནི་མི་རྣམས་བདེ་བར་གནས་སུ་མི་འཇུག་པའི་ཀག་རྡོའི་རྩ་བ་ཡིན་པའི་དབང་གིས། ང་ཚོས་ཀག་རྡོ་དེར་རྒོལ་བ་བྱེད་པའི་ཐབས་ཇུས་ཤིག་རྒྱུད་ལ་བརྟེན་རྒྱུ་ནི་གལ་ཆེ་ཤོས་སུ་གྱུར་ཡོད། དེས་ན་ནང་བའི་གསུང་རབ་ཁག་ཏུ་ཟུར་སྣེ་མང་བོ་ནས་བསྟན་ཡོད་པའི་བཟོད་བསྒོམ་གྱི་ནུས་པ་ནི་ནུས་པ་གཞན་དང་མི་འདྲ་བར་ཁོང་ཁྲོ་གཞོམ་པའི་ནུས་ཤུགས་གཙོ་གྲས་དེ་ཡིན་ཞིང༌། གང་དུ་བཟོད་བསྒོམ་ཡོད་པའི་དུས་སུ། ཁོང་ཁྲོའི་མགོ་བོ་དགྱེ་མི་ཐུབ་ལ། གང་དུ་བཟོད་བསྒོམ་བསྐྱེད་པའི་སྐབས་སུ། ཁོང་ཁྲོའི་སྟོབས་ཤུགས་ཉམས་ཉེས་སུ་འགྲོ་བའི་སྒང་ཡིན། རྒྱུ་མཚན་དེས་རང་གིས་མི་འདོད་ཅིང་རང་ཉིད་མི་འཐད་པའི་ལས་ཀ་གང་ལ་འཕྲད་ཀྱང༌། ཐད་ཀར་ཁ་སྤོ་ལངས་པའི་ངོས་ནས་ཐག་གཅོད་བྱེད་པ་ལས་ལྡོག་སྟེ། གཞན་ལ་ཁག་མེད་པ་དང་རང་གི་ཁོག་པའི་རྒྱ་ཁྱོན་ཆེ་བའི་སྒོ་ནས་བཟོད་བསྒོམ་གྱི་ནུས་པ་རང་རྒྱུད་དུ་ལེན་པར་བྱེད་པ་དང་མཐོ་རུ་གཏོང་རྒྱུ་ནི་ནང་གི་རང་དབང་འཛུགས་པའི་རྒྱང་སྐྱོད་ཀྱི་འགོ་མ་དང་ཚུར་ལེན་གྱི་གནད་ཀ་ཡིན་པར་འདོད།

དེ་ལྟར་གོང་གི་བགྲོད་རིམ་རྣམས་ལ་རིམ་བཞིན་འཇུག་པའི་སྒོ་ནས། འགྲོ་བ་མིའི་རིགས་ལ་བདེ་སྐྱིད་ཡག་པོ་ཞིག་འཐོབ་པ་ལ།འགྲོ་མི་རང་རང་ལ་ལྷན་སྐྱེས་སུ་ཡོད་པའི་སྒེར་གྱི་ཁེ་དབང་གི་སད་རྟོག་གང་དེ་འབྱུང་བར་བྱ་དགོས་ཤིང༌། འགྲོ་མི་ཡོངས་ལ་ཁྱབ་པའི་རིན་ཐང་དང་འགྲོ་མི་སྤྱི་ལ་གནས་པའི་ཐོབ་ཐང་སྟེ། <<ཡོངས་ཁྱབ་རིན་ཐང>> དང<<འགྲོ་མིའི་ཐོབ་ཐང>> གི་ཚིག་དོན་གཉིས་ཀ་བློ་རུ་ངེས་པ་དང་སྐད་དུ་སྨྲ་བར་བརྩོན་པ་གནད་དུ་ཆེ་ཞིང༌། རིག་གནས་པའམ་ཡོན་ཏན་པའི་སྡེ་དང་ལྷག་པར་དུ་ཤེས་ཡོན་ཅན་དག་གིས་རང་སྟེང་ནས་འགོ་བརྩམས་ཏེ། ཡི་གེ་ཤེས་མིན་དང་རིགས་ཞེན་ཡོད་མེད་ཁག་ལ་མ་ལྟོས་པར། གཞི་རིམ་གྱི་བོད་པ་དམངས་ཚོགས་སྤྱིའི་སེམས་མཐིལ་དུའགྲོ་མིའི་ཐོབ་ཐང་རིས་སུ་ཕབ་རྒྱུ་ནི་ཆེ་གལ་དུ་མཐོང་ཡོད།

དེ་ལྟ་མ་ཡིན་པར། འགྲོ་མིའི་ཐོབ་ཐང་གི་འོད་ཟེར་ནི་ཤེས་ཡོན་པ་འགའི་མཐོང་ཡུལ་དུ་ཡོད་པ་ཞིག་དང་འགྲོ་མིའི་ཐོང་ཐང་གི་དགེ་མཚན་ནི་སྒེར་གཅོད་པ་འགའི་ཉེ་འཁོར་དུ་ལྡིང་སྐོར་བྱེད་པ་ཙམ་དུ་གྱུར་ཚེ། དོན་དམ་དུ་མི་རིགས་རང་སྟེང་གི་ཐོབ་ཐང་ནི་ཆེས་རྒྱང་ཐག་གིས་ཆོད་པའི་གནས་ཤིག་མིན་པའི་ངེས་པའང་མེད་པས། བོད་ལ་བོད་རང་གི་རིགས་གཤིས་ཚང་ཞིང་མ་ལག་བཞག་པའི་འགྲོ་མིའི་ཐོབ་ཐང་ཞིག་ཆགས་དགོས་པ་ནི་ཁོ་ཐག་རེད།

འགྲོ་བ་མིའི་རིགས་ཀྱི་ཤེས་ཡོན་ཅན་སུ་ཞིག་ཡིན་ན་ཡང་ནམ་རྒྱུན་ཤུགས་རྒྱག་ས་གཙོ་བོ་ནི་འགྲོ་མི་རང་གི་མ་མཐའི་ཁེ་དབང་ཡིན་ལ། འགྲོ་མིའི་ཁེ་དབང་ཙམ་ཡང་མེད་པའི་ས་གཞི་ལ་ཤེས་རིག་གི་ཐོབ་འབྲས་དང་སྲིད་ཇུས་ཀྱི་འབྱུང་སྤུས། དཔལ་འབྱོར་གྱི་མཐོ་རླབས་གཙང་ཡངས་ཤིག་རྦད་དེ་འཐོབ་སར་མི་འགྲོ་ཞིང༌།འགྲོ་མིའི་ཐོབ་ཐང་ནི་འགྲོ་བ་མིའི་རིགས་སྐྱོབ་མཁན་ཚོས་ལག་པ་བསྲིང་ས་ཆེ་ཤོས་ཡིན་དགོས་པས་ན། བདེན་པའི་སྦུབས་བྱས་པའི་དེ་རིང་གི་དུས་ཀྱི་ངོས་ནས་བལྟས་ན། རང་ཅག་ལ་ཆོས་སྲིད་གང་ཐད་ནས་ཀྱང་སྤུས་ཚད་ཅན་ཞིག་དང་ངོམ་རིན་ཡོད་པ་ཞིག རང་ཉིད་ལ་མགོ་མཇུག་ཆ་ཚང་དབང་བ་ཞིག་མེད་པའི་གནད་ཀ་གཙོ་བོ་ནི། ཕྱི་ནང་གི་རང་དབང་ཆ་ཚང་ཞིག་ཐོབ་མེད་པའི་རྒྱུ་མཚན་གྱིས་ཡིན་པར་འདོད་པས། རང་ཅག་སུ་ཡིན་ཡང་བྱ་བ་ཀུན་ཀྱི་ཁ་གཏད་ཡུལ་དང་ཕུགས་གཏོད་ས་ནི་འགྲོ་མི་རང་གི་ཁེ་དབང་ཡིན་དགོས་པ་དང་འགྲོ་མི་རང་གི་རང་དབང་ཡིན་དགོས་པ་རེད། འོན་ཏེ། མི་སུ་ཞིག་ཡིན་ཡང་རང་གི་ཁེ་དབང་མི་རྩོད་པའི་ཐོབ་ཐང་ངམ་རང་གི་བདག་དབང་མི་སློང་བའི་ཐོབ་ཐང་ཡང་ངེས་པར་དུ་ཡོད་དགོས་ཏེ། རྒྱུ་མཚན་ནི་ཁེ་དབང་དགོས་མིན་མཐའ་དག་རང་དབང་གི་སྒོ་ནས་ཐག་གཅོད་དགོས་པ་དང༌། དེ་ཡང་མཐར་དེད་ན་བདེ་སྐྱིད་ཀྱི་གནད་ལ་གཏུག་དགོས་པའོ།།

                                                              ༢༠༡༠/༡༢/༡༩ཉིན་ཁྲིན་ཏུའུ་རུ་བྲིས།

དུས་དེབ་སོགས་སུ་གང་འདོད་ཀྱིས་དགོད་མི་རུང་།

           ངེད་དྲ་ཚིགས།

One thought on “དོན་ངོ་མར་བོད་ལ་ཅི་ཞིག་དགོས་པ་ཨེ་ཤེས།

  1. ཀརྨ་བློ་གསལ། ཕྱི་ལོ། ༢༠༡༤ ཟླ། ༡༠ ཚེས། ༠༢ at ༡༠:༥༦ pm

    འདི་རྡ་རམ་ས་ལར་དཔག་ནས་བྲིས་པ་འདྲ་བོ་ཞིག་འདུག

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading