སེམས་ཁམས་འཁྱགས་པ། (བོད)

               ཀྱེ་ཕུར་མཆོག་གསུམ།༼མཚོ་ལྷོ༽

ཉི་འོད་འཁྱགས་པ་གདོང་ལ་ཤག་ཤག་བབས།།

གདོང་གི་རུས་པ་གས་པའི་ཧྲིག་སྒྲ་གྲགས།།

བློ་དང་མཆིན་པའི་བར་གྱི་གསང་བ་དེ།།

རྦབ་རྡོའི་དབལ་གྱིས་ཁ་ལ་གྱེན་དུ་འདྲིལ།།

 

མྱི་ཁའི་མདའ་མོ་སྙན་ལ་ཤུར་ཤུར་བཞུར།།

ཡིད་ཀྱི་དོན་སྣོད་གཤགས་པའི་རྨ་ཁ་ཟབ།།

དྲན་པའི་དགུ་ལ་སྦས་པའི་འཁུན་སྒྲ་དེ།།

དབང་བོ་རྣམ་ལྔའི་གསེབ་ནས་དར་དུ་ཆགས།།

 

ཟེར་སྒྲོས་གྲང་རླུང་ལུས་ལ་ཤུར་ཤུར་གཡུག།

བསམ་གཞིག་མདའ་ཡི་ལྟོང་ལས་ཐོལ་གྱིས་ཤོར།།

སྙིང་གི་འཇོལ་མོ་རྨས་པའི་འཁུན་སྒྲའི་རླབས།།

ཞེ་འཁོན་རྣ་ཡི་བུ་གར་དངན་པས་འཚང་།།

 

གཏམ་ངན་ཚིག་གི་ཁ་བ་ལྷབ་ལྷུབ་འབབ།།

དོན་སྣོད་བུམ་པ་གས་པའི་གྱོང་གུད་ལྕི།།

གློ་དང་མཆིན་པའི་བར་གྱི་རུས་སྒྲོམ་ལ།།

གཏན་ནས་བརྗེད་ཐབས་མེད་པའི་ཚ་ཞིག་འཁོར།།

 

ཆུ་མོ་ཤང་ཤང་འབབ་པའི་གོམ་སྟབས་ཀྱིས།།

ལས་དབང་ཉ་མོའི་རུས་སྒྲོམ་ཧྲིག་ཧྲིག་ཆག།

སྐལ་བའི་ཆབ་རོམ་མཐུག་པོའི་རྔམ་ཁ་ཡིས།།

མདུན་ལྗོངས་གོམ་ཁའི་སྣང་བ་ཐོལ་གྱིས་བཀག།

 

ཟེར་སྒྲོས་རླུང་གིས་ཁུར་བའི་ཚིག་གི་མདའ།།

བསམ་གཞིག་བྲང་གཞུང་གཉོམ་པོའི་འབེན་ལ་ཕོག།

ལུས་ཀྱི་ལྷུ་ཆེན་ལྷུ་ཆུང་བཅོ་བརྒྱད་ལ།།

ན་ཟུག་རྟ་རྒོད་བང་བཞིན་ལྷོག་ལྷོག་རྒྱུག།

 

ནུབ་ཕྱོགས་རླུང་གིས་ཁུར་བའི་དེང་རབས་ཅན།།

དེ་རིང་ང་ཚོའི་འཚོ་བའི་རི་ལ་འཁྱུད།།

སེམས་ཁྲེལ་བང་རིམ་ཅན་གྱི་མགུལ་ལ་འཁྱུད།།

རྣམ་རྟོག་དྲེལ་ལ་ཞོན་པའི་འཕོང་ལ་འཁྱུད།།

 

གློ་བུར་སེམས་པའི་མཚོ་མོ་གཡོ་སྐྱོམས་ཀྱིས།།

མགོ་བོ་རིལ་རིལ་ཀླད་པ་ཉོག་ཉོག་བཏང་།།

དྲན་པ་རབ་རིབ་ཉོབ་མདངས་སྐད་ཅིག་ཤར།།

རང་ཉིད་གང་ནས་གང་ལ་གང་ལྟར་འགྲོ།

 

དགོང་ཁའི་གྲིབ་གཟུགས་སྙིང་ལ་འཕོས་པ་ཡིས།།

ཡོད་ཚད་འཁྱགས་པ་འཁྱགས་པས་སྐད་ཅིག་བསྡམས།།

ཚོར་སྣང་འཁྱགས་པ་འཁྱགས་པ་ཐོལ་གྱིས་འཕྱུར།།

ཚིག་སྦྱོར་འཁྱགས་པ་འཁྱགས་པ་བསྟར་ལ་བརྒྱུས།།

 

ལུས་པོ་འཁྱགས་པ་སེམས་པ་འཁྱགས་པ་སྟེ།།

ཚོར་ཤེས་འཁྱགས་པ་དོན་སྣོད་འཁྱགས་པར་ངེས།།

རེ་བ་འཁྱགས་པ་ཡིད་ཆེས་ཧ་ཅང་འཁྱགས།།

འཇིག་རྟེན་འཁྱགས་པ་འབྱུང་བཞི་འཁྱགས་པ་རེད།

 ངེད་དྲ་ཚིགས།

1 Comment on སེམས་ཁམས་འཁྱགས་པ། (བོད)

  1. ཀརྨ་བློ་གསལ། // 10/02/2014 at 11:08 pm // Reply

    མིག་གིས་མཐོང་ཐུབ་པ་འདྲ་བའི་སྙན་ངག་ཅིག་རེད།

    Like

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s