__ བུད་མེད་ཀྱི་དཀའ་ངལ་ལ་ཅིས་ཀྱང་འཕྱ་སྨོད་མ་གནང་རོགས།

མང་བཟའ་པད་དཀར་གྱིས་བརྩམས།

ལྷ་སྡེ་གནམ་ལོ་ཡག་གི་བསྒྱུར།

 

འདིར་བུད་མེད་འཇིག་རྟེན་གྱི་འཚོ་བའི་ནང་གི་དོན་དངོས་ཀྱི་དཔེར་བརྗོད་འགའ་དྲངས་འདོད་པ་གཤམ་གསལ།

​      བུད་མེད་སྐོར་ཞིག་ལ་ཁྱིམ་གཞིས་ནང་བརྩི་བཀུར་དང༌།ཁྱོ་ག་དང་བུ་ཕྲུག་རྣམས་ཀྱིས་ཀྱང་ཁོ་མོར་བརྩི་འཇོག་བྱེད་ཀྱིན་པའི་སྣང་ཚུལ་གཞན་ལ་འབྱུང་གི་ཡོད་ཅིང༌། ཁྱིམ་གཞིས་འདི་དག་མང་ཆེ་བའི་ཁྱོ་ག་ཕྱི་ལོགས་སུ་སྒོར་མོ་བཙལ་བར་འཇོན་ཐང་ལྡན་པ་དང་ཟླ་མོས་ཁྱིམ་གཞིས་ནང་སྐྱིད་རྒྱག་ཀྱིན་པ་སྟེ། གསེར་དངུལ་གཡུ་བྱུར་གྱིས་ལུས་པོའི་སྒང་གཡོགས་པ་དང་གླ་བས་ནང་ལས་མཐའ་དག་དུས་ལྟར་འགྲུབ་ཀྱི་ཡོད་པའི་ཁར། བུད་མེད་འདི་དག་གིས་ནམ་རྒྱུན་རྣམ་པ་བཏོད་རྒྱུ་དང་དུས་ཚོད་ཕལ་ཆེ་བ་རང་དང་འགྲ་བའི་བུད་མེད་གཞན་པའི་མཉམ་ཁ་བརྡས་བསྐྱལ་ནས་ཕན་ཚུན་བར་རང་བསྟོད་རང་ངོམ་བྱེད་ཀྱི་ཡོད། བལྟས་པ་ཙམ་གྱིས་བུད་མེད་འདི་དག་བདེ་སྐྱིད་ཀྱིས་འཚོ་བཞིན་པ་དང་ཅི་ཞིག་མཁོ་བ་ལྟར་རག་ཀྱིན་པར་མ་ཟད། འདི་ནི་བོད་ཀྱི་སྲོལ་རྒྱུན་འདུ་ཤེས་ནང་བུད་མེད་རྣམས་ཀྱིས་ཡིད་སྨོན་འཆོར་བཞིན་པའི་༼བསོད་ཆེན་མའི་༽སྐོར་རེད། དོན་ལ་ཁོ་མོ་ཚོས་བུད་མེད་རྣམས་ཀྱིས་ག་དུས་ཀྱང་སྐྱེས་པ་ཚོར་འགྲན་མི་ནུས་པའི་དོན་དངོས་ཤིག་བསྐྲུན་ཡོད་ལ། ལྡོག་འདྲེན་ནམ་ཕྱིར་ལྡོག་གི་སེམས་ཁམས་ཤིག་ཉར་བཞིན་པའམ།  མིའི་མཐོང་ལམ་དུ་ཁོ་མོ་ཚོས་ཁྱོ་ག་དང་ནང་མི་གཅུན་ཐུབ་ཀྱིན་པར་སྣང་གི་ཡོད་ནའང༌། བུད་མེད་འདི་དག་གི་སེམས་ཁམས་སྟོང་སེང་ངེར་ལྷག་ཡོད་པ་དང་ཁོ་མོ་ཚོའི་སེམས་གཏིང་ནས་མི་སུ་ལས་ཀྱང་བུད་མེད་ལ་མཐོང་ཆུང་དང་སྐྱེས་པ་ཚོ་རྩ་ཆེན་ལ་བརྩི་བཞིན་པ་དེ་ཡིན། འདི་ལྟར་སྐྲང་པ་དེ་རྒྱག་པར་བརྩི་བཞིན་མི་ཚེ་སྟོང་ཟད་ཀྱིས་བསྐྱལ་ཡོད་པ་དང་སྐབས་འདིར་སྨྱུག་ཐོགས་པས་སྔར་གྱི་སྐུ་དྲག་བུད་མེད་རྣམས་ཀྱི་ལོ་རྒྱུས་དྲན་ཡོང་ཞིང༌། ལུས་པོ་གོས་ཆེན་དང་གཡུ་བྱུར་འོག་བཏུམས་ནས་འགུལ་ལྕོག་རྒྱག་དཀའ་བ་ནི། ༼རྒྱན་གོས་ཤིང་ལ་གཡོགས་པའི་ངོམས་སྟོན་༽ཞིག་དང་མཚུངས་པས། དངོས་པོའི་ལོངས་སྤྱོད་ཀྱི་བཟི་ཁའི་ཀློང་མི་ཚེའི་ནང་གི་ཆེས་འོད་སྣང་འཕྲོ་བའི་གསར་བཏོད་ཀྱི་བདེ་བ་རག་པའི་གོ་སྐབས་དང༌། འདོད་ཆུང་དང་བློས་གཏོང་ཐུབ་པའི་ཚིམས་པ་སོགས་བརླག་ཟིན་པ་རེད། གལ་ཏེ་བུད་མེད་རྣམས་ཀྱིས་ཚོད་ལྟ་ཞིག་བྱེད་ཐུབ་པ་ཡིན་ན། རང་ཉིད་ཇི་ལྟར་སྐྱེས་པར་བརྟེན་ཤེད་ཆེ་ན། དེ་ལྟར་ནུས་མེད་དང་ཉམས་ཆུང༌། རང་རློམ་མེད་པར་འགྱུར་གྱི་ཡོད་ཅིང༌། རང་ཉིད་ཀྱིས་ཇི་ལྟར་དཀའ་སྤྱད་འབད་བརྩོན་བྱེད་ཐུབ་པ་ཡིན་ན། དེ་ལྟར་རང་ཉིད་ཀྱི་ནུས་སྟོབས་དང་རྣམ་དཔྱོད་མཐོང་ཐུབ་ཀྱི་ཡོད། རྒྱུ་མཚན་ནི་ལུས་སྟེང་གི་གསེར་དངུལ་གཡུ་བྱུར་མཐའ་དག་ལ་གསེར་དངུལ་རང་ངོས་ཀྱི་རིན་ཐང་ལྡན་གྱི་ཡོད་པ་ལས་ག་དུས་ཀྱང་ཁྱོད་རང་ཉིད་དམ་བུད་མེད་ཀྱི་རིན་ཐང་དངོས་མངོན་ཐུབ་ཀྱི་མེད་པས་ཡིན། ད་དུང་སྡུག་བསྔལ་ལ་འབྱར་བའི་རིགས་ཤིག་ཡོད་པ་ནི། བུད་མེད་ཀྱིས་རང་ཉིད་ཀྱི་ཁྱོ་ག་ཚེ་སྲོག་གི་བདེ་བ་ཉག་གཅིག་ཏུ་བལྟ་བཞིན་པས། འདི་ནི་ངོ་བོ་འགྱུར་བའི་བརྩེ་བ་ཞིག་དང་ཆགས་སེམས་ཤིག་ཡིན་པར་མ་ཟད། ཁོ་མོ་ཚོ་སྨྱོས་པ་ནང་བཞིན་རང་ཉིད་ཀྱི་རེ་བ་དང་བདེ་བ། བདེ་སྐྱིད་ཆ་ཚང་ཁྱོ་གའི་མགུལ་དུ་བཏགས་ཡོད་པ་དང༌། དུས་ཚོད་ཉེར་བཞིའི་ནང་ཁྱོ་གས་ཅི་བྱས་འོངས་བསམ་པའི་སེམས་ཁུར་དང་དོགས་པ། བློ་བདེ་ཐབས་བྲལ་བ་དང་སྡུག་བསྔལ་བཅས་ཀྱིས་མནན་ཡོད་པའི་ཁར། སྡུག་ནས་སྡུག་ཏུ་འགྲོ་བ་དང་མཚམས་འཇོག་དཀའ་བར་གྱུར་ནས་ཟི་རི་ཟི་རིའི་ངང་སེམས་ཁམས་མ་བདེ་བའི་རང་མདོག་ཕྱི་ལ་མངོན་གྱི་ཡོད་པས། སྐབས་འདིར་དངོས་གནས་ཁྱོ་གར་མཚོན་ན་ཁུར་བོ་ཞིག་ཏུ་གྱུར་ཡོད་པ་དང༌། དེ་མཚུངས་སུ་ཁྱོ་གའི་སེམས་ནང་ངང་ངམ་ཤུགས་ཀྱིས་སྐྱུག་བྲོ་བ་དང་ཁ་བྲལ་འདུན་འཁོར་ཡོང་གི་ཡོད་པ་རེད། ཡིན་ནའང༌། བུད་མེད་ཀྱི་ཆགས་སེམས་ཐལ་ཆེ་བའི་སྒང་སླེབས་ཟིན་པ་དང་གལ་ཏེ་ཁྱོ་ག་དང་མཉམ་དུ་མི་ཚེ་འཁྱོལ་མི་ཐུབ་ན་ཁོ་བོ་འཇིག་རྟེན་འདིའི་སྒང་ནས་མེད་བརླག་ཏུ་འགྲོ་བའམ། ཤི་སོང་ན་དགའ་སྙམ་ཡོང་སྐབས། འདི་ནི་བརྩེ་བའི་ཁྱབ་ཁོངས་ལས་བརྒལ་ནས་ལྡོག་ལམ་དུ་བསྐྱོད་ཀྱིན་པས། ཧ་ཅང་སྐྱི་གཡའ་བའི་གནས་སུ་སླེབས་ཟིན་པ་ཡིན། དེ་བས། བུད་མེད་ཅིག་གིས་རང་ཉིད་ཀྱི་ཡོད་ཚད་གཉེན་སྒྲིག་པའམ་ཁྲུང་ས་བསྐྱོན་རྗེས་ཀྱི་ཁྱོ་གའི་སྒང་ལ་བཅོལ་བ་ཡིན་ན། ཉེན་ཁ་ཞིག་དང་ཆག་སྒོ་ཞིག་ཏུ་ཏན་ཏན་གྱུར་ཡོད་པས། ཁྱོད་ཀྱིས་བསམ་ཤེས་ངང་རང་ཉིད་ཀྱི་སེམས་ཁམས་ལ་ཚོད་འཛིན་ནམ། བསམ་བློའི་ནུས་ཤུགས་ཁ་གཏོར་ནས་དོན་སྙིང་ཡོད་པ་དང་ལས་འདོད་པ་ཞིག་གི་སྒང་འཁོར་ཏེ། ཐབས་བརྒྱ་ཇུས་སྟོང་གིས་སེམས་ཁམས་སྐྱིད་པོ་ཡོང་ཐབས་སམ། སེམས་ཁམས་སྙོམས་སྒྲིག་དང་སྒོ་དབྱེ་བྱས་ཚེ། ད་གཟོད་བུད་མེད་ཀྱི་བདེ་སྐྱིད་ག་དུས་ཀྱང་རང་ཉིད་ཀྱི་ལག་ཏུ་ཡོད་ཅིང༌། ཁྱོ་ག་ཅི་ལྟ་བུ་ཞིག་ཡིན་ནའང་འདྲ། ཁོ་བོས་ཁོར་ཡུག་གི་ཟུར་གཅིག་ལས་ཟིན་གྱི་མེད་པས། བུད་མེད་ཀྱི་ལས་དབང་ཆ་ཚང་ལ་ནམ་ཡང་དབང་བསྒྱུར་བྱེད་ཐབས་བྲལ་ཡོད། ད་དུང་སྐོར་ཞིག་ལུས་ཕུང་ལས་བསྐྱེད་པའི་འདྲ་མཉམ་མ་ཡིན་པ་ནི། བུད་མེད་ལ་སྦྲུམ་ཆགས་པའི་གོ་རིམ་སྟེ།བུད་མེད་སྐོར་ཞིག་ལ་སྦྲུམ་མ་ཆགས་པའི་ཡར་སྔོན་རང་སྐྱ་འཕེར་བའི་ལྟ་བ་ཡོད་ནའང༌། སྦྲུམ་ཆགས་རྗེས། སྐྱེས་པས་ཕྲུ་གུའི་མ་འོངས་པའི་མདུན་ལམ་དང་ནང་ཚང་སོགས་སྔོན་འགྲོའི་ཆ་རྐྱེན་དུ་བཞག་དུས། བུད་མེད་རྣམས་ཕྱིར་བཤོལ་གྱིས་སྐྱེས་པའི་ཁར་ཉན་གྱི་ཡོད་ཅིང༌། དེ་ལས་ཀྱང་ཡ་ང་བ་ཞིག་ལ་བུད་མེད་ཚོར་སྦྲུམ་ཆགས་སྐབས། ཁྱོ་གར་ཕྱི་ལོགས་སུ་དགའ་བོ་ཡོད་པའམ། ཡང་ན་ཁོ་མོ་ཚོར་ཁ་ཡ་མི་བྱེད་པའི་བར་སྐབས་དེར་སྦྲུམ་མའི་སེམས་པ་སྡུག་བསྔལ་གྱིས་གཟིར་བ་དང་ཡི་ཐང་ཆད་པ། འཇིགས་དངངས་ཀྱིས་བྱེད་ཐབས་བྲལ་བའི་གནས་སྟངས་སྒང་གནས་དགོས་པས། འདི་ནི་མ་འོངས་པའི་ཕྲུ་གུའི་ལུས་ཕུང་ལ་བདེ་ཐང་མི་ཡོང་པར་བྱེད་པའི་རྒྱུ་རྐྱེན་ཞིག་ཡིན། དུས་སྐབས་འདིར་འཁེལ་བའི་ཁྱོ་ག་ཚོས་རྟག་ཏུ་བུད་མེད་ལ་སྙིང་བརྗེ་བསྒོམ་པར་སྨྱུག་ཐོགས་པས་ནམ་རྒྱུན་གསོལ་བ་འདེབས་ཀྱི་ཡོད།

    ཕྲུ་གུ་བཙས་པ་ནས་ཨ་མ་དང་ཕྲུ་གུའི་བར་ཚེ་སྲོག་གཉིས་ལུས་ཕུང་གཅིག་ནས་གྱེས་ཏེ་སེམས་པ་གཉིས་གཞི་གཅིག་ཏུ་སྦྲེལ་ཡོད་པས། བུད་མེད་ཀྱིས་ལུས་སེམས་གཉིས་ཀ་ཕྲུ་གུའི་སྒང་ཕུལ་གྱི་ཡོད་པ་དང༌། ཡང་ཅིག་བཤད་ན། ཕྲུ་གུ་བཙའ་བར་གདམ་ག་གྲུབ་རྗེས། འདི་ནི་གནམ་འོག་གི་ཕ་མས་ངེས་པར་དུ་བསྒྲུབ་དགོས་པའི་འོས་འགན་ཉག་གཅིག་ཀྱང་ཡིན། སྤྱིར་བུད་མེད་ཅིག་གིས་ཁྱོ་ག་དང་བུ་ཕྲུག་གི་སླད་དུ་ནང་ཚང་ལ་ངལ་རྩོལ་ཞབས་འདེགས་བྱེད་ཀྱི་ཡོད་ཅིང༌། རང་ཉིད་ཀྱི་ལང་ཚོ་ཇི་ལྟར་ཡལ་བའང་ཤེས་ཀྱི་མེད་པས། བློ་རྩེ་གཉིས་སུ་གྱེས་མེད་པ་མཚོན་བཞིན་པ་དང་རང་ཉིད་ཀྱི་སེམས་པ་ཁྱོ་གར་སྤྲད་ཟིན་པར་དོ་སྣང་མ་བྱུང་པ་ཞིག་ཀྱང་རེད། ཡིན་ནའང༌། བརྣབ་སེམས་ཀྱིས་བཟི་བའི་ཁྱོ་ག་ཚོས་ཁོ་མོ་ཚོའི་བྱེད་བབ་དུས་རབས་ཀྱི་རྗེས་ཆོད་ཀྱི་མེད་པར་བསྙད་ནས་ཁྱིམ་ནང་འཇོག་པ་དང༌། ཁོ་ཚོས་ཕྱི་ལོགས་སུ་གཞོན་ནུ་མ་ཚོ་དང་མཉམ་དུ་དུས་ཚོད་སྐྱེལ་གྱི་ཡོད་པའི་ཁར། ཕྱིར་ནང་ལ་ལོག་རྗེས་གང་ལའང་སྣང་བ་མི་འགྲོ་བའི་བཟོ་ལྟ་བཏོད་པ་དང་ཇེ་ཐུ་ཇེ་སྡུག་ལ་འགྲོ་བཞིན་པའི་སྐབས་སུ་ཅི་ཞིག་བྱེད་དགོས་སམ། བཟའ་ཚང་ཁ་བྲལ་ལམ། བུ་ཕྲུག་གི་ཆེད་དུ་སེམས་ཀྱིས་མི་བཟོད་པར་མནར་གཅོད་མྱངས་ནས་སྡུག་བསྲན་བྱས་ཏེ་ཐ་ན་གཅར་རྡུང་ཡང་འཁུར་རྒྱུ་ཡིན། བུད་མེད་ཚོར་ལ་རྒྱ་དང་རང་བརྩིའི་བསམ་པ་ཟེར་བ་ཞིག་ཡོད་དམ། ཆེས་ཡི་མུག་པ་ནི་སྐྱེས་པ་སྐོར་ཞིག་གིས་བཟའ་ཟླར་གཅར་རྡུང་གིས་བསྟུན་མཁས་བྱེད་དུ་འཇུག་གི་ཡོད་པ་དང༌།གླེང་མོལ་བརྒྱུད་ནས་སྨྱུག་ཐོགས་པས་ཤེས་རྟོགས་བྱུང་པའི་ནང་ཁྱོ་ག་ཞིག་གིས་བཟའ་འཁོན་གྱི་སྐབས་སུ་མཐོ་གནོན་ཁྲོ་ཟངས་བླངས་ནས་ཟླ་མོའི་སྒང་ལ་གཡུགས་པ་དང༌། ཡང་ཁྱོ་ག་གཞན་ཞིག་གིས་ཆུ་འཁོལ་ཇ་དེམ་གང་གིས་ཟླ་མོའི་མགོ་ལ་བཞུས་པ། ཁྱོ་ག་སྐོར་ཞིག་གིས་བཟའ་ཟླར་གཅར་རྡུང་གིས་རྐང་ལག་བཅགས་པ་དང་སྨན་ཁང་ལ་སྐྱེལ་དགོས་པ་སོགས་བྱུང་མྱོང་པར་མ་ཟད། གཅར་རྡུང་གིས་ཚེ་སྲོག་འཕྲོག་པ་དང་ལུས་པོའི་སྒང་ལ་རྨ་ཁ་བཟོས་པ་སོགས་བརྗོད་ལས་འདས་པ་ཞིག་དང་གཅར་རྡུང་བྱེད་རྐྱེན་༼ཁོ་མོས་ཁ་ཉན་གྱི་མི་འདུག་༽དང་༼ཁོ་མོས་རང་འདོད་ལྟར་བྱེད་ཀྱི་འདུག༽༼ནང་ཚང་གཞན་ལས་ཕྱིར་ལོག་པ་འཕྱིས་དྲགས་པ་༽ཅེས་པ་ལས་མེད་པས། ཁོང་ཚོས་ཅིའི་ཕྱིར་སྙིང་རྗེ་བྲལ་བའི་བྱེད་ཐབས་ཀྱིས་མི་ཚེ་སྐྱེལ་རོགས་སུ་གྱུར་བའི་བུད་མེད་གཉོམ་ཆུང་ཞིག་ལ་འདི་ལྟ་བུའི་རྡུང་རྡེག་གཏོང་གི་ཡོད་པ་རེད། སྐྱེས་པ་སུ་ཞིག་རང་ཉིད་ཀྱི་དགྲ་བོར་འཕྲད་སྐབས་དཔའ་ངར་དེ་ལྟ་བུ་ཞིག་ཡོད་པ་སྨྱུག་ཐོགས་པས་མཐོང་མྱོང་མེད་ལ། ལྷག་པར་དུ་བཟའ་ཟླར་གཅར་རྡུང་གཏོང་མཁན་གྱི་སྐྱེས་པ་དེ་ཚོ་ཕྱི་ལོགས་སུ་རྒྱ་ཡ་ཞིག་ལ་འཕྲད་སྐབས་ཝ་རྔ་མ་ཤད་ལེ་རང་ཁྱིམ་དུ་ལོག་ཡོང་གི་ཡོད་ཅིང༌། ཉིན་ཞག་དུ་མར་ངུས་ཀྱང་བུད་མེད་ཀྱི་མིག་ཆུ་རྫོགས་ཡ་མེད།

​    བུད་མེད་སྐོར་ཞིག་གིས་སྙིང་རླུང་ལངས་པའམ་ཕྲག་དོག་ཁོ་ནས་ཁྱོ་ག་དང་བུད་མེད་གཞན་གྱི་འགྲོ་འོངས་ལ་བཀག་འགོག་བྱེད་ཀྱི་ཡོད་མོད། དོན་ཐོག་ཏུ་གཅིག་ཀྱང་འཁེལ་ཐུབ་ཀྱི་མེད་པར་རང་ཉིད་ཀྱི་ནུས་མེད་དེ་བསྐྱར་དུ་ཚུར་ལ་མངོན་བཞིན་པ་རང་ལས་མ་འདས་པའི་ཁར། མ་བསམ་ས་ནས་རང་ཉིད་ཁྱོ་གའི་གཟི་བརྗིད་ཁྲོད་ཡལ་དུ་བཅུག་ཟིན་པ་རང་ཡིན། རྒྱལ་བ་རིན་པོ་ཆེས་<<སྤྱོད་འཇུག>> གསུང་སྐབས་ཀྱང་༼ཞེན་ཆགས་དབང་གིས་རྩ་ཆེན་པོར་བསམ་དྲགས་ནས་གཞན་གྱི་ཟུར་མིག་མང་ཙམ་ཡང་བལྟ་མི་ཆོག་པར་ཞེད་སྣང་ཡོང་གི་ཡོད་པ་རེད།༽ ཐོག་མར་ཁྱོད་ཀྱིས་རང་ཉིད་ལ་མཐོང་ཆུང་གིས་རང་ཉིད་ཀྱི་རིན་ཐང་ལ་རྡོག་རོལ་བཏང་པ་ཞིག་ལས་ཁྱོ་གས་བུད་མེད་གཞན་སུའང་ཁྱོད་ལས་ལེགས་པའི་མཐོང་སྣང་བྱུང་ཡོད་པས། ཁྱོ་གའི་མིག་ལམ་དུ་བུད་མེད་གཞན་དང་མཐོ་དམའ་རྩོད་པ་ལས་སེམས་ལྷོད་ལ་ཕབ་ནས་ཡང་བསྐྱར་རང་ཉིད་ཀྱི་རིན་ཐང་ལ་བསྐྱར་ཞིབ་བྱེད་པ་སྟེ། རང་གིས་རང་ལ་བརྩི་བཀུར་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན།

​     གཞན་གྱི་བཟའ་ཟླར་གྱུར་བའི་མཛེས་མ་སྐོར་ཞིག་གིས་ཀྱང་སྤྱན་ཆབ་གཏོར་བཞིན་སྨྱུག་ཐོགས་པར་ཁོ་མོ་ཚོའི་སྡུག་བསྔལ་གསུངས་པར་གཞིགས་ན། ཁོ་མོ་ཚོ་དངོས་གནས་སྲོལ་རྒྱུན་གྱི་ཟླ་མོ་ཡག་པོ་དང་ཨ་མ་བཟང་པོ་བྱེད་ཐུབ་ཡོད་པ་དང༌། ཁྱོ་ག་དང་བུ་ཕྲུག་གི་ཆེད་དུ་བརྩེ་བ་དང་ལང་ཚོ། ངལ་རྩོལ་སོགས་ཕུལ་ཐུབ་ཡོད་པའི་ཁར། ཁྱོ་གས་ཅི་བཤད་དང་ལེན་ཡང་བྱེད་ཐུབ་ཡོད་ནའང༌། ཁྱོ་གས་ད་དུང་ཕྱི་ལོགས་སུ་དགའ་བོ་བཙལ་གྱི་ཡོད་པས། ཁོ་མོས་ངས་ཕུལ་ཟིན་པའི་འབྲས་བུ་འདི་འདྲ་ཞིག་དང་ཁྱོ་གའི་མཐོང་ལམ་དུ་ཡིད་དབང་འཕྲོག་ཤུགས་འདི་ཙམ་ཡང་མེད་པར་གྱུར་བ་ཅི་ཞིག་ཡིན་ནམ་ཞེས་སྡུག་བསྔལ་བརྗོད་ཡོང་སྐབས། ༼རེད་ཡ།ཁྱོད་ཀྱིས་ཅི་ཐུབ་གནང་འདུག་༽ཅེས་སེམས་གསོ་བྱེད་པ་ཙམ་ལས་ང་ལ་་བྱ་ཐབས་བྲལ་སོང༌། སྔར་མཛེས་མ་ཡིན་པའི་རྒྱུད་གཙང་དང་ལ་རྒྱར་ཕོག་པའི་སྡུག་ཡུས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་བསམ་བློའང་འཁོར་ཡོང་པ་ཞིག་རེད།

       ​ཅིའི་ཕྱིར་ཡིད་དབང་འཕྲོག་ཤུགས་མེད་སོང་པ་ཡིན་ནམ། འདི་བསམ་བློ་གཏིང་ཟབ་ཀྱིས་གཏོང་དགོས་པའི་གནད་དོན་ཞིག་སྟེ། ༼ཡིད་དབང་འཕྲོག་ཤུགས་༽ཞེས་པའི་མིང་ཚིག་འདི་ཁྱོད་ཀྱི་ལུས་ལ་འོད་སྣང་འཕྲོ་ཞིང༌། ཐེངས་བརྒྱར་བལྟས་ཀྱང་སུན་བསམ་མི་འཁོར་བའི་གསར་སྣང་དང་རྙིང་མེད་ཀྱི་ཡུན་རིང་རང་བཞིན་ལྡན་དགོས་ཀྱི་ཡོད་པས།གང་ཞིག་ནས་བཙལ་དགོས་ཀྱི་ཡོད་དམ། བལྟས་ཚོད་ལ་ཁྱོད་ཀྱི་གཟུགས་པོའི་མཛེས་སྡུག་ཁོ་ནས་ནུས་པ་ཐོན་གྱི་མེད་པར་ད་དུང་མདོག་མེད་དུ་འགྱུར་བཞིན་པ་དང༌། ཁྱོད་ལ་འོད་སྣང་འཕྲོ་བའི་ནུས་པའི་འབྱུང་ཁུངས་ཉུང་དྲགས་པས་ཡིན་ནམ། ཁྱོད་ཀྱིས་རང་ཉིད་ཀྱི་བརྩེ་བ་སྨྱོས་པ་ལྟར་ཁྱོ་ག་དང་བུ་ཕྲུག་ལ་བགོ་འགྲེམས་བྱས་དྲགས་པ་ཨེ་ཡིན། དེ་ལས་ཁྱོད་ཀྱིས་བསམ་རྒྱ་ཆེར་བསྐྱེད་ངང་བརྩེ་བ་མི་མང་པོ་ཞིག་ལ་སྤྲོད་པར་ཚོད་ལྟ་བྱེད་འོས་ཏེ། རང་ཉིད་ཀྱི་ཁྱོ་ག་དང་བུ་ཕྲུག་ལ་དགའ་བ་ནང་བཞིན་སྤྱི་ཚོགས་ལ་དགའ་བ་དང་འཛམ་གླིང་ལ་དགའ་བ། སེམས་ཅན་མཐའ་དག་ལ་དགའ་འོས་པར་བསམ་བློ་འཁོར་ཐུབ་ན། འདི་ནི་ངས་ཆོས་ཟབ་མོ་ཞིག་སྟོན་བཞིན་པ་མ་ཡིན་པར་སྙིང་བརྗེ་ཡུལ་དུ་གྱུར་བའི་བུད་མེད་གཉོམ་ཆུང་ཚོས་སྡུག་ཡུས་ཉུང་དུ་གཏོང་བ་དང་རང་ཉིད་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ལམ་ཁ་ཉག་གཅིག་ཏུ་མཐོང་ནས་བཤད་ཀྱི་ཡོད། མདོར་ན། ཆོ་མེད་པའི་འཚོ་བར་བསྒྱུར་བཀོད་ཀྱིས་རང་ཉིད་འཐུས་སྒོ་ཇེ་ཚང་དང༌། གྲོགས་པོ་མང་བསྒྲིགས་དང་གང་ཐུབ་ཀྱིས་རང་ཉིད་ཀྱི་འཚོ་བ་ཕུན་སུམ་ཚོགས་པར་གཏོང་ཐུབ་པ་ཡིན་ན། ད་གཟོད་ཁྱོད་རང་གི་ཁྱོ་གས་སླར་ཡང་ཁྱོད་ཀྱི་ཡིད་དབང་འཕྲོག་ཤུགས་མཐོང་ཡོང་སྲིད་པའི་ཁར། སྔར་ལས་ཁྱོད་ལ་དགའ་བ་དང་བརྩི་བཀུར་ཡང་ཐོབ་ངེས་ཡིན། ཕྱོགས་གཞན་ཞིག་ནས་བཤད་ན། ཁྱོ་ག་བུད་མེད་གཞན་པའི་རྗེས་སུ་རྒྱུགས་སོང་བ་ཡིན་ནའང༌། ཁྱོད་ལ་རེ་ཐག་ཆད་ནས་རང་སྲོག་གཅོད་བསམ་པའི་ཐལ་ཆ་བྱུང་གི་མ་རེད། རྒྱུ་མཚན་ནི་ཁྱོད་ལ་བརྩེ་བའམ་དགའ་བ་མང་པོ་ཞིག་གི་རྒྱབ་བསྐྱོར་རག་གི་ཡོད་པས་ཡིན།

​    བཟའ་ཚང་གི་འབྲེལ་ལམ་མང་ཆེ་ཤོས་ཁྲོད་དུ་སྐྱེས་པས་དངུལ་ལམ་སྒོར་མོ་དང་རྒྱུ་དངོས་ཀྱི་སྒང་ནས་བུད་མེད་ཚོར་རང་དབང་སྤྲད་ཀྱི་ཡོད་ནའང༌། བསམ་བློའི་སྒང་ནས་སྐྱེས་པར་བརྒྱ་ཆའི་བརྒྱ་ཐམ་པ་བསྟུན་དགོས་ཀྱི་ཡོད་པ་ཡིན་དུས། བུད་མེད་ཚོས་འབྲེལ་ལམ་འདི་གདམ་ག་མི་བྱེད་ག་མེད་དུ་གྱུར་ཡོད་པ་རེད། དེ་བས། བུད་མེད་མང་ཆེ་བས་དགའ་བོ་བསྒྲིགས་རྗེས་སམ་ཆང་ས་བསྐྱོན་རྗེས་ཁྱོ་གའི་བསམ་བློར་མཐུན་སླད་སྔར་གྱི་གྲོགས་པོ་ཚོ་དང་བར་ཐག་ཇེ་རིང་ལ་གཏོང་བཞིན་པ་དང༌། རང་ཉིད་ཀྱི་དགའ་ཕྱོགས་དང་གཤིས་ཀར་འགྱུར་བ་གཏོང་གི་ཡོད་ཅིང༌། དེ་ལྟར་རིམ་གྱིས་རང་ཉིད་ཀྱི་འཇིག་རྟེན་བརླག་གི་ཡོད་པ་རེད། འདི་ནི་གནད་འགག་ཅིག་སྟེ། ཐོག་མའི་ངོ་ཤེས་ནས་ཕན་ཚུན་ལ་རྒྱུས་ལོན་བྱེད་པའི་གོ་རིམ་ནང་བུད་མེད་ཚོས་རང་ཉིད་ཀྱི་སྒེར་ཚུགས་སམ་རང་རྐྱ་འཕེར་བའི་གཤིས་སྤྱོད་རྒྱུན་འཁྱོངས་བྱེད་རྒྱུ་ཧ་ཅང་གལ་ཆེ་བར་མ་ཟད། དེ་ལྟར་ལམ་སེང་སྐྱེས་པའི་ཞབས་འབྲིང་དུ་འགྱུར་བར་སྔོན་འགོག་བྱེད་ཐུབ་ཀྱི་ཡོད། ཆེད་ལས་བུད་མེད་དག་ལ་མཚོན་ནའང༌། ཆང་ས་བསྐྱོན་རྗེས་ཁྱོ་གས་ཁོ་མོ་ཚོའི་སྤྱི་ཚོགས་སྒང་གི་འགྲོ་འོངས་ཀྱི་ས་ཁྱོན་ཆུང་དུ་གཏོང་བཞིན་པ་དང༌། སྒོས་སུ་ལས་དོན་སྟེང་སེམས་ཤུགས་ཆེ་བའི་བུད་མེད་ཚོར་གནོན་ཤུགས་ཡོང་གི་ཡོད་ལ།ཁྱོ་གས་ག་ལེར་ཁྱོད་ཀྱི་ལས་དོན་དང་རང་དབང་སྒང་ཐེ་གཏོགས་བྱེད་པ་དང་འདྲི་རྒྱུ་ཇེ་མང་ལ་འགྲོ་བའི་ཁར། ཁྱོད་ཀྱི་འཚོ་བ་དང་ལས་དོན་གཉིས་ཀར་ཁ་ལོ་བསྒྱུར་སྙམ་གྱིས་ཁོ་བོས་ཁྱེད་རང་ཁ་ཕྱེས་ཟིན་པའི་ཉིན་ཐོའི་འབྲི་དེབ་ཅིག་མིག་ཁར་དཔྱངས་པ་ནང་བཞིན་ཁྱོད་རང་ཤེས་སྙམ་བྱེད་ཀྱི་ཡོད་ནའང༌། ཁོ་རང་གི་ཡོད་ཚད་དེ། ལས་དོན་དང་ཕྱི་ལོགས་ཀྱི་འགྲོ་འོངས་མཐའ་དག་རང་དབང་གི་གནམ་འོག་ཅིག་ཏུ་གང་དགར་ལོངས་སུ་སྤྱོད་ཀྱི་ཡོད་པ་རེད།སྐབས་འདིར་བུད་མེད་ཚོ་ཐབས་བརྒྱ་ཇུས་སྟོང་གིས་ཁྱོ་དབང་རིང་ལུགས་པའི་བཙིར་གནོན་འོག་ཐར་ཐབས་བྱེད་མ་ཐུབ་པ་ཡིན་ན།ཁྱོ་ག་ཚོ་དངོས་གནས་བུད་མེད་རྣམས་ཀྱི་བདག་པོར་གྱུར་ཡོད་པས། ལོ་མཐུད་ཟླ་བརྩེགས་ཀྱིས་ཆེད་ལས་བུད་མེད་རྣམས་ཁྱིམ་ཚང་ངམ་ནང་ཚང་བུད་མེད་ངོ་མར་གྱུར་ཡོད་པ་དང༌། ཕྱི་ལོགས་ཀྱི་ལས་དོན་མཐའ་དག་ལ་ཁྲལ་སེལ་ཙམ་ལས་དོ་སྣང་བྱེད་ཐུབ་ཀྱི་མེད་ཅིང༌། ལས་དོན་སྒང་གསར་བཏོད་དང་རིག་སྟོབས་གཉིས་ཀ་དར་སྤེལ་གཏོང་ཐུབ་ཀྱི་ཡོད་པ་མ་རེད། རྒྱུ་མཚན་ནི་ཁོ་མོ་ཚོའི་རིག་སྟོབས་ཁྱོ་ག་ཚོས་དམར་གསོད་བཏང་ཟིན་པས་ཡིན། བསམ་བློ་ཞིག་ཐོངས་དང༌། བུད་མེད་ཅིག་སྐྱེས་པ་ཞིག་ནང་བཞིན་སྤྱི་ཚོགས་སྒང་རྐང་པ་ཚུགས་དགོས་ན། ལྟ་གྲུབ་ག་ཚོད་ཅིག་ལ་ཐོལ་བརྒལ་བྱེད་ཐུབ་དགོས་པ་དང༌། དཀའ་ལས་ཀྱི་རིན་དོད་ག་ཚོད་ཅིག་འབུལ་དགོས་སམ། བུད་མེད་ཀྱི་དཀའ་ངལ་ལ་ཅིས་ཀྱང་འཕྱ་སྨོད་མ་གནང་རོགས།

 མུ་འགོད།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d