༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༨༩ ལོར་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་ནས་ལོ་ ༢༥ འཁོར་བའི་མཛད་སྒོ་བདག་ཉིད་ཆེན་པོ་གྷན་ངྷི་མཆོག་གི་འཁྲུངས་སྐར་དང་བསྟུན་ནས་སྲུང་བརྩི་བྱས་ཡོད་པ་དང་། མཛད་སྒོར་༧གོང་ས་མཆོག་དབུ་བཞུགས་ཀྱིས་ཨ་རིའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་ཇོ་ཌེ་ཝི་ལེམ་སི་( Jody Williams )(ཕྱི་ལོ་ ༡༩༩༧ ལོར་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས།)དང་། ཨི་རེན་གྱི་ལྕམ་ཤེ་རིན་ཨི་བྷ་ཌི་ (Shirin Ebadi ) (ཕྱི་ལོ་༢༠༠༣ ལོར་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས།)རྣམ་གཉིས་གཙོས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་འཛད་གཙོ་རྣམ་པ་གཙོས་མི་མང་ཆིག་ཁྲི་ཡས་མས་འདུ་འཛོམས་གནང་ཡོད་པ་རེད།
དེ་ཡང་མཛད་སྒོའི་ཐོག་མར་བོད་ཀྱི་རྒྱལ་གླུ་ཕུལ་རྗེས་དབུས་བོད་མིའིི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཕེབས་བསུའི་ངོ་སྤྲོད་དང་གསུང་བཤད་གནང་དོན། བཀའ་ཤག་སྐབས་ ༡༤ པས་ཕྱི་ལོ་ ༢༠༡༤ ལོ་འདི་བཞིན་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་བཞིན་ཡོད་པ་དང་འབྲེལ། འདི་ལོར་༸གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་མི་ལོ་ ༢༥ འཁོར་བའི་མཛད་སྒོར་ཆེད་མངགས་ལྕམ་སྐུ་ཤི་རི་ཨི་བྷ་ཌི་མཆོག་དང་ལྕམ་སྐུ་ཇོ་ཌི་ཝི་ལི་ཡམ་སི་རྣམ་གཉིས་གདན་ཞུ་གནང་དགོས་དོན་ནི། ཁོང་རྣམ་གཉིས་༸གོང་ས་མཆོག་དང་ཐུགས་ཉེ་པོ་ཡོད་པ་མ་ཟད། བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་གི་ཡོད། དེ་བཞིན་ཕྱི་ཟླ་ ༡༠ ཚེས་ ༢ ནི་བདག་ཉིད་ཆེན་པོ་གཱན་དྷི་མཆོག་གི་འཁྲུངས་སྐར་ཡིན་སྟབས། བཀའ་ཤག་ནས་ཆེད་མངགས་འདི་ཉིན་དུས་དྲན་སྲུང་བརྩི་ཞུས་ན་འོས་འཚམ་པ་ཞིག་ཆགས་ཡོད། འཛམ་གླིང་སྤྱི་ཡོངས་ནང་ཞི་བདེ་དང་འཚེ་མེད་ཞི་བའི་ལམ་བདག་ཉིད་ཆེན་པོ་གཱན་དྷི་མཆོག་གིས་དུས་རྒྱུན་དུ་གསུངས་ཡོད་པ་དང་ལག་བསྟར་གནང་ཡོད་པ་ཚང་མས་མཁྱེན་གསལ་རེད། ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་ངོས་ནས་མི་སྣ་འཚོ་བཞུགས་མེད་མཁན་ཚོར་གཟེངས་རྟགས་འདི་འབུལ་ལམ་ཞུ་གི་མེད་པར་བརྟེན། བདག་ཉིད་ཆེན་པོ་གཱན་དྷི་མཆོག་ལ་གཟེངས་རྟགས་འདི་ཕུལ་ཐབས་མེད། འཛམ་གླིང་ཁྱོན་ཡོངས་ནས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུ་ཁོངས་ནས་མེས་པོ་དམ་པ་གཱན་དྷི་མཆོག་གཙོ་བོ་ཞིག་ཆགས་ཀྱི་ཡོད་པ་ངོས་འཛིན་ཞུ་བཞིན་ཡོད། དེར་བརྟེན་ཁོང་གི་འཁྲུངས་སྐར་ཉིན་མོར་ང་ཚོས་དུས་དྲན་འདི་སྲུང་བརྩི་ཞུས་པ་ཞིག་ཡིན། ཅེས་དང་། དེ་རྗེས་༧གོང་ས་མཆོག་དང་ལྕམ་ཤི་རི་ཨི་བྷ་ཌི་མཆོག་དང་ལྕམ་སྐུ་ཇོ་ཌི་ཝི་ལི་ཡམ་སི་མཆོག་རྣམ་གཉིས་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། ལྕམ་རྣམ་གཉིས་ངོ་སྤྲོད་གནང་ཡོད་པ་རེད།
དེའི་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། དེ་རིང་མེས་པོ་དམ་གཱན་དྷི་རྗེ་མཆོག་གི་འཁྲུངས་སྐར་ཡིན་པ་མ་ཟད། བོད་དོན་ལ་རྒྱབ་སྐྱོར་ཆེན་པོ་དང་ཤ་ཚ་ཆེ་བའི་རྒྱ་གར་གྱི་སྲིད་བློན་ཟུར་པ་ལཱལ་ བྷ་ཧ་རྡུར་ཤཱསྟྲི་(Lal Bahadur Shastri) མཆོག་གི་འཁྲུངས་སྐར་ཡང་རེད། དེ་དང་སྟབས་བསྟུན་པའི་མཛད་སྒོ་འདི་ནི་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཕྱི་ལོ་ ༢༠༡༤ ལོར་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་མཆོག་གི་སྐུའི་མཛད་འཕྲིན་ལ་བཀའ་དྲིན་རྗེས་དྲན་ཞུ་བའི་མཛད་རིམ་གྱི་ནང་ནས་གལ་ཆེ་ཤོས་གཅིག་རེད། ༧གོང་ས་མཆོག་ཐུགས་ཀྱི་མཛའ་བརྩེ་ཆེན་པོ་ཡོད་མཁན་དང་། བོད་དོན་རྒྱབ་སྐྱོར་མཁན་ལྕམ་སྐུ་ཇོ་ཌི་ཝི་ལི་ཡམ་སི་དང་ལྕམ་སྐུ་ཤི་རི་ཨི་བྷ་ཌི་མཆོག་རྣམ་གཉིས་གཙོས་ཚང་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས་འཚམས་འདྲི་ཞུ་རྒྱུ་ཡིན། ཅེས་དང་། ལྕམ་ཇོ་ཌེ་ཝི་ལེམ་སི་དང་ལྕམ་ཤེ་རིན་ཨི་བྷ་ཌི་རྣམ་གཉིས་ཕེབས་ཐུབ་ཡོད་ཀྱང་། ནོ་བྷེལ་གཟེངས་རྟགས་བཞེས་མཁན་གཞན་ཁག་ཅིག་ཕེབས་འདོད་ཡོད་ཀྱང་གནས་སྟངས་ཀྱི་དབང་གིས་ཕེབས་ཐུབ་མེད། ཁོང་ཚོས་ལྷོ་ཨ་ཧྥེ་རི་ཁའི་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་ལྷན་ཚོགས་ཐོག་མི་བཅར་རྒྱུའི་བསྒྲགས་གཏམ་སྤེལ་ཡོད་པ་དང་། བོད་མིར་གདུང་སེམས་མཉམ་སྐྱེད་གནང་བ་དེས་དུས་དྲན་གྱི་མཛད་སྒོའི་ཐོག་ཕེབས་པ་དང་གཅིག་མཚུངས་ངོས་འཛིན་ཞུ་གི་ཡོད། ད་ལྟའི་འཆར་འཛམ་གླིང་ཐོག་དཀའ་རྙོག་མང་དག་ཅིག་དང་འཕྲད་བཞིན་ཡོད། རང་བྱུང་ས་ཡོམ་གྱི་གོད་ཆག་དང་། ནད་ཡམས། ཆུ་ལོག་གི་གོད་ཆག་སོགས་མང་པོ་ཞིག་གི་རྐྱེན་གྱིས་འགྲོ་བ་མི་ལ་སྡུག་བསྔལ་ཡོང་བ་བཞིན་པ་དང་། དེ་བཞིན་མིས་བཟོས་པའི་ཨ་རག་དང་སི་རུ་ཡའི་ནང་གི་དྲག་པོའི་འཐབ་རྩོད་དང་། ཧོང་ཀོང་གི་ཞི་བའི་འཐབ་རྩོད་འདི་དག་གཞུང་ཞིག་གིས་བཟོས་པའི་གནས་སྟངས་འོག་ནས་ཡོང་བཞིན་པའི་དུས་སྐབས་འདི་ལ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། ལྕམ་ཇོ་ཌེ་ཝི་ལེམ་སི། ལྕམ་ཤེ་རིན་ཨི་བྷ་ཌི་ལྟ་བུའི་འཛམ་གླིང་ཞི་བདེ་བསྐྲུན་མཁན་གང་མང་ཞིག་ཡོང་དགོས་པ་དང་། དེ་སྔ་ལས་ལྷག་པའི་འབད་བརྩོན་གནང་པའི་དགོས་པའི་དུས་ཚོད་ལ་སླེབས་འདུག་ཅེས་ཞུ་རྒྱུ་ཡིན། ཅེས་དང་།
དེ་རྗེས་ལྕམ་ཤི་རིན་ཨི་བྷ་ཌི་མཆོག་གིས་གསུང་བཤད་གནང་དོན། ང་རང་རྡ་སར་ཡོང་ཐེངས་གཉིས་པ་ཆགས་ཡོད། ཁྱེད་རྣམ་པས་མཛའ་བརྩེ་ཆེན་པོའི་ཐོག་ནས་སྣེ་ལེན་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ངས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་གུས་བརྩི་ཆེན་པོ་ཞུ་བཞིན་ཡོད་ཀྱང་ང་རང་ཐེངས་དང་པོ་རྡ་སར་བསླེབས་སྐབས་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་ཀྱི་ཐུན་མིན་རིག་གཞུང་སྲུང་སྐྱོབ་ཀྱི་མཛད་རྗེས་སོགས་དངོས་སུ་མཇལ་སྐབས་གུས་བརྩི་དེ་བས་ཆེ་རུ་ཕྱིན་སོང་། བོད་གསོན་པོར་གནས་པར་བོད་ཀྱི་ཐུན་མིན་རིག་གཞུང་དང་སྐད་ཡིག་རྒྱུན་འཛིན་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ད་ལྟ་ཁྱེད་རྣམས་བཙན་བྱོལ་བའི་གནས་སྟངས་ཐོག་དཀའ་ངལ་མང་པོར་གདོང་ལེན་གནང་དགོས་པ་ཆགས་ཡོད། འོན་ཀྱང་སྐྱིད་པའི་ཉི་མ་མགྱོགས་མྱུར་འཆར་ངེས་རེད། ཁྱེད་ཚོར་འཚེ་མེད་ཞི་བའི་ལམ་སྟོན་མཛད་མཁན་གྱི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མ་མཆོག་ལྟ་བུ་ཡོད་པ་ནི་ཧ་ཅང་སྐལ་པ་བཟང་པོ་རེད། འཛམ་གླིང་དང་ཨི་རན་མི་མང་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་མཛད་རྗེས་ནས་བློ་སྐྱེད་མང་པོ་ལེན་ཐུབ་ཡོད་པ་ནི། དཔེར་ན། རང་ཉིད་ལ་དཀའ་ངལ་ཇི་འདྲ་འཕྲད་ཀྱང་རེ་བ་གསོན་པོར་གནས་དགོས་པ་དང་། དཀའ་ངལ་ཇི་འདྲ་ཞིག་ཡིན་རུང་ནམ་ཞིག་དེ་དག་ལས་ཐར་ངེས་ཡིན། དཔེར་ན། མཚན་གྱི་དུས་སུ་མུན་པ་ནག་ཀྱང་རིམ་པས་ཉི་མ་འཆར་རྒྱུ་ཡིན་པ་ལྟ་བུ་རེད། ཉི་མ་འཆར་རྒྱུར་སུས་ཀྱང་འགོག་རྐྱེན་བཟོ་མི་ཐུབ་པ་ལྟར། བདེན་པའི་མཐའ་གསལ་རྒྱུར་སུས་ཀྱང་འགོག་ཐབས་མེད། ང་ཚོས་ཉི་མ་འཆར་རྒྱུར་ངང་སྒུག་བྱེད་ཐུབ་པ་དགོས། ནམ་ཞིག་ཉི་མ་འཆར་ངེས་ཡིན་པ་ང་ལ་ཡིད་ཆེས་གཙང་མ་ཡོད། དེར་བརྟེན་མི་རིང་བར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དབུ་བཞུགས་ཐོག་ང་ཚོས་བོད་ནང་དགའ་སྟོན་གྱི་མཛད་སྒོ་འདི་འདྲ་ཞིག་ཚོགས་ཐུབ་རྒྱུར་ང་ལ་ཡིད་ཆེས་གཙང་མ་ཡོད། ཅེས་དང་།
བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་ནང་ཞི་བདེར་དགའ་བའི་མི་ཚང་མས་བརྩི་བཀུར་ཆེན་པོ་ཞུ་ཡུལ་ཞིག་ཡིན། གོང་དུ་གསུངས་པ་ལྟར། ལྷོ་ཨ་ཕི་རི་ཀའི་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཐོང་མཆན་འབུལ་ལམ་མ་ཞུས་པར་བརྟེན། ཡུལ་དེའི་ཀེབ་ཊོན་གྲོང་ཁྱེར་ནང་འཚོགས་རྒྱུའི་ནོ་བྷེལ་ཞི་བདེའི་ལྷན་ཚོགས་སུ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ང་ཚོ་བུད་མེད་ཚང་མས་ལྷན་ཚོགས་དེར་བཅར་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད། དེ་རྗེས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐྱེས་པ་ཚོས་རྒྱབ་སྐྱོར་གནང་བར་བརྟེན། ད་ལྟའི་འཆར་ཁུལ་དེར་འཚོགས་འཆར་ཡོད་པའི་ནོ་བྷེལ་ཞི་བདེའི་ལྷན་ཚོགས་གནས་སྐབས་ཕྱིར་བསྡུ་གནང་དགོས་ཐུག་ཡོད། གནས་ཚུལ་འདི་ལྟ་བུ་དེ་སྔ་ཀོ་སི་ཊ་རི་ཀའི་ (Costa Rica)ནང་བྱུང་ཡོད། ཡུལ་དེར་ཞི་བདེའི་ལྷན་ཚོགས་གོ་སྒྲིག་གནང་སྐབས་སྲིད་གཞུང་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་མཐོང་མཆན་འབུལ་ལམ་མ་ཞུས་སྟབས། ང་ཚོས་ལྷན་ཚོགས་སུ་བཅར་རྒྱུ་མིན་པའི་ཐག་གཅོད་བྱས་པར་བརྟེན་ལྷན་ཚོགས་ཕྱིར་བསྡུ་གནང་དགོས་ཐུག་ཡོད། འབྱུང་འགྱུར་ཡང་ནོ་བྷེལ་ཞི་བདེའི་ལྷན་ཚོགས་གང་དུ་འཚོགས་ཀྱང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ངེས་པར་དུ་ལྷན་ཞུགས་མཛད་ཐུབ་པ་དགོས། དེ་འདྲ་མ་བྱུང་ཚེ་ང་ཚོ་ཡང་འགྲོ་རྒྱུ་མིན། ཞེས་གསུངས་པ་དང་།
དེའི་རྗེས་ལྕམ་སྐུ་ཇུ་ཌི་ཝུ་ལེམ་མཆོག་གིས། ང་རང་དེ་རིང་རྡ་སར་བཅར་ཐེངས་གསུམ་པ་ཆགས་ཡོད། དེ་རིང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་དབུས་བོད་མི་རྣམས་དང་ལྷན་མཛད་སྒོ་སྲུང་བརྩི་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་པར་སེམས་ནང་ཧ་ཅང་དགའ་སྤོབས་ཆེན་པོ་བྱུང་། ལྷག་པར་གཱན་དྷིའི་འཁྲུངས་སྐར་ཉིན་དུས་དྲན་མཛད་སྒོ་གོ་སྒྲིག་གནང་ཐུབ་པ་འདི་ནི་རྟེན་འབྲེལ་བཟང་པོ་ཞིག་ཡིན།མེས་པོ་དམ་པ་གཱན་དྷི་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུ་མ་ཐུབ་པ་དེ་ནི་ནོ་བེལ་གཟེངས་རྟགས་ཚོགས་ཆུང་གིས་ནོར་འཁྲུལ་ཧ་ཅང་ཆེན་པོ་བྱུང་ཡོད། མེས་པོ་དམ་པ་གཱན་དྷི་ཁོང་གི་མཛད་རྗེས་ནི་ནོ་བེལ་ཞི་བདེའི་གཟེངས་རྟགས་ལས་ལྷག་པ་ཞིག་ཡིན། འཛམ་གླིང་ནང་གི་མི་རབས་རྒན་གཞོན་ཚང་མས་དམ་པ་ཁོང་གི་མཛད་རྗེས་ལ་མིག་དཔེ་ལྟ་དགོས་པ་ཞིག་ཆགས་ཡོད། ལོ་ངོ་ ༡༦ ཙམ་གྱི་གོང་ཨ་རིའི་ཝིར་ཇི་ནི་ཡའི་གཙུག་ལག་སློབ་གྲྭའི་ནང་ངས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཐེངས་དང་པོར་མཇལ་བྱུང་། སྐབས་དེར་ངས་བསམ་བློའི་ནང་གི་བག་ཆགས་ཤུགས་ཆེ་ཤོས་དེ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་ཆོས་ལུགས་དབུ་ཁྲིད་གཉིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ཡི་ཤུའི་ཆོས་དཔོན་སྐུ་ཞབས་ཌེ་སི་མོན་ཊུ་ཊུ་མཆོག་རྣམ་གཉིས་ཡིན། ལྷག་པར་ང་ཚོ་མང་པོ་ཞིག་གིས་ཁོང་གཉིས་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ནང་ནས་ཁྱད་དུ་འཕགས་པ་ཡིན། ཞེས་འབོད་སྲོལ་ཡོད། ལྷོ་ཨ་ཕི་རི་ཀའི་སྲིད་གཞུང་གི་གནང་ཕྱོགས་དེར་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཚང་མ་བློ་ཕམ་བྱུང་ཡོད།
ང་ཚོ་ལྷོ་ཨ་ཧྥེ་རི་ཀའི་ནང་ཕྱིན་ཏེ་ནེལ་སིན་མན་ཌ་ལཱ་མཆོག་གི་མཛད་རྗེས་ཀྱི་དུས་དྲན་སྲུང་གཙི་བྱེད་ཐུབ་མ་སོང་། ལྷོ་ཨ་ཧྥི་རི་ཀས་རང་ཉིད་ཀྱི་བདག་དབང་རྒྱ་ནག་ལ་བཙོང་བ་ལྟ་བུ་ཡིན་པས་ང་ཚོས་བརྡ་ལན་དེ་ང་ཚོ་མགྲོན་འབོད་བྱེད་མཁན་ཚོར་བཏང་བ་མ་ཡིན་པར། རང་ཉིད་ཀྱི་བདག་དབང་གཞན་ལ་བཙོང་མཁན་རྣམས་དང་། རྒྱ་ནག་གཞུང་གིས་ཡང་ཡང་ཐོས་ཐུབ་པའི་ཆེད་དུ་བཤད་ཀྱི་ཡོད། རྒྱ་ནག་གིས་གནོན་ཤུགས་སྤྲད་དེ་རྒྱལ་ཁབ་གང་གི་རང་དབང་ལ་ཚོད་འཛིན་བྱེད་པར་གྲ་སྒྲིག་བྱས་ཀྱང་ང་ཚོས་འགོག་རྒོལ་བྱེད་དགོས་ལ། ང་ཚོ་འདིར་ཡང་ཡང་ཡོང་སྟེ་༧གོང་ས་མཆོག་དང་ཁྱེད་རང་ཚོ་དང་མཉམ་དུ་ལངས་རྒྱུ་ཡིན། ད་ལྟ་རྒྱ་ནག་གི་བཙན་བཟུང་འོག་ཡོད་པའི་བོད་རིགས་མི་མང་མཉམ་དུ་ལངས་ཡོད། ང་ཚོས་ནམ་ཡང་རྒྱ་ནག་གི་གནོན་ཤུགས་ལ་རྒྱབ་སྐྱོར་བྱེད་ཀྱི་མེད། ཨ་རི་གཞུང་གིས་ནམ་ཡང་༧གོང་ས་མཆོག་ལ་ཐོངས་མཆན་སྤྲོད་པར་བཀག་འགོག་གཅིག་ཀྱང་བྱས་མྱོང་མེད། གལ་སྲིད་བཀག་འགོག་བྱས་ཚེ་ང་རང་ཝ་ཤིན་ཌོན་ཉེ་འཁྲིས་སུ་བསྡད་ཡོད་སྟབས་ཕོ་བྲང་དཀར་པོའི་ནང་གོམ་པ་རྒྱག་ངེས་ཡིན། ཞེས་སོགས་གསུངས།
མཇུག་ཏུ་༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། དེ་རིང་འདིར་ཞི་བདེའི་གཟེངས་རྟགས་བཞེས་མཁན། ངོས་ཀྱི་ལོ་མང་རིང་ངོ་ཤེས་དང་། གྲོགས་པོ་བློས་ཐུབ་བདེན་དོན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་མཁན་ཁོང་གཉིས་དང་། དེ་བཞིན་ང་རང་ཚོའི་སྒྲིག་འཛུགས་ཀྱི་ཕྱག་ལས་གནང་མཁན་དང་། སེར་སྐྱ་མི་མང་། ཆོས་གྲོགས་ལྷན་རྒྱས་ཚང་མར་ཞུ་རྒྱུར། དེ་རིང་འདིར་གཙོ་བོ་གཱན་དྷེ་འཁྲུངས་སྐར་དུས་ཆེན་དང་འབྲེལ་ནས་མཛད་སྒོ་ཞིག་གྲ་སྒྲིག་གནང་བ་རེད། ངོས་ལ་མང་པོ་ཞུ་རྒྱུ་མེད། ང་ཚོས་དྲན་གསོ་བྱེད་པ་ནི་མི་མཛད་རྗེས་ཆེན་པོ་ཡོད་པའི་རླབས་ཆེན་གྱི་མི་དེ་དྲན་གསོ་བྱས་པ་གཅིག་པུས་ཕན་ཐོགས་མེད། མ་ཧཱ་གཱན་དྷེ་དང་སྐྱེས་བུ་དམ་པ་མང་པོ་ཞིག་འདས་ཚར་བ་རེད། ང་ཚོས་དྲན་གསོ་བྱས་ཏེ་ཁོང་ཚོ་བསྐྱར་དུ་ཚུར་གསོན་རྒྱུ་མེད། དེར་བརྟེན་ཁོང་རྣམ་པས་ལམ་སྟོན་གནང་ཡོད་པ་དེར་མི་རེ་ངོ་རེས་དགེ་སྐྱོན་ཕན་གནོད་གང་ཡོད་ལ་བསམ་བློ་གཏོང་དགོས།
གྷན་ངྷི་ཐ་གཅིག་ཏུ་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་རྒྱ་གར་རང་དབང་འཐབ་རྩོད་གནང་བ་རེད། ཁོང་ནི་དེང་དུས་ཀྱི་ཤེས་ཡོན་ཆ་ཚང་ཡོད་པའི་མཁས་པའི་དབང་པོ་ཞིག་ཆགས་ཡོད་ཀྱང་། སྐུ་སྒེར་གྱི་ཉིན་རེའི་འཚོ་བ་སྐྱེལ་སྟངས་རྒྱ་གར་གྱི་མི་སེར་དཀྱུས་མའི་མི་ཚེ་སྐྱེལ་སྟངས་ལྟར་ཕེབས་པ་དེ་ང་ཚོར་ལམ་སྟོན་ཞིག་རེད། ང་རང་ཚོའི་མི་རྣམས་མིང་གྲགས་ཅུང་ཙམ་རྒྱས་པ་དང་། གྲ་འགྲིག་པོ་ཞིག་བྱུང་ན་ང་རྒྱལ་དང་སྤོབས་པ་བྱེད་པ། ཀྲོག་ཀྲོག་བྱེད་པ་སོགས་ཡོང་གི་འདུག དེ་རང་ཉིད་རང་གིས་ཞབས་འདྲེན་ཞུས་པ་རེད། ཅི་ཙམ་གཞན་གྱིས་བསྔགས་བརྗོད་བྱེད་པ་དང་། གཞན་གྱིས་བཀུར་བའི་ཚོད་ཀྱིས་རང་ཉིད་དམན་ས་བཟུང་ནས་འགྲོ་དགོས་པ་གལ་ཆེན་པོ་རེད་འདུག གཱན་དྷེ་མི་ས་ཡ་མང་པོས་གུས་འདུད་དང་བསྟོད་བསྔགས་བྱེད་ཀྱི་ཡོད་པ་རེད། ཁོ་རང་གི་མི་ཚེ་སྐྱེལ་སྟངས་ནི་སྐྱོ་བོ་བྱས་ནས་འགྲོ་བ་དང་། མཐའ་མ་རྒྱ་གར་རང་བཙན་རེག་པའི་སྐབས་ལའང་ཆབ་སྲིད་ཀྱི་འགན་མ་བཞེས་པར་བཞུགས་པ་རེད།
ཁོང་གིས་ཐ་གཅིག་ཏུ་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་འགྲོ་བའི་ལམ་ལུགས་དེ་ནི་དེང་སང་གི་འཛམ་པོའི་གླིང་གི་དུས་ཚོད་འདིར་ཧ་ཅང་གི་དགོས་མཁོ་ཆེན་པོ་རེད། གཅིག་བྱས་ན་སྔ་མོའི་རྒྱ་གར་གྱིས་རང་དབང་གི་འཐབ་རྩོད་བྱས་པའི་སྐབས་སུ་འཚེ་བ་མེད་པའི་ལམ་ལ་ཕེབས་པ་དེ་རིགས་ཁག་ཅིག་གིས་གྷན་ངྷི་ལ་ནུས་པ་མེད་པ་དང་ཉམ་ཆུང་བར་ཏན་ཏན་མཐོང་གི་ཡོད་སྲིད། དེང་སང་ག་ལེར་གྷན་ངྷིའི་འཚེ་བ་མེད་པའི་ལམ་ལ་དོ་སྣང་གསར་བ་སླེབས་ནས། ནལ་སེན་མན་ཌ་ལཱ་དང་མར་ཌེན་ལུ་ཐུར་ཁུན་སོགས་གྷན་ངྷིའི་རྗེས་སུ་འབྲངས་ནས་ཕེབས་ཀྱི་ཡོད་པ་རེད། མར་ཌེན་ལུ་ཐུར་ཁུན་ཁོང་ལ་ངོས་མཇལ་རྒྱུ་བྱུང་མ་སོང་། ཡིན་ནའང་། ཁོང་གི་བཟའ་ཟླ་དང་ནང་མི་དང་མཇལ་རྒྱུ་བྱུང་། ཁོང་གི་བཟའ་ཟླས་གྷན་ངྷི་ཡིས་མར་ཌེན་ལུ་ཐུར་ཁུན་གྱི་ཡིད་དབང་འཕྲོག་ནས་ཁོང་གི་སྟོད་གོས་ཀྱང་གྷན་ངྷི་ནང་བཞིན་གོན་དགོས་པ་མིན་འགྲོ་ཞེས་གསུངས་ཀྱི་ཡོད་ཟེར། དེང་སང་འཚེ་བ་མེད་པ་ནི་འཛམ་གླིང་ཡོངས་སུ་བཤད་ཀྱི་ཡོད་པ་རེད། གྷན་ངྷིའི་རྗེས་དྲན་བྱེད་སྟངས་ཡང་དག་པ་དེ་ཉིན་རེའི་འཚོ་བའི་ནང་གྷན་ངྷིའི་བྱེད་སྟངས་དེ་ལག་ལེན་བསྟར་བ་ཡིན་ན་སོ་སོའི་སེམས་སྐྱིད་པ་རེད། ཅི་ཙམ་གྱིས་འདོད་ཆགས་ཆོག་ཤེས་བྱས་པ་ཡིན་ན་རེ་དོགས་ཉུང་དུ་འགྲོ་གི་རེད། སོ་སོའི་མིང་དང་གྲགས་པ་ལ་བསམ་བློ་བཏང་བ་ཡིན་ན་རྔམ་སྐྲག་དང་རེ་དོགས་མང་པོ་ཡོང་གི་རེད། རེ་དོགས་ཅི་ཙམ་ཆེ་བའི་ཚོད་ཀྱིས་སེམས་མ་སྐྱིད་པ་ཡོང་གི་རེད། གྷན་ངྷིའི་ལྟ་སྤྱོད་ནི་དངོས་གནས་མིག་དཔེ་འོས་པ་ཞིག་རེད། ངོས་རང་གྷན་ངྷི་དང་མཇལ་མ་མྱོང་། ལྷ་སར་ཡོད་དུས་གྷན་ངྷི་རྨི་ལམ་ལ་ཐེངས་གཅིག་བཏང་མྱོང་། ཡིན་ཡང་། རྨི་ལམ་ལ་ཐུག་པའི་གྷན་ངྷི་དང་གྷན་ངྷི་དངོས་མ་གཉིས་མ་འདྲ་བ་རེད། རྨི་ལམ་ནི་འཁྲུལ་བ་རང་རེད། དེ་རིང་འདིར་ངོ་ཤེས་རྙིང་པ་གཉིས་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། གསུང་བཤད་དུའང་བདེན་པའི་བདེན་རྒྱབ་གནང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཅེས་དང་།
ལྷོ་ཨ་ཧྥེ་རུ་ཁར་ཞི་བདེའི་གཟེངས་རྟགས་བཞེས་མཁན་མང་པོ་ཞིག་ནལ་སེན་མན་ཌ་ལཱའི་རྗེས་དྲན་གྱི་ཚོགས་འདུ་ཆེན་པོ་ཞིག་ཚོགས་རྒྱུ་བྱས་ཡོད་ཀྱང་། ལྷོ་ཨ་ཧྥེ་རུ་ཁ་གཞུང་གི་དཀའ་ངལ་བྱས་ཏེ་ཕལ་ཆེར་ངོས་རང་འགྲོ་བའི་གོ་སྐབས་མ་བྱུང་བ་རེད། ཞེ་ས་མ་ཞུས་ན་ཉམ་ཆུང་མགོན་མེད་ལ་ཐུབ་ཚོད་འདྲ་བོ་ཞིག་ཆགས་ཡོད། དེར་བརྟེན་ཁོང་རྣམ་པས་བདེན་པའི་བདེན་རྒྱབ་དངོས་གནས་དྲང་གནས་ནུས་པ་ཐོན་པ་ཞིག་གནང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན། ཞེས་སོགས་བཀའ་སློབ་སྩལ།
ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་རྡ་སྟེང་བོད་ཁྱིམ་གྱི་ཚོགས་ཁང་ནང་༧གོང་ས་མཆོག་དང་། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ཇོ་ཌི་ཝི་ལེ་ཡེམ་སི་མཆོག་དང་། ལྕམ་སྐུ་ཤི་རིན་ཨི་བྷ་ཌི་མཆོག སྲིད་སྐྱོང་མཆོག་དང་བཀའ་བློན་རྣམ་པ། ཕྱི་རྒྱལ་གྱི་སྐུ་མགྲོན་ཁག་གཅིག་བཅས་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག རྒྱ་གར་བྱང་ཕྱོགས་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་བཅུ་དགུའི་རིགས་ལམ་འདུ་འཛོམས་རྒྱས་པ་ཐེངས་ལྔ་པའི་ཐོག་བསླེབས་པའི་སློབ་ཕྲུག་ ༡༣༦ དང། དེ་བཞིན་བོད་ཁྱིམ་གྱི་དགེ་སློབ་སོགས་ཁྱོན་མི་གྲངས་ ༢༠༠ བརྒལ་བར་ལམ་སྟོན་བཀའ་སློབ་སྩལ་ཡོད་པ་རེད།
ཡོང་ཁུངས་རྒྱལ་བ་རིན་པོ་ཆེའི་དྲ་ཚིགས།