རིག་རལ།

         མཐོ་སྒང་ན་རླུང་དམར་འཚུབ་ཐེངས་གཅིག་གིས་ང་དང་ལྷན་སྐྱེས་ཀྱི་རང་དབང་དེ་ཡང་དེ་ལྟར་བརླག་སོང་།

   རང་དབང་གི་ལྷ་མོ་ལགས། ང་ལ་རང་དབང་དགོས་ཡོད། འདབ་ཆགས་བྱེའུ་ཞིག་ཡིན་ཀྱང་རང་གི་འདོད་བློ་བཞིན་དུ་ཀུན་གསལ་གྱི་ཕ་མཐའ་ བསྙེགས་དབང་འདུག་ལ། ཆུ་ནང་ཉ་མོ་ཞིག་ཡིན་ཀྱང་གཙང་ཆབ་ཀྱི་རུམ་ཁོག་ཡངས་མོར་བདེ་བའི་འཁྱུག་བགྲོད་ལ་རོལ་དབང་འདུག རྫ་རྩེ་རུ་འཛེགས་པའི་གླ་བ་དང་རྫ་འདབ་ན་རྒྱུ་བའི་དགོ་བ། ད་དུང་གཙོད་དང་འབྲོང་། ཤ་བ་ཡུ་མོ་དང་ཕྱི་བ་དོམ་སྤྱང་གང་ཡིན་ཀྱང་ཁོང་ཚོས་རང་དབང་གི་མཁའ་རླུང་རྔུབ་ བཞིན་འདུག དེ་དག་ལས་ཀྱང་ཡིད་སྨོན་ཆེས་ཆེར་ཤོར་ས་ཞིག་ནི། མུ་མཐའ་མེད་པའི་རྩྭ་ཐང་ཐོག་ཏུ་བག་མེད་རྩེད་གར་རོལ་བའི་རྐྱང་རྒོད་དེ་དག་རེད་ ཨ། ཁོང་ཚོ་ནི། འགྲོ་འདོད་ན་འགྲོ། ཉལ་འདོད་ན་ཉལ། འཚེར་འདོད་ན་འཚེར། རྒྱུགས་འདོད་ན་རྒྱུགས། འདི་མི་ཆོག་དང་ཕ་གི་མི་ཆོག་ཟེར་མཁན་མེད་པར་རང་དབང་གི་འཇའ་ཚོན་ཁྲོད་དུ་ཚེ་ སྲོག་གི་རི་མོ་འབྲི་བཞིན་པ་ལགས།
རང་དབང་གི་ལྷ་མོ་ལགས། ང་ལ་རང་དབང་དགོས་ཡོད། འགྲོ་བ་མི་ཡི་གཡོག་ཏུ་གྱུར་པའི་སེམས་ཅན་རྟ་ལུག་གཡག་ཕག་ཚོ་ལ་ཡང་སྨྲ་བརྗོད་ རང་དབང་གི་དབང་ཆ་འདུག་པས་ང་མི་ལུས་རིན་ཆེན་ཐོབ་རུང་འདི་དག་མེད་དོན་ཅི་ཞིག་ ཡིན། རང་དབང་ནི་ང་དང་ལྷན་ཅིག་ཏུ་སྐྱེས་པ་ཡིན་པས་ང་རང་རང་ལ་བདག་པ་ཡིན་མོད། ངའི་བྲང་ཁོག་ན་འཕག་བཞིན་པའི་སྙིང་དང་ལུས་ཟུངས་ན་རྒྱུ་བཞིན་པའི་ཟུངས་ཁྲག་ལྟ་བུའི་རང་དབང་འདི་ད་ལྟ་ང་ལ་མི་དབང་དོན་ཅི་ཡིན། རང་དབང་གི་ལྷ་མོ་ལགས། ང་ལ་རང་དབང་དགོས་ཡོད། རང་དབང་མེད་བཞིན་འཇིག་རྟེན་འདི་ནས་ང་རང་ཁ་བྲལ་ན། བར་དོའི་མཚམས་སུ་ལུས་པའི་རྣམ་ཤེས་ཉམས་ང་བོ་དེས་རང་ཉིད་ལ་རང་དབང་ཡོད་པ་ཇི་ ལྟར་ཚོར། བག་ཆགས་ཀྱི་དྲི་མ་ནི་དུས་ནམ་ཡང་རྣམ་ཤེས་འཆིང་བྱེད་ཡིན། ཚེ་འདི་ལ་ཡང་། རང་དབང་ཞིག་མེད་ཚེ་ང་རང་དབུགས་འབྱིན་རྔུབ་དཀའ་ལ། ཡན་ལག་རྣམས་ཀྱང་གང་འདོད་རྐྱོང་བར་དཀའ། ལུས་ངག་ཡིད་གསུམ་ལྷན་ཅིག་ཏུ་གང་འདོད་སྤྱོད་དབང་མེད་དུས་མི་ལུས་ནི་རྟ་ལ་ར་སུག་བསྒར་བ་ལྟར་ཡ་མ་ཟུང་གི་གནས་སུ་གྱར་ལ། ཆུ་ནང་གི་ཟླ་གཟུགས་བཞིན་དུ་སྙིང་པོ་ཡིས་སྟོང་པ་ཡིན།
རང་དབང་གི་ལྷ་མོ་ལགས། ཉི་མ་ཚེ་རིང་གི་མིག་ཆུ་དྲོན་མོས་ཡོ་རོབ་ཀྱི་སྐམ་ས་བརླན་པར་བྱས་པ་ཁྱེད་ཀྱིས་མཐོང་ཡོད་ངེས་རེད་ལ། སྐབས་དེ་དུས་ཁོང་གི་གློ་མཆིན་སྙིང་གསུམ་གྱི་བར་ན་རྒྱུ་བའི་ཟུངས་ཁྲག་གི་བགྲོད་དང་། བར་དོ་ན་ལྷུང་བའི་རྣམ་ཤེས་ལྟར་ཅི་བྱེད་འདི་བྱེད་མེད་པའི་ངང་ཚུལ་དེ་དག་ངའི་ སེམས་ཀྱིས་མྱོང་ཐུབ་པ་ཡིན། གནས་གང་དུ་ཡོད་པ་མི་ཤེས་པའི་རྒྱལ་བ་དགེ་འདུན་ཆོས་ཀྱི་ཉི་མའི་རང་དབང་གི་ བྱེའུ་ཆུང་ཡང་བྱིས་པའི་དུས་ནས་བཟུང་བཙོན་དུ་བཅུག་པས། འཇིག་རྟེན་གྱི་ཡུལ་གྲུ་འདིར་ཆོས་ཀྱི་གསུང་སྙན་སྒྲོག་པར་གང་འདོད་དུ་འཕུར་ དབང་མེད་པ་འདི་ཡང་བདུད་ཀྱི་གཡམ་རྒྱུགས་ལྟ་བུའི་རླུང་དམར་འདིས་ལན་པ་ལོས་ཡིན། ད་དུང་དེ་ལས་ཀྱང་ག་ལ་ཚད། རྗེ་བཙུན་སྒྲོལ་མ་དཀར་མོས་སྐྱབས་དགོས་རྒྱུ། རང་དབང་འཚོལ་སྙེག་བྱེད་བཞིན་པའི་སྒྲོལ་མ་སྐྱབས། རང་དབང་གི་ཆེད་དུ་རླུང་དམར་གྱི་ཀློང་དུ་ཚུད་ལ། དོན་འགྲུབ་ཀྱང་དབང་མི་ཆེ་བའི་དོན་གྲུབ་དབང་ཆེན།བོད་མིའི་དགོངས་ཚུལ་ཙམ་ཞིག་བཀའ་འདྲི་ཞུས་པའི་དོན་དུ་རང་ཉིད་རླུང་དམར་གྱིས་ ཁྱུར་མིད་དུ་བཏང་།
སྤྱིར་དྲིན་ཕ་མས་གནང་བའི་ལུས་པོ་འདི་ནི་རང་ཉིད་ལ་ཡོད་པའི་ནོར་མཆོག་ཡིན་མོད། མཐོ་སྒང་ན་ཡོད་པའི་རྣམ་ཤེས་ཁྱུ་ཚོགས་འདི་ཡི་ངོས་ནས་བཤད་ན་གཅེས་པའི་ལུས་ཕུང་ འདི་ཡང་རྣམ་ཤེས་ཀྱི་བཙོན་དུ་གྱུར་ཡོད། རླུང་དམར་འཚུབ་བཞིན་པའི་གངས་ཅན་གྱི་ཡུལ་འདི་ན། མི་ཙམ་མ་ཚད་མཐོ་བའི་རི་དང་། ཡངས་པའི་སྤང་། ཤང་ཤང་དུ་རྒྱུགས་པའི་དལ་འགྲོ་དང་ལྡེམ་ལྡེམ་དུ་གཡོ་བའི་ནགས་ཀྱི་ལྗོངས་པའི་བུ་མོ་དག་ལ་ཡང་རང་དབང་གི་མཁའ་དབུགས་འདི་ཅི་དགར་མྱོང་བའི་དབང་ཆ་མི་འདུག་ལ། ཇོ་ཁང་གི་རྩེ་ནས་གྲགས་པའི་དུང་དཀར་གྱི་སྒྲ་དང་། བར་སྐོར་ལམ་ནས་གྱེར་བའི་རོལ་མོ་ཡི་དབྱངས། ཐ་ན་གླིང་སྐོར་ན་ཕེབས་བཞིན་པའི་རྒན་ཁོག་རྣམས་ཀྱི་གཉེར་རིས་དང་སྲང་ལམ་ན་ རྒྱུགས་བཞིན་པའི་བྱིས་པ་རྣམས་ཀྱི་འདྲེན་བྱེད་མདངས་ལས་ཀྱང་རང་དབང་གི་ཚོར་འདུ་ཞིག་རྙེད་ཁག་པར་གྱུར་འདུག
མགྱོགས་མྱུར་ཕེབས་རོགས་གནང་དང་། རང་དབང་གི་ལྷ་མོ་ལགས། མཐོ་སྒང་ན་གཡོ་བཞིན་པའི་རླུང་དམར་འདི་འཇོམས་པར་ཕེབས་དང་། རང་དབང་མེད་པའི་མཁའ་དབུགས་ཁྲོད་དུ་མི་རྣམས་ཀྱི་སྙིང་གི་ཤུན་ལྤགས་དུ་གྱུར་པ་ནི་འཇིགས་སྣང་རེད་ལ།  བཙན་པོས་དབང་དུ་བསྒྱུར་པའི་ཁ་ནས་ཇི་ཚད་མང་པོ་བརྗོད་བཞིན་པ་ཡང་ཁ་ཞེ་གཉིས་ མེད་ཀྱི་གཏམ་ཞིག་ག་ལ་ཡིན། རླུང་དམར་འཚུབ་པའི་ཁྲོད་དུ་མི་རྣམས་དབུགས་གཏོང་དཀའ་བ་དང་། ཕུ་ཐུང་གིས་གདོང་པ་འགེབས་ལ་སེམས་ཁོངས་སུ་ཁྲག་གི་མཆི་མ་བཞུར་བཞིན་མུན་ནག་གི་ ནམ་ཟླ་སྐྱེལ་བ་རེད་ཨ།
མྱུར་དུ་ཕེབས་དང་། རང་དབང་གི་ལྷ་མོ་ལགས། ང་ཚོས་རང་དབང་གི་ཆེད་དུ་དཀར་གཙང་ཁ་བཏགས་བཏེགས་ནས་ལྷ་མོ་ཁྱེད་ཉིད་བསུ་བཞིན་ཡོད་པས་མྱུར་དུ་བསིལ་ལྡན་གྱི་ཡུལ་གྲུ་འདི་རུ་ཕེབས་ཤོག

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: