ཐུ་བྷོད་སྤྱི་ཚོགས་ཀྱི་བུད་མེད་ཐོབ་ཐང༌། ༣༽

  __ བུད་མེད་ཀྱི་དཀའ་ངལ་ལ་ཅིས་ཀྱང་འཕྱ་སྨོད་མ་གནང་རོགས།

མང་བཟའ་པད་དཀར་གྱིས་བརྩམས།

ལྷ་སྡེ་གནམ་ལོ་ཡག་གི་བསྒྱུར།

 ​   དགའ་མགུའམ་འཁྲིག་སྤྱོད་ཀྱི་འཚོ་བའི་ནང་བུད་མེད་ལ་རང་འགུལ་རང་དབང་ཡོད་རྒྱུ་ཧ་ཅང་གི་གལ་ཆེ་ཞིང༌། ཡང་ཅིག་བཤད་ན་རང་ཉིད་ཀྱི་ལུས་ཕུང་གི་དགོས་མཁོར་བརྩི་བཀུར་བྱེད་དགོས་པ་དང༌། ག་དུས་འདོད་པ་ཡོད་པ་དང་ག་དུས་འདོད་པ་མེད་པ་སོགས་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ཁྱོ་གར་བཤད་འོས་པར་འདོད། སྐྱེས་པ་མང་ཆེ་བས་བསམ་བཙུགས་ནས་བཟའ་ཟླར་འདོད་ཆུང་གི་བྱེད་ཐབས་སྤྱད་དེ། བུད་མེད་ཀྱི་དགའ་མགུའི་འདོད་པ་ཚིམས་ཀྱི་འཇོག་གི་མེད་ཅིང༌། དེ་ལྟར་ལུས་ཕུང་སྒང་ཐག་གཅོད་བྱེད་མ་ཐུབ་པའི་རེ་ལྟོས་ཤིག་བསྐྲུན་གྱི་ཡོད་པ་དང༌། བུད་མེད་རྣམས་ལ་ཚོད་འཛིན་བྱེད་པའི་ཐབས་ལམ་ཞིག་ཏུའང་བསྒྱུར་ཡོད་པ་རེད། ཡང་ན། ༼ལུས་སྲུང་ཟོལ་མེད་དང་འདོད་ཆགས་ཉུང་འཕྲི། འཁྲིག་སྤྱོད་དགོས་མེད་༽ སོགས་ཀུན་སྤྱོད་གཙང་མ་ཡིན་ཚུལ་གྱི་མཛུབ་སྟོན་བྱེད་ཀྱི་ཡོད་པས། བུད་མེད་ཚོར་རང་ཉིད་ཀྱི་དགའ་མགུའི་འདོད་པར་ཉེས་ཆེན་གྱི་སྣང་ཚུལ་བྱུང་པ་དང༌། འདོད་པ་སྦ་གསང་མི་བྱེད་རང་བྱེད་དུ་གྱུར་གྱི་ཡོད་པ་རེད། ཆང་ས་བསྐྱོན་ནས་ལོ་མང་པོ་འགོར་ཟིན་པའི་བུད་མེད་སྐོར་ཞིག་ལ་དགའ་མགུའི་བདེ་བ་གཅིག་ཀྱང་རག་མྱོང་མེད་པས། བུད་མེད་འདི་དག་གིས་ག་ལེར་དགའ་མགུའི་འཚོ་བར་སུན་སྣང་དང་ཁུར་བོ་ཞིག་ཏུའང་བསམ་བཞིན་འདུག

​དགེ་འདུན་ཆོས་འཕེལ་གྱི་ <<འདོད་པའི་བསྟན་བཅོས་>> ནང་བཀོད་དོན། ༼བུད་མེད་རྣམས་ནི་མི་བརྟན་གཡེམ་མ་ཞེས། བཤད་པ་འདི་ཡང་ཤིན་ཏུ་མི་བདེན་ཏེ། བྱི་བོའི་ལས་ལ་ཕོ་མོ་ཁྱད་མེད་ཅིང༌། ཞིབ་ཏུ་བསམ་ན་ད་དུང་སྐྱེས་པ་ཐུ། རྒྱལ་པོ་ཞིག་གིས་བཙུན་མོ་སྟོང་བླངས་པ། ད་དུང་ཡོན་ཏན་ཚུལ་དུ་སྒྲོགས་པར་བྱེད། བུད་མེད་གཅིག་ལ་མག་པ་བརྒྱ་ཡོད་ན། དཔེ་མི་སྲིད་པ་བཞིན་དུ་ཇི་ཙམ་སྨོད། བུད་མེད་སྟོང་ལ་རེས་ཀྱིས་སྤྱད་ན་ནི། བྱི་ཕོ་བྱེད་པའི་དོན་ཀྱང་ག་ལ་ཡོད། ཆུང་མ་སྤྱད་པ་ལོག་གཡེམ་མ་ཡིན་ཕྱིར། ཕྱུག་པོ་རྣམས་ལ་ལོག་གཡེམ་ག་ལ་འོངས། ནོར་ལྡན་རྒན་པོ་ཁ་བའི་སྐྲ་ལོ་ཅན། ན་ཆུང་བུ་མོ་འདམས་ནས་ཉོ་བར་བྱེད། བཙོང་བའི་ཡོ་བྱད་ཙམ་གྱི་རྩིས་ཐང་ཅན། ཀྱེ་མ་བུད་མེད་རྣམས་ལ་དཔུང་གཉེན་མེད། ཕོ་ཡིས་འདམས་ཏེ་ནན་གྱིས་བཀུག་པ་ལས། མོ་ཡིས་འདོད་དེ་ཚུར་ལ་མ་འོངས་པས། ཤིང་ལ་རྡོ་ཡི་ལྷན་པ་བཏབ་པའི་ཚེ། བུད་མེད་རང་བཞིན་བརྟན་པ་ག་ལ་འོང༌། ཏ་ཟིག་ཡུལ་དུ་རྒན་པོ་རེ་རེས་ཀྱང༌། ཆུང་མ་གཞོན་ནུ་ལྔ་ཙམ་ལེན་པ་སྟེ། ཆུང་མ་གཅིག་གིས་ལོག་གཡེམ་སྤྱད་བྱས་ཀྱང༌། དེ་མ་ཐག་ཏུ་གསོན་བསྲེག་བྱས་ཏེ་གསོད། གཅིག་ལ་བུ་མོ་ལྔ་ཡིས་ཚིམ་ནུས་མོད། ལྔ་ལ་རྒད་པོ་གཅིག་གིས་ཇི་ལྟར་ཚིམ། དེ་ལྟར་འཇིག་རྟེན་རྒྱལ་ཁམས་དུ་མ་ན།ནོར་ལྡན་རྣམས་ཀྱི་རང་འདོད་ཁྲིམས་སྲོལ་མང༌། དེ་ལ་ཡ་རབས་ཆོས་སུ་མིང་བཏགས་ཤིང༌། ཡུལ་གྱི་རྒྱལ་པོའི་ཐུགས་དང་འཕྲོད་གྱུར་བས། མཁས་པ་རྣམས་ཀྱང་རྗེས་སུ་འཛུམ་སྟོན་པ། བསམ་ཞིང་བསམ་ན་ཡི་ཆད་སང་དུས་མེད། དེས་ན་རིགས་མཐུན་སྐྱེ་བོ་མགྲིན་གཅིག་ཏུ། བསྒྲགས་པའི་ང་སྐད་ཁོ་ན་མི་ཉན་པར། སྐབས་སུ་བདེན་པའི་རྒྱུ་མཚན་དཔང་བཅོལ་ནས། གཟུ་བོའི་དྲང་གཏམ་ཙམ་ཡང་སྨྲ་བར་མཛོད།༽

དེ་ལས་ལྡོག་སྟེ། བུད་མེད་སྐོར་ཞིག་གིས་རྣམ་པར་བརྟེན་ནས་སྐྱེས་པ་འགུགས་ཐབས་བྱེད་ཀྱི་ཡོད་པས། གལ་ཏེ་བུད་མེད་དེ་ལྟར་འཚོ་སྡོད་བྱེད་དགོས་ཚེ་ཧ་ཅང་གནོད་ཆེ་ཞིང༌། སེམས་ཁམས་ལ་གནོད་པའི་ཁར་རྣམ་དཔྱོད་ལ་དེ་ལས་ཀྱང་གནོད་སྐྱོན་ཡོང་གི་ཡོད། ཁོ་མོས་ལ་རྒྱ་བརླག་པར་བརྟེན་ནས་ཟོབ་རྫུ་ཆགས་ཡོད་པ་དང༌། ཨ་རག་ཤེལ་དམ་ཞིག་དང་མཚུངས་པར་སྐྱེས་པའི་འདོད་རྔམས་ཕྱོ་སའི་འཛད་སྤྱོད་ཀྱི་དངོས་ཟོང་ལྟ་བུར་གྱུར་བ་དང་ག་དུས་ཀྱང་ལུས་སེམས་གཉིས་ལ་ཕོག་པའི་མནར་གཅོད་བརྗོད་མཐའ་བྲལ། ཁོ་མོས་ནམ་རྒྱུན་འཕྲལ་སེལ་གྱི་་བདེ་བའམ། ཕྱི་ངོས་ཀྱི་རྒྱན་ཆ་དང་དམའ་རིམ་གྱི་བྲོ་བས་མགུ་ཁེངས་ཐབས་ལ་སྦྲིད་སྨན་བརྒྱབ་ཡོད་ཅིང༌།རང་གིས་རང་ཉིད་ཀྱི་དངོས་ཡོད་ཤེས་རྟོགས་བྱེད་པར་སྐྲག་སྣང་ཡོང་གི་ཡོད་པས་ཡིན། དེའི་ཕྱིར། ཁོ་མོ་ནམ་ཡང་གཞན་དབང་གི་སྟེགས་བུའི་སྒང་དུ་ལུས་ཡོད་སྟབས། འདོད་རྔམས་ཀྱི་བཟུང་དམག་དང་སྐྱེས་པ་ཚོའི་བཟུང་དམག་ཏུ་གྱུར་ཡོད་པ་དང༌། ག་དུས་ཀྱང་ངེས་གཏན་མི་ཐུབ་པའི་སེམས་ཁམས་ཤིག་ཁྱེར་ནས་འཚོ་བཞིན་ཡོད། གཞན་གྱི་ཟླ་མོའམ་ཆུང་མ་ཁ་ཤས་ཀྱིས་སྨྱུག་ཐོགས་པར་གསུངས་དོན། ཁོ་མོ་ཚོར་དགེ་བསྙེན་གྱི་སྡོམ་པ་མནོས་འདུན་ཤིན་ཏུ་ཆེ་ནའང༌། ཁྱོ་ག་ཚོར་འདོད་པ་མི་འདུག སྤྱིར་བཏང་གིས་བྱེད་ཐབས་འདི་སའི་གོ་ལ་ཧྲིལ་བོར་ཁྱབ་ཀྱིན་པའི་མི་ཆོས་ཀུན་སྤྱོད་ཅིག་མིན་ནའང༌། སྟོན་པ་ཤཀྱཱ་ཐུབ་པས་ཁྱིམ་ཚང་དུ་ནང་ཆོས་ཉམས་ལེན་བྱེད་མཁན་ལ་བསྩལ་བའི་སྡོམ་པ་ཞིག་སྟེ། ཕྱོགས་གཅིག་ནས་བསོད་ནམས་ཀྱི་ཚོགས་གསོག་ཐུབ་ཀྱི་ཡོད་པ་དང༌། ཕྱོགས་གཞན་ཞིག་ནས་ཁྱིམ་ཚང་གི་རྒྱུན་གནས་ཁག་ཐེག་དང་བཟའ་ཟླའི་བར་ཡིད་ཆེས་ཡོང་པའི་གསོལ་སྨན་ཞིག་ཏུ་གྱུར་འདུག་པས། དེར་བརྟེན་ནས་ཁྱིམ་ཚང་ནང་བྱུང་མ་འོས་པའི་དོན་དག་མང་པོ་ཞིག་ལ་སྔོན་འགོག་བྱེད་ཐུབ་ཡོད།

ཨ་མར་གྱུར་ཟིན་པའི་བུད་མེད་རྣམས་ལ་མཚོན་ན། བུ་ཕྲུག་གཉོར་སྐྱོང་གི་བྱ་བ་ལས་སླ་བོ་ཞིག་མ་ཡིན་ཞིང༌། ཨ་མའི་རང་གཤིས་ཀྱི་སྒང་ནས་བུ་ཕྲུག་གི་སླད་དུ་ཡོད་ཚད་འབུལ་ཐུབ་ཀྱི་ཡོད་པ་དང༌། ཐ་ན་དགའ་ཕྱོགས་དང་ལས་དོན་ཡང་འབུལ་གྱི་ཡོད་པས། ཨ་མར་གྱུར་ཟིན་པའི་བུད་མེད་རྣམས་ཀྱིས་བུ་ཕྲུག་རང་ཉིད་ཀྱི་སྲོག་རྟེན་དུ་ལྟ་བཞིན་པ་རེད། ལོ་ན་གཞོན་ཞིང་ཨ་མར་གྱུར་ཟིན་པའི་བུད་མེད་མང་པོ་ཞིག་གིས་སྨྱུག་ཐོགས་པར་བཤད་དོན། ༼ངའི་མི་ཚེ་འདི་ལྟར་གྱུར་ཟིན་པ་དང་དེང་སྐབས་བུ་ཕྲུག་གི་མ་འོངས་པ་ང་ལས་གལ་ཆེན་པོར་འཛིན་བཞིན་ཡོད།༽ སྐད་ཆ་འདི་བདེན་པ་རེད། བུ་ཕྲུག་རྣམས་མ་འོངས་པར་རང་འགོ་ཐོན་ཐུབ་ཀྱི་ལམ་ནང་འཇུག་རྒྱུ་ཕ་མའི་འོས་འགན་ཡིན། ཡིན་ན་ཡང༌། བུ་ཕྲུག་ལ་ནང་བྱན་ཆུད་པའི་ཉིན་མོ་དེར་སྒུག་ཆེད་ཁྱོད་ཀྱི་མི་ཚེ་གཞི་ནས་འགོ་བཙུགས་པ་དེ་མཇུག་གྲིལ་བའི་ཉིན་མོར་ག་དུས་ཀྱང་བལྟ་མི་རུང༌། རང་ཉིད་ཀྱི་རེ་བ་ཡོད་ཚད་ལོ་གསུམ་བཞི་ཅན་གྱི་བུ་ཕྲུག་སྒང་དེ་ལས་ཀྱང་འཇོག་མི་འོས། བུ་ཕྲུག་གི་མི་ཚེ་ཡིས་ཁྱོད་ཀྱི་མི་ཚེའི་ཚབ་བྱེད་མི་ཐུབ་ལ། ཁྱོད་ཀྱིས་བུ་ཕྲུག་གི་མི་ཚེ་དབང་བསྒྱུར་བྱེད་པ་ལས་རང་ཉིད་ཀྱི་མི་ཚེའི་རང་དབང་ངང་འཚོ་རྒྱུ་དེ་ལས་ཀྱང་གལ་ཆེ་བར་སྙམ། བུ་ཕྲུག་གི་ཆེད་དུ་མི་ཚེ་ཕུལ་ཟིན་པའི་ཨ་མ་མང་པོ་ཞིག་གིས་བུ་ཕྲུག་ནར་སོན་ནས་ཁྱིམ་གཞི་ཚུགས་རྗེས་བུ་ཕྲུག་རྣམས་སོ་སོའི་བསམ་འདུན་དང་ལས་དོན་ཡོད་པའི་ཁར། མ་བུའི་བར་བསམ་ཚུལ་གཅིག་མཐུན་བྱུང་མི་ཐུབ་པའི་དུས་སྐབས་ཤར་ཚེ།ད་གཟོད་ཨ་མར་ཁེར་རྐྱང་གི་བསམ་བློས་གཟིར་བཞིན་མི་ཚེ་ཧྲིལ་བོར་ཅི་ཡང་མ་རག་པའི་སྣང་ཚུལ་འཁོར་གྱི་ཡོད་པས། གལ་ཏེ་དང་ཐོག་ནས་བུ་ཕྲུག་རང་འགོ་ཐོན་ཐུབ་ཀྱི་ལམ་ནང་འཇུག་ཞོར་རང་ཉིད་ཀྱི་མི་ཚེ་སྤྱི་ཚོགས་ལ་ཕན་པའི་བར་སྟོང་ཞིག་བཞག་ཡོད་པ་ཡིན་ན། བུ་ཕྲུག་ལ་མིག་དཔེར་འགྱུར་ངེས་པར་མ་ཟད། ལོ་ན་དྲུག་ཅུར་སོན་རྗེས་རང་ཉིད་ལའང་ཉམས་མྱོང་དང་ཡོན་ཏན་ཕུན་སུམ་ཚོགས་པ་ཞིག་འཛོམས་ཡོད་པས་མ་ཚད། སྤྱི་ཚོགས་ཀྱི་གུས་བརྩི་སོགས་ལ་བརྟེན་ནས་ཁྱོད་རང་གི་ཚེ་མཇུག་ལ་ཁེར་རྐྱང་གི་སྣང་ཚུལ་རྩ་བ་ནས་འབྱུང་མི་སྲིད་ཅིང༌། རང་ཉིད་ཀྱི་བསླབ་པར་དཔེ་སྦྱར་ནས་བུ་ཕྲུག་ཚོར་སློབ་གསོ་བརྒྱབ་ནས་གནོན་ཐུབ་པ་དང་མི་ཚེའི་འབྲས་བུ་ཡོངས་སུ་ལོངས་སྤྱོད་ཐུབ་ཀྱི་ཡོད་ལ། རང་ཉིད་ཀྱི་མི་ཚེ་སྟོང་ཟད་ལ་བཏང་མེད་པའི་དངོས་དོན་སྐབས་དེར་མྱོང་ཐུབ་ཀྱི་ཡོད་པ་སྨྲས་མེད་ཡིན།

​བུད་མེད་ཡོན་ཏན་ཅན་མང་ཆེ་བའི་སྐྱོན་ཆ་ཆེས་ཤོས་ཀྱང་རང་ཉིད་ཀྱི་སྤྱི་ཚོགས་འོས་འགན་བསམ་བློར་འཁོར་ཐུབ་ཀྱི་མེད་པ་དང་འདི་ནི་གནད་འགག་གི་ལྷུ་ཚིགས་ཤིག་ཀྱང་ཡིན། གལ་ཏེ་བསམ་བློ་འདི་འཁོར་ཐུབ་ཀྱི་མེད་ཚེ་ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་རག་པ་དང་འདྲ་མཉམ་གྱི་གོ་དོན་རྟོགས་པ་ཡིན་ནའང༌། དོན་སྙིང་ཅི་ཡང་ཐོན་ཐུབ་ཀྱི་མེད་པ་དང་ཕོ་མོ་གཉིས་ཀྱིས་སྤྱི་ཚོགས་ཐོག་དངོས་ཡོད་ཀྱིས་ཐོན་པའི་ནུས་པ་འདྲ་མཉམ་མངོན་ཐུབ་ཀྱི་མེད་པས། ཁྱོད་ཀྱིས་རང་ཉིད་ཀྱི་ནུས་པ་ལྷག་ལུས་མེད་པར་འདོན་ཐབས་བྲལ་བ་དང་རིན་ཐང་མངོན་འགྱུར་བྱེད་པའི་བདེ་བའང་བརྙེད་ཐབས་ཟད་ན། རྒྱང་རིང་བོའི་ཕུགས་འདུན་དང་འགན་འཁུར་བའི་བསམ་བློ་གཅིག་ལྕོགས་སུ་འཛོམས་རྒྱུ་ནི་བུད་མེད་རྣམས་ལ་ལམ་ལྷོང་བྱུང་པའི་ཐེམ་སྐས་ཉག་གཅིག་ཡིན།

   སྐྱེས་པས་བུད་མེད་ཀྱི་སེམས་གཏམ་ལ་ཉན་རྒྱུ་དང་བུད་མེད་ཀྱང་རང་ཉིད་དང་མཚུངས་པར་ལ་རྒྱའི་མྱོང་སྣང་མཁོ་བ་རྟོགས་པ་ཡིན་ཚེ་སྨྱུག་ཐོགས་པའི་སྣང་ངོར། གལ་ཏེ་སྐྱེས་པ་ཞིག་གིས་བུད་མེད་ཅིག་གི་རྒྱུན་ལྡན་གྱི་བསམ་བློ་དང་རྒྱུན་ལྡན་གྱི་རེ་སྙེག མོ་རང་ཉིད་ལ་སྔར་གོམས་པའི་མི་གཤིས་བཅས་དང་ལེན་བྱེད་ཐུབ་པ་བྱུང་རྗེས། གོམས་སྲོལ་ལྟ་བུ་ཞིག་ཏུ་འགྱུར་ཐུབ་ཀྱི་ཡོད་པས། བཟའ་ཟླའི་འབྲེལ་ལམ་འདི་སྲོལ་རྒྱུན་སྒང་གི་བདག་འབངས་འབྲེལ་ལམ་ལས་བརྟན་ལྷིང་ལྡན་པ་དང་བདེ་སྐྱིད་ཀྱིས་ཁེངས་པ། ཟོལ་མེད་ཀྱི་འབྲེལ་ལམ་ཞིག་ཡིན་པར་མ་ཟད། སྐབས་འདིར་བུད་མེད་ཀྱི་བརྩེ་བ་གཞན་དབང་དུ་གྱུར་མེད་པ་དང་ངོ་བོ་འགྱུར་བའི་ཆགས་སེམས་ཤིག་ཀྱང་མ་ཡིན་པར་བལྟོས་འཇོག་གིས་མགུ་ཁེངས་པའམ་ཡིད་ཚིམས་པ་དང་རང་གཅུན་ཐུབ་པའི་བརྩེ་བ་ཞིག་ཡིན་པ་རེད། གཞན་བཟའ་ཟླའི་འབྲེལ་ལམ་འདིས་གཉེན་འཐོར་རམ་བཟའ་ཚང་ཁ་བྲལ་བའི་གྲངས་འབོར་ཇེ་ཉུང་དུ་གཏོང་ཐུབ་ཀྱི་ཡོད། དོན་ལ་བསླུ་གནོན་དང་བཙན་ཤེད་འོག་འཚོ་བའི་བུད་མེད་རྣམས་བལྟས་ཚོད་ཀྱིས་གཅུན་ཐུབ་ཀྱི་ཡོད་ནའང༌། ཉིན་ཞིག་མེ་རི་བཞིན་ཉིལ་བའི་དུས་ཤིག་ཡོང་གི་ཡོད་ཅིང༌། རྒྱུ་མཚན་ནི་ཁོ་མོ་གཅུན་དོན་ཁྱོད་ཀྱི་ཁེ་ཕན་གྱི་སྒང་ནས་ཡིན་པ་མ་གཏོགས་ཁོ་མོའི་ཁེ་ཕན་གྱི་སྒང་ནས་མ་ཡིན་པས་ཡིན། སྐབས་འདིར་ཁྱོད་རང་གིས་རང་ལ་གོམས་ཟིན་པའི་ཁོ་མོ་གཅུན་རྗེས་ཞི་འཇམ་གྱི་གཤིས་སྤྱོད་ལས་ཁོ་མོའི་ད་ལྟའི་འགྱུར་ལྡོག་ལ་བཟོད་བསྲན་བྱེད་ཐུབ་ཀྱི་མེད་པ་དང༌། དོན་ལ་དེ་ནི་ཁོ་མོའི་འགྱུར་ལྡོག་མ་ཡིན་པར་ཆང་ས་མ་བསྐྱོན་པའི་ཡར་སྔོན་གྱི་གཤིས་ཀ་ཡིན་ཞིང༌། ཁྱོད་ཀྱིས་ཁོ་མོར་རེ་ཞིག་འགྱུར་བ་གཏོང་ཐུབ་ཙམ་བྱུང་བ་ལས་མ་འདས། དེ་བས། སྐྱེས་པ་ཚོར་ཐོག་མར་བུད་མེད་ལ་འགྱུར་བ་གཏོང་པར་བྲེལ་བ་མི་ལངས་པར་རྒྱུས་ལོན་བྱེད་པ་ལ་བློ་ཁ་ཕྱོགས་པ་ཡིན་ན། དེ་ནི་ཅུང་ཟད་བསམ་ཤེས་ཀྱི་བྱ་ཐབས་ཤིག་ཡིན་པར་ཐེ་ཚོམ་མེད།

​བུད་མེད་ལ་བཟོད་བསྲན་མེད་པ་ཡིན་ན། ཁོ་མོས་འདྲ་མཉམ་མ་ཡིན་པའི་གནོན་ཤུགས་དེ་འདྲ་མང་པོ་ཞིག་ཐེག་ཐུབ་པ་དང་འཇམ་སྤྱོད་མི་ཡལ་དོན་ཅི། བུད་མེད་ལ་སྙིང་སྟོབས་མེད་པ་ཡིན་ན། བུ་བཙའ་ལྟ་བུའི་ཤི་གསོན་གྱི་སྡུག་བསྔལ་ཁུར་དགོས་པ་ཞིག་ཀྱང་གཅིག་མཐུད་ཉིས་བརྩེགས་ཀྱིས་ཁུར་ཐུབ་དོན་གང༌། བུད་མེད་ཀྱིས་དཀའ་ལས་རྒྱག་མི་ཐུབ་པ་ཡིན་ན། ཁོ་མོས་ཞིང་ལས་དང་ཕྱུགས་ལས་གང་གི་ལས་ཀ་མཐའ་དག་གཙང་འགྲུབ་ཀྱིས་མི་ཚེ་འཁྱོལ་དོན་ཅི། བུད་མེད་ལ་བདག་འཛིན་ཆེ་བ་ཡིན་ན། སྙན་ངག་པས་རླབས་ཆེན་གྱི་མ་ཡུམ་དུ་བཤད་དོན་ཅི། བུད་མེད་ལ་རྣམ་དཔྱོད་མེད་པ་ཡིན་ན། སྔགས་ཀྱི་མཚན་ཉིད་རིག་པའི་ཤེས་རབ་ཀྱི་མ་གཞིར་གྱུར་དོན་གང༌། བུད་མེད་ལ་སྒྱུ་རྩལ་མེད་པ་ཡིན་ན། ནང་ཚང་བཀོད་སྒྲིག་གིས་སྤྲོ་བ་བསྐྱེད་ཅིང༌། ལག་ཤེས་དང་བཀལ་འཁེལ་འཐག་གསུམ། ཟས་རིགས་གཡོས་སྦྱོར་བཅས་ལ་བྱང་ཆ་དོད་དོན་ཅི། ་་་ ་་་

​གནའ་དེང་རྒྱལ་ཁབ་གང་གི་ལོ་རྒྱུས་སྒང་གི་རླབས་ཆེན་གྱི་བུད་མེད་སུ་ཞིག་ཡིན་ནའང༌། གཡུལ་འགྱེད་ལ་ངོ་རྒོལ་བྱེད་ཀྱི་ཡོད་ཅིང༌། དཔེར་ན། ཧའེ་ལུང་ཁའེ་ལི། ཨ་མ་ཁྲ་ལི་སི་སོགས་ཏེ། བུད་མེད་ཀྱི་རང་གཤིས་ཞི་བདེར་དགའ་བ་དང་བུད་མེད་སྲོག་གཅོད་ཀྱི་ལས་རིགས་ནང་ཞུགས་པ་ཧ་ཅང་ཉུང་བས། འདི་ནི་བུད་མེད་ལ་ཡོད་པའི་བྱམས་པ་ཡིན་པ་དང༌། བུད་མེད་ཀྱིས་ཆེས་མཐོང་མི་བཟོད་པ་བཙན་པོས་གཉོམ་པོ་ཟ་བའི་བྱ་སྤྱོད་ཡིན་པ་འདི་ནི་བུད་མེད་ལ་ཡོད་པའི་སྙིང་རྗེ་དང་དྲང་བདེན་གྱི་བསམ་བློའང་ཡིན། ད་དུང་བུད་མེད་ལ་གུ་ཡངས་དང་གཞན་བཀུར་གྱི་སྤྱོད་པ་ལྡན་པར་མ་ཟད། རང་གཤིས་མཛེས་པར་དགའ་བ་དང་མ་གཞི་ཁོ་མོའི་གྲུབ་སྟངས་མཛེས་སྡུག་གི་དཔེ་མཚོན་ཞིག་ཏུ་གྱུར་ཡོད་པས་ཀྱང་ཡིན།

མུ་འགོད།

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s