__ བུད་མེད་ཀྱི་དཀའ་ངལ་ལ་ཅིས་ཀྱང་འཕྱ་སྨོད་མ་གནང་རོགས།
མང་བཟའ་པད་དཀར་གྱིས་བརྩམས།
ལྷ་སྡེ་གནམ་ལོ་ཡག་གི་བསྒྱུར།
བུད་མེད་ལ་དགའ་སླ་ཞིང་ངུ་རྐྱེན་པའི་གཤིས་ཀ་ལྡན་པ་དང་སེམས་ཚོར་རྣོ་བའི་ཁྱད་ཆོས་ཡོད་པས། བུད་མེད་འདི་རྣམས་ཀྱིས་རྩོམ་རིག་དང་སྙན་ངག སྒྱུ་རྩལ་བཅས་ཀྱི་ཁྱབ་ཁོངས་སུ་ལས་ཀ་གཉེར་འོས་ཤིང༌། གཞན་གཤིས་སྤྱོད་འཇམ་པའི་བུད་མེད་དག་སློབ་གསོ་དང་འཕྲོད་བསྟེན་གྱི་ལས་རིགས་སྒང་དང༌། མནོ་བསམ་གྱི་ནུས་པ་རྐྱེན་ཞིང་གཏན་ཚིགས་ཀྱི་རིགས་ལམ་གསལ་བའི་བུད་མེད་དག་གིས་མཚན་ཉིད་རིག་པ་དང་ཆབ་སྲིད། ཁྲིམས་རྩོད་གཟུ་བཤད་རིག་པའང་འབོད།ལས་རིགས་གཉེར་འོས་པ་ཞིག་ཏུ་འདོད། དགའ་འོས་པ་ཞིག་ལ་དེང་སྐབས་བུད་མེད་མཆོག་ཏུ་གྱུར་བ་སྐོར་ཞིག་གིས་བོད་ཀྱི་བུད་མེད་ལ་ཡོད་པའི་མི་མངོན་པའི་ནུས་པ་བདེན་དཔང་བྱེད་ཐུབ་ཀྱི་ཡོད་ཅིང༌། བོད་ནང་དང་བཙན་བྱོལ་གཉིས་ཆར་བུད་མེད་མཁས་པ་དང་བུད་མེད་ལྷ་རམས་པ། བུད་མེད་ཞིབ་འཇུག་པ། རྒྱ་རྐྱ བུད་མེད་སློབ་དཔོན། བུད་མེད་རྩོམ་པ་པོ། བུད་མེད་སྒྱུ་རྩལ་པ། བུད་མེད་ཆབ་སྲིད་པ། བུད་མེད་སློབ་གསོ་བ། བུད་མེད་ལྷ་རྗེ། བུད་མེད་རིན་པོ་ཆེ། བུད་མེད་སློབ་དཔོན། བུད་མེད་སྒོམ་ཆེན་པ་བཅས་མང་པོ་བྱུང་དང་འབྱུང་བཞིན་ཡོད། སྨྱུག་ཐོགས་པས་ངོ་ཤེས་ཤིང་ཆ་རྒྱུས་ཡོད་པའང་གོང་དུ་བརྗོད་ཟིན་པ་ལྟར་དེང་སྐབས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ལས་ཀ་གཉེར་བཞིན་པའི་བུད་མེད་ལྷ་རམས་པ་བློ་བཟང་རབ་རྒྱས་བློ་བཟང་ཆོས་སྒྲོན་ཡང་འབོད། མཆོག་ནི་ཤེས་ཡོན་གྱི་མཁས་པའི་གོ་འཕང་ཐོབ་ཅིང༌། གནས་ཚད་དང་དགའ་སྤོབས་མཐོ་བའི་ཁར་བུད་མེད་ལ་རེ་བར་འཇུག་པའི་རུ་འདྲེན་ཐུབ་པ་དང༌། བུད་མེད་ཀྱི་སེམས་ཤུགས་སྤེལ་ཐུབ་པའི་བུད་མེད་ཅིག་རེད། ད་དུང་ཝ་ར་ནཱ་སིར་ལྷ་རམས་པའི་ཆེད་ལས་སློབ་གཉེར་གནང་བཞིན་པའི་ཚེ་དབྱང་མཆོག་ནི་རྒྱ་ཆོས་བོད་ལ་བསྒྱུར་བའི་ལོ་ཙཱ་བ་ཆེན་པོ་ཞིག་ཀྱང་ཡིན་ཏེ། དེང་སྐབས་ཁོ་མོས་བོད་བརྒྱུད་ནང་བསྟན་ཁྲོད་མེད་པའི་རྒྱ་ཡིག་གི་ནང་ཆོས་ <<ཆོས་མངོན་པའི་བྱེ་བྲག་བཤད་མཛོད་ཆེན་མོ>> བམ་པོ་ཉིས་བརྒྱ། སྣོན་བསྒྱུར་གནང་བཞིན་པ་དང༌། ལོ་ཤས་སྔོན་ཁོ་མོས་བུ་མོ་ཚོ་”ཞེན་ཆགས”པའི་ཁྲ་མཛེས་རྒྱན་ཆ་དོར་ནས་ཐུབ་པའི་དབང་པོའི་”མི་རྟག་”གྲྭ་ཆས་མནབས་ཏེ་བླ་མེད་ཀྱི་ལམ་ནང་བསྐྱོད་བཞིན་ཡོད། དེ་མཚུངས་སུ་ཞིབ་འཇུག་པའི་ཆེད་ལས་མཐར་ཕྱིན་གྱིས་ལྷ་རམས་པའི་ཆེད་ལས་སློབ་གཉེར་གནང་ལ་ཉེ་བའི་ཀརྨ་ལྷ་མོ་མཆོག་དེང་ཁམས་ཁུལ་རྒ་བ་ན་བཞུགས། སོགས་ཡིན།
ད་དུང་འདིར་ལྷག་པར་དུ་གསལ་བཤད་བྱེད་ཐུབ་པའི་བུད་མེད་ཅིག་ནི། དབྱངས་ཅན་ལྷ་མོ་མཆོག་སྟེ། ཁོ་མོའི་གླུ་སྐད་ཧ་ལམ་ཨ་རིའི་རྒྱལ་ཁམས་ཧྲིལ་བོ་དང་ཨོ་སི་ཁྲི་ལི་ཡ། ཡུ་རོབ་བཅས་སུ་ཁྱབ་ཡོད་པ་དང༌། མི་རྣམས་ཀྱིས་ཁོ་མོའི་ཐད་ཀྱི་གནས་ཚུལ་འགོད་སྐབས་ཁ་བྱང་ལ་འདི་ལྟར་བཀོད་འདུག་སྟེ། ༼བུད་མེད་འདིས་ང་ཚོའི་འཛམ་གླིང་ལ་འགྱུར་བ་བཏང་སོང་༽དང་༼བུད་མེད་འདིས་ང་ཚོར་བོད་བརྗེད་དུ་བཅུག་མ་སོང་༽སོགས་དང༌། ལོ་འགའི་སྔོན་ཨོ་སི་ཁྲུ་ལི་ཡར་བསྡུས་པའི་འཛམ་གླིང་གི་ཆེས་ལེགས་པའི་གླུ་བ་གླུ་མའི་འགྲན་བསྡུར་ཁྲོད་མི་དྲུག་ལ་རྟགས་མ་ཐོབ་པའི་ནང་ཁོ་མོ་ཚུད་ཡོད་པ་རེད། མི་ཚང་མས་ངོ་ཤེས་པའི་གླུ་མ་ཟླ་སྒྲོན་མཆོག་གོ་སླ་བའི་གླུ་གཞས་གཏོང་མཁན་ཞིག་དང་མི་རིགས་ཀྱི་ལས་དོན་སྒང་དཀའ་ལས་རྒྱག་མཁན་ཞིག་ཀྱང་ཡིན་ཞིང༌། གཞན་སྔར་བོད་གཞུང་ཟློས་གར་ཁང་དུ་འཁྲབ་སྟོན་པ་གནང་མྱོང་པའི་ཆོས་སྐྱིད་མཆོག་ནི་བོད་ཀྱི་རོལ་དབྱངས་སམ། མངའ་རིས་ནས་དབུས་གཙང་ལ་དར་བའི་སྟོད་གཞས་དང་དུས་རབས་བཅུ་བདུན་པ་ནས་དར་བའི་ནང་མ་སོགས་ལ་ཉམས་ཞིབ་གཏིང་ཟབ་ཡོད་མཁན་ཞིག་ཡིན་པར་མ་ཟད། དམངས་ཁྲོད་ཀྱི་གླུ་གཞས་ལྷ་མོའི་རྣམ་ཐར་དང་ཁམས་ཁུལ་གྱི་འབའ་གཞས། ཨ་མདོའི་རྡུང་ལེན་སོགས་ལའང་འཚོལ་ཞིབ་ཀྱིས་ལག་ལེན་དང༌། ཁོ་མོའི་གླུ་ངག་སྙན་ཞིང་ཡིད་བརྙན་གྱིས་ཕྱུག་པོའི་གསུང་སྐད་དེས་སྲོལ་རྒྱུན་གླུ་གཞས་ཀྱི་རྩ་བ་མཐུད་འཛིན་བྱེད་བཞིན་ཡོད།
ན་ནིང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྐབས་དང་པོའི་༼བོད་ཀྱི་མཛངས་མ་༽ལྕམ་ཆུང་སྒྲོལ་མ་གཡང་འཛོམས་ལགས་ཀྱིས་ཁོ་མོའི་རྣམ་དཔྱོད་དང་སྤོབས་ཉམས་ལ་བརྟེན་ནས་༼བོད་ཀྱི་མཛངས་མའི་༽དབུ་རྒྱན་ལེན་ཐུབ་འདུག་ལ། ད་ལོའི་ཕྱི་ཟླ་ ༤ནང་མ་ལེ་ཞི་ཡའི་ནང་བསྡུས་པའི་༼གླིང་ཆེན་བརྒལ་བའི་ཡུལ་བསྐོར་སྤྲོ་འཆམ་ལྕམ་ཆུང་འགྲན་བསྡུར་༽ལ་ཞུགས་ཡོད་པ་དང༌། ཉིན་ཤས་སྔོན་ངས་ཁོ་མོ་དང་༼རྒྱ་ནག་གི་ལྕམ་ཆུང་༽ལྷན་བསྒྲོན་པའི་འདྲ་པར་ཞིག་མིག་མཐོང་བྱུང་ལ། སྨྱུག་ཐོགས་པས་གྲོགས་པོ་འགར་༼རྒྱ་ནག་ལྕམ་ཆུང་༽ལ་སོས་ཕྲུམ་ཕྲུམ་དང་ཞི་འཇམ་ཡིད་འོང་གི་མཛེས་ཤ་དོད་པས། འོད་ཁང་ནང་བསྐྱངས་པའི་མཛེས་སྡུག་གི་མེ་ཏོག་ཅིག་དང་འདྲ་ཞིང༌། སྒྲོལ་མ་གཡང་འཛོམས་ནི་ཉི་རླུང་ཁྲོད་དུ་སྐྱེ་བའི་རི་སྐྱེས་མེ་ཏོག་ཅིག་དང་འདྲ་བས། ཁོ་མོའི་སྤོབས་ཉམས་ལ་མི་སེམས་བསྒུལ་བའི་འགུགས་ཤུགས་ཤིག་དང་ཚེ་སྲོག་གི་ནུས་ཤུགས་འཛོམས་ཡོད་པ་བཤད་རྒྱུ་བྱུང་སོང༌། ཕ་རན་སིའི་གསར་འགོད་པ་རྐྱཁྲངཞིག་གིས་ཚད་མཐོན་པོའི་ལམ་ནས་སྒྲོལ་མ་གཡང་འཛོམས་ལགས་ཀྱི་ལེགས་སྦྱར་རམ་གཏམ་བཤད་ལ་གདེངས་འཇོག་བྱས་ཡོད་ཅིང༌། ཐེངས་འདིའི་བོད་ཀྱི་ལྕམ་ཆུང་གིས་རྒྱ་ནག་ལྕམ་ཆུང་ལ་བཟུང་པའི་མཛའ་བརྩེ་ལོ་སྔོན་མའི་འཛམ་གླིང་གི་མཛེས་མའི་འགྲན་བསྡུར་ཁྲོད་ཀྱི་ལྕམ་ཆུང་ཚོའི་ཁ་ནང་ལས་གླེང་བའི་༼ཞི་བདེ་༽ཡི་དོན་སྙིང་ཙམ་ལས་རིང་དུ་ཐོལ་བརྒལ་བྱེད་ཐུབ་ཡོད་པ་རེད།
ལོ་རྒྱུས་ནང་བཀོད་པ་ལྟར་ན། དུས་རབས་བཅུ་བདུན་པའི་མཇུག་ལ་གངས་རི་མཁའ་འགྲོ་མ་སྐུ་ཕྲེང་གཉིས་པ་བློ་བཟང་ཆོས་སྒྲོན་ལགས་ནི་ཕུལ་དུ་བྱུང་པའི་འཇིམ་རྐོས་སྒྱུ་རྩལ་པ་ཞིག་ཡིན་ཞིང༌། ཁོ་མོས་མདོ་སྨད་སྐུ་འབུམ་བྱམས་པ་གླིང་དུ་རྗེ་ཙོང་ཁ་བའི་ཟངས་སྐུ་ཞིག་བཞེངས་སྐབས། སྐུ་བརྙན་ལས་འོད་མཆེད་པ་སོགས་རྟགས་ལྟོས་ཡ་མཚན་མང་པོ་བྱུང་འདུག དུས་རབས་བཅུ་དགུ་བའི་མཇུག་ཙམ་ལ། གཙང་བཀྲ་ཤིས་ལྷུན་པོའི་དགོན་ནང་ཐང་ག་བཟོ་འགོད་པ་སྐད་གྲགས་ཅན་ཞིག་ཡོད་པའི་མཚན་ལ་ཚོང་ཤར་འབོད་པ་དང༌། ཁོང་གི་བུ་མོ་ཆོས་སྒྲོན་གྱིས་ཕ་རྒན་གྱི་ལག་རྩལ་རྒྱུན་འཛིན་གྱིས་ཕ་རྒན་དང་མཉམ་དུ་དགོན་པ་འདིར་འགྲན་ཟླ་བྲལ་བའི་སྒྱུ་རྩལ་གྱི་བརྩམས་ཆོས་མང་པོ་འཇོག་གནང་མཛད་ཡོད།གཞན་ད་དུང་གངས་ལྗོངས་སུ་བུད་མེད་དེང་རབས་རི་མོ་བ་མང་པོ་ཞིག་བྱུང་ཡོད་ཅིང༌། དཔེར་ན། བྱང་ཆུབ་སྒྲོལ་མ་ལགས་ནི་སི་ཁྲོན་མཛེས་རྩལ་སློབ་གླིང་ནས་སློབ་མཐར་ཕྱིན་པ་དང༌། བརྩམས་ཆོས་ཞིང་ཆེན་དང་རྒྱལ་ཁབ་རིམ་པ། ཉི་ཧོང༌། ཧོང་ཀོང་སོགས་སུ་འགྲེམས་སྟོན་དང་དུས་དེབ་མང་པོའི་སྒང་ཐོན་ཐུབ་ཡོད་པའི་ཁར།ཞིང་ཆེན་མངའ་སྡེནང་ཕུལ་བྱུང་རི་མོ་བའི་རྟགས་མ་རག་པ་དང་རྒྱ་ནག་མཛེས་རྩལ་ལྷན་ཚོགས་ཀྱི་ཚོགས་མི་དང་སི་ཁྲོན་ཞིང་ཆེན་མཛེས་རྩལ་ལྷན་ཚོགས་ཀྱི་ཚོགས་མི། དཀར་མཛེས་ཁུལ་མཛེས་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཡིན་འདུག ད་དུང་བུད་མེད་རི་མོ་བ་ཚེ་རིང་སྒྲོལ་མ་སོགས་ཡོད་པ་རེད།
བུད་མེད་རྩོམ་པ་པོའི་ཐད། ལྕམ་སྐུ་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་ <<ང་དང་ནག་ཆུ་རྩྭ་ཐང>> བརྩམས་ཡོད་པ་དང༌། དེང་བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་འཁུར་མུས་དང་<<བོད་ལྗོངས་དམངས་སྲོལ>> དུས་དེབ་ཀྱི་རྩོམ་སྒྲིག་པ་གཙོ་བོ་ཡིན། ད་དུང་ཤེས་རབ་ལྷ་མོ་དང་ལྕམ་སྐུ་གཡང་སྒྲོན། བོད་ཀྱི་བུད་མེད་ཀྱི་དེང་རབས་ཚིགས་བཅད་སྙན་ངག་ཐོག་མ་<<གློག་སྒྲོན>>སྤེལ་མཁན་འབྲུག་མོ་སྐྱིད་བོད་ནང༌། དང་བོད་ཡིག་གི་གྲོལ་བའི་སྙན་ངག་ཐོག་མ་ <<ཡོད་ཚད་སྐྱ་ཐང་ངེར་>> སྤེལ་མཁན་ལྕགས་མོ་འཚོ། དེང་ཨ་རི། བོད་ཡིག་གི་ལྷུག་རྩོམ་ཐོག་<<རྩྭ་ཐང་གི་ཉིན་ཐོ>> སྤེལ་མཁན་གཡང་འཚོ་སྐྱིད། བོད་ནང༌། བུད་མེད་ཀྱི་བོད་ཡིག་གི་གྲོལ་བའི་སྙན་དེབ་ཐོག་མ་ <<བྱུ་རུའི་ལས་དབང>> སྤེལ་མཁན་གཟུངས་ཕྱུག་སྐྱིད་། དེང་རྒྱ་གར། དང་ལྷུག་རྩོམ་དཔེ་དེབ་ཐོག་མ་<<དྲང་སྲོང་བསྟི་གནས་ཀྱི་རྨི་ལམ་ཐུན་གཅིག>> སྤེལ་མཁན་བཙུན་མ་སྐལ་བཟང་ལྷ་མོ། དེང་རྒྱ་གར། བོད་ཀྱི་བུད་མེད་ལས་རྒྱ་ཡིག་གི་བརྩམས་སྒྲུང་རིང་པོ་ཐོག་མ་<<ཉི་མའི་ཁྱིམ་རྒྱུད་>>སྤེལ་མཁན་མེ་སྒྲོན་བོད་ནང༌།སོགས་བྱུང་ཡོད། གཡང་འཛོམས་སྒྲོལ་མ་ལགས་ལོང་ཊོན་སློབ་གྲྭ་ཆེན་མོའི་ཤར་ཕྱོགས་དང་ཨ་རིའི་སློབ་གླིང་ནང་རྩོམ་རིག་གི་ཞིབ་འཇུག་པའི་སློབ་ཐོན་གྲུབ་རྗེས། རྒྱལ་ཡུམ་ཆེན་མོའི་རང་རྣམ་བཤད་མ་<<ངའི་བུ་ཏཱ་ལའི>> བརྩམས་ཡོད་ཅིང༌། འདིས་བུད་མེད་ཀྱི་རང་རྣམ་བཤད་མའི་ལོ་རྒྱུས་ཀྱི་སྒོ་མོ་ཕྱེས་ཐུབ་ཡོད།
བོད་ཕྱི་ནང་གཉིས་ཀར་བུད་མེད་ཆབ་སྲིད་པའང་རེ་འགའ་བྱུང་ཡོད་དེ། ལྕམ་སྐུ་རིན་ཆེན་མཁའ་འགྲོ་མཆོག་ནི་བཙན་བྱོལ་བོད་གཞུང་གི་ཤེས་རིག་བཀའ་ཟུར་ཡིན་པ་དང༌། ཁོ་མོས་སྨྱུག་ཐོགས་པར་བཞག་པའི་འདུ་ཤེས་གཙོ་བོ་ནི་བསམ་ཤེས་དང་བློ་སྤོབས་ལྡན་པ། དྲང་བདེན་གྱི་བསམ་བློ་དང་ཕྱོགས་གང་ནས་ཀྱང་ཕུན་སུམ་ཚོགས་པའི་བུད་མེད་ཅིག་ཡིན་པར་མ་ཟད། ལྷག་བློ་ཆེར་བསྐྱེད་ཀྱིས་བུད་མེད་རྣམས་རྨོངས་གཉིད་ལས་སད་པར་འབོད་སྐད་གནང་མཁན་ཞིག་ཀྱང་རེད། ལྕམ་སྐུ་རྒྱ་རི་སྒྲོལ་མ་མཆོག་ནི་བཙན་བྱོལ་བོད་མི་དམངས་སྤྱི་འཐུས་ཀྱི་ཚོགས་གཞོན་གནང་མུས་དང་ཁོ་མོ་བློ་བརྟན་འགྱུར་མེད་ཀྱི་གཤིས་ཀས་རྒྱན་ཞིང༌། མི་རིགས་ལས་དོན་སྒང་ལྷག་བསམ་དཀར་བ་དང་་སྲིད་དོན་གྱི་རིག་ལམ་བྱང་པའི་བློ་ཁོག་ལྡན་པའི་བུད་མེད་ཅིག་རེད། ལྕམ་སྐུ་ཉི་མ་སྒྲོལ་མ་མཆོག་ནི་དེང་བོད་ནང་མཚོ་སྔོན་ཞིང་ཆེན་ཟེར་བའི་གུང་གཞོན་ཚོགས་པའི་ཚོགས་གཙོ་ཡིན་པ་དང་བསམ་བློ་དཀར་ཞིང༌། འཇོན་ཐང་ཆེ་བའི་བུད་མེད་ཅིག་ཡིན་ལ། སྔར་སྨྱུག་ཐོགས་པ་སློབ་འབྲིང་སྐབས་ཀྱི་དགེ་རྒན་ཡིན་པས་རྒྱུས་མངའ་ཆེ། ཕུན་ཚོགས་བདེ་སྐྱིད་མཆོག་དེང་སྐབས་འཇར་མན་དུ་བཞུགས་ཤིང༌། གཏན་ཚིགས་རང་བཞིན་གྱི་བློ་རྒྱ་ལྡན་ཞིང་ཆབ་སྲིད་ཀྱི་མ་རྩ་ཤིན་ཏུ་ཆེ་བའི་བུད་མེད་ཅིག་སྟེ། ཁོ་མོའི་ཕ་རྒན་འབའ་བ་ཕུན་ཚོགས་དབང་རྒྱལ་གྱི་ནང་ཚང་ལོ་རྒྱུས་དང་སྲིད་དོན་སྒང་གི་བྱུང་བ་སོགས་ལ་བརྟེན་ནས་རྒྱ་དམར་གྱི་ནང་ཁུལ་གནས་ཚུལ་དབྱེ་ཞིབ་བྱས་པར་ཐུན་མིན་གྱི་ཁྱད་ཆོས་ལྡན་པ་དང༌། ཁོ་མོ་རང་འདུན་ལྟར་སྲིད་དོན་ལ་འཇུག་མཁན་ཞིག་ཏུ་གྱུར་ཡོད།
བུད་མེད་སློབ་གསོ་བའང་ཚེ་རིང་སྒྲོལ་མ་མཆོག་ནི་བོད་མིའི་ཆེས་དཀའ་སྡུག་གི་དུས་རབས་ནང་གཟབ་འཆོར་ཕུད་ནས་དྭ་ཕྲུག་ལས་དོན་སྒང་འཇུག་མཁན་ཏེ། དེང་གི་བཙན་བྱོལ་སྤྱི་ཚོགས་ཀྱི་༼བོད་ཕྲུག་ཁྱིམ་སྡེའི་༽རྨང་གཞི་འདིང་མཁན་གཙོ་གྲས་གཅིག་རེད། ཕྲེང་རིང་རིན་ཆེན་སྒྲོལ་མའམ་ཕྲེང་རིང་ཨ་མ་ལགས་ནི་མི་ཚེའི་ལྷག་འཕྲོས་བོད་ཀྱི་སློབ་གསོའི་ལས་དོན་སྒང་ཕུལ་མཁན་གྱི་བུད་མེད་ཅིག་སྟེ། གོང་སྋམཆོག་གིས་ཁོ་མོར་གདེངས་འཇོག་ཚད་མཐོན་པོ་གནང་མྱོང་ཡོད། ལྕམ་སྐུ་རྗེ་བཙུན་པད་མ་མཆོག་གིས་བོད་ཀྱི་མ་འོངས་སོན་རྩ་བསྐྱེད་བསྲིངས་ཀྱི་ཕུགས་རྒྱང་རིང་པོའི་འཆར་གཞི་དང་ཐུགས་འགན་ཡོད་ཚད་བཞེས་ནས་ཉིན་མཚན་གཉིས་ཀར་དཀའ་ལས་རྒྱག་གི་ཡོད་པ་རེད།
བུད་མེད་ཨེམ་རྗེ་ཐད་ཨ་མ་བློ་བཟང་མཆོག་ལ་སྨན་བཅོས་ཀྱི་ལག་རྩལ་དང་སྨན་བཅོས་ཀྱི་ཀུན་སྤྱོད་འཛོམས་པའི་ཐོག་གསོ་བ་རིག་པའི་ཤེས་བྱ་ཕུན་སུམ་ཚོགས་པ་ཞིག་ལྡན་པས། བཙན་བྱོལ་བོད་མིའི་ཁྲོད་ཀྱི་ནད་མནར་བ་དག་གི་སྡུག་བསྔལ་ཇེ་ཡང་དུ་གཏོང་ཐུབ་ཡོད་པར་མ་ཟད། རྒྱ་གར་གྱི་དྲག་བསྐྱེད་མེད་པའི་ནད་པ་མི་ཉུང་བ་ཞིག་ལ་བདེ་ཐང་སླར་གསོ་བྱེད་ཐུབ་ཡོད་པར་བརྟེན་ནས་རྒྱ་གར་མི་དམངས་ཀྱིས་ཁོ་མོར་དགའ་ཞེན་བརྩི་བཀུར་དང༌། བོད་ཀྱི་གསོ་བ་རིག་པར་ཡིད་ཆེས་དང་དོ་སྣང་སླེབས་ཐུབ་ཡོད་འདུག ལྷ་རྗེ་ཟླ་སྒྲོན་མཆོག་ནི་བོད་ཀྱི་གསོ་བ་རིག་པའི་རིགས་གཅིག་རྐང་འཛིན་མཁས་པ་ཞིག་ཡིན་ཞིང༌། ལོ་ངོ་ཉི་ཤུ་ལྷག་གི་སྨན་པའི་མི་ཚེ་ཁྲོད་ཧུར་ཐག་གིས་དཀའ་ལས་བརྒྱབ་པར་བརྟེན་ནས་སྨན་པ་བཀའ་བཅུ་བ་དང་སྨན་རམས་པ་སོགས་ཀྱི་གྲུབ་འབྲས་ལེགས་མོས་དཔྱད་ཞིབ་རིམ་ཐོན་གྲུབ་ཡོད་པ་དང༌། ཁོ་མོས་མི་སྣ་ཁྱད་པར་ཅན་གསུམ་གྱི་བདེ་ཐང་ལ་བརྟག་དཔྱད་བྱེད་མྱོང་སྟེ། གཅིག ཕྱི་ལོ་ ༡༩༨༠ལོར་རྒྱལ་ཡུམ་ཆེན་མོའི་བདེ་ཐང་ལ་བརྟག་དཔྱད་བྱེད་མྱོང་བ་དང་ཁོ་མོས་སྨྱུག་ཐོགས་པར་བཤད་དོན།རྒྱལ་ཡུམ་ཆེན་མོའི་བྱམས་བརྩེ་དང་གསུང་སྐད་དྲོན་མོ་དེང་ཡང་རྣ་འགྲམ་དུ་ཡལ་བ་མི་འདུག གཉིས། ཕྱི་ལོ་ ༡༩༩༠ལོར་རཱ་ཤི་ཡ་རྒྱལ་ཁབ་ནང་འཚམས་འདྲི་བསྐྱངས་སྐབས། རཱ་ཤི་ཡའི་སྲིད་འཛིན་ལ་སྐུ་བསྙུང་བཞེས་ཡོད་པར་འཕྲད་ནས་བརྟག་དཔྱད་དང་སྨན་བཅོས་བྱས་པས། དེའི་རྗེས་སྐུ་སྒེར་ཡིག་ཚང་ལ་ཁོ་མོར་ཐུགས་རྗེ་ཆེའི་ལེགས་གསོལ་འཚམས་འཕྲིན་ཞིག་ཀྱང་བཏང་འདུག གསུམ། སྐབས་འདིར་གཟི་བརྗིད་ཀྱིས་ཁོ་མོ་འཚོ་བྱེད་སློབ་དཔོན་ལ་བསྐོ་བཞག་གནང་པས། བོད་ཀྱི་ལོ་རྒྱུས་སྒང་གི་གོང་ས་མཆོག་གི་བླ་སྨན་བུད་མེད་ཐོག་མ་དེ་ཆགས་ཡོད། བུད་མེད་ཨེམ་རྗེ་འདི་དག་བྱུང་པར་བརྟེན་ནས་༼བུད་མེད་དང་ཁྱི་གཉིས་སྨན་སྦྱོར་གྱི་ཐག་ཉེ་སར་འགྲོ་མི་ཆོག་༽པའི་སྔར་སྲོལ་ལ་འགྱུར་བ་གཏོང་ཐུབ་ཡོད་པར་སྙམ།
ལོ་རྒྱུས་སྒང་བུད་མེད་སྤྱིར་བཏང་བའི་ཁྲོད་རླབས་ཆེན་གྱི་མི་སྣའང་མང་པོ་བྱུང་ཡོད། དཔེར་ན། རྒྱལ་ཡུམ་ཆེན་མོ་ལྟ་བུའི་ཆེས་སྤྱིར་བཏང་བ་དང་ཆེས་རླབས་ཆེན་གྱི་ཨ་མའང་བྱུང་ཡོད་དེ། ཁོ་མོའི་རང་རྣམ་བཤད་མ་<<ངའི་བུ་ཏཱ་ལའི་བླ་མ>> སྐུ་ཞབས་རྒྱལ་ལོ་དོན་གྲུབ་ཀྱིས་བྲིས་པའི་གླེང་བརྗོད་ནང༌། ༼གནའ་གཏམ་འདི་རླབས་ཆེན་བུད་མེད་ཅིག་དངོས་བརྒྱུད་ལོ་རྒྱུས་ཀྱི་ཟིན་ཐོ་ཡིན་ཞིང༌། ཨ་མ་ལགས་ཞིང་བའི་འཚོ་བ་ནས་འགོ་བརྩམས་ཏེ་རྗེས་སོར་ཁོ་མོའི་བུ་ཆུང་རྒྱལ་དབང་སྐུ་ཕྲེང་སྐུ་ཕྲེང་བཅུ་བཞི་པར་ངོས་འཛིན་གནང་མཚམས་དང༌། བོད་ཀྱི་ལོ་རྒྱུས་སྒང་ཆེས་གཡོ་ཡོམ་ཆེ་བའི་དུས་རིམ་ནང་ཞུགས་ནས་བཙན་བྱོལ་གྱི་གདམ་ག་མི་གནང་རང་གནང་ངང་རྒྱ་གར་ལ་སླེབས་ཡོད་པ་རེད། ཨ་མ་ལགས་ནང་ཆོས་ལ་དད་པ་རྩེ་གཅིག་ཏུ་ཡོད་མཁན་ཞིག་དང༌། མཉམ་སྐྱོ་མཉམ་སྡུག་གི་བྱམས་བརྩེ་དང་སེམས་པ་བཟང་པོས་་ཀུན་ནས་རྒྱན་ཡོད་པས། ཁོ་མོ་ངོ་ཤེས་པའི་མི་ཚང་མས་བརྩི་བཀུར་བྱེད་ཀྱི་ཡོད། ཨ་མ་ལགས་ལ་ཐུན་མོང་མ་ཡིན་པའི་གཤིས་ཀ་ཞིག་ཡོད་པ་ནི། བརྟན་ལྷིང་དང་བག་ཡོད་མེད་གཉིས་དེ་ཡིན། གཤིས་ཀ་འདི་ཁོ་མོར་འགྲོགས་ནས་མི་ཚེའི་ལོ་ཟླ་རྒྱུན་བསྲིངས་ཐུབ་ཡོད། ༽གཞན་བུད་མེད་སྤྱིར་བཏང་བ་སྐོར་ཞིག་ཆུང་དུས་ནས་སློབ་གྲྭ་སོགས་འགྲིམས་མྱོང་མེད་པ་དང་གནས་ལུགས་ཆེན་པོ་ཤེས་ཀྱི་མེད་ནའང༌། ནམ་རྒྱུན་སེམས་པ་སྐྱིད་པོ་དང་གུ་ཡངས། ཆོག་ཤེས་ཀྱིས་ནང་ཚང་དོ་དམ་དང༌། བྱམས་བརྩེ་དང་དགའ་སྣང་གིས་ཁོ་མོ་དང་འགྲོ་འོངས་བྱེད་མཁན་ཀུན་ལ་རོགས་བསྐྱོར་བྱེད་ཀྱི་ཡོད་པ་དང༌།དེ་བས། རུ་ཁག་གམ་སྡེ་བ། གྲོང་ཚོའི་ནང་གི་མི་རྣམས་ཀྱི་བརྩི་བཀུར་དང་དགའ་ཞེན་ཐོབ་ཡོད་པ་རེད།
བོད་ནི་ནང་ཆོས་ལ་དད་འདུན་ཆེ་བའི་དམིགས་བསལ་གྱི་རྒྱལ་ཁམས་ཤིག་ཡིན་པས། བུད་མེད་བླ་མའང་མང་པོ་་བྱུང་མྱོང་ཡོད། དཔེར་ན། བསམ་སྡིངས་རྡོ་རྗེ་ཕག་མོ་མཆོག་དེང་སྐབས་སྐུ་ཕྲེང་བཅུ་བཞི་བརྒྱུད་ཡོད་པ་དང་བུད་མེད་བླ་མ་ཞིག་གིས་རྔམ་བརྗིད་ལྡན་པའི་གྲྭ་བཙུན་གྱི་དགོན་པ་ཞིག་ལ་བདག་སྐྱོང་གནང་བཞིན་པ་དང་ངག་རྒྱུན་ལ་ཁོ་མོ་རྡོ་རྗེ་ཕག་མོའི་རྣམ་སྤྲུལ་ཡིན་ཞེས་ཟེར། དགོན་པ་འདིའང་ཀརྨ་པའི་དགོན་པ་ནང་བཞིན་གྱི་ལོ་རྒྱུས་རིང་པོ་ཡོད་མཁན་ཞིག་རེད། གངས་རིའི་མཁའ་འགྲོ་མའང་སྐུ་ཕྲེང་མང་པོ་ཞིག་བརྒྱུད་ཡོད་པ་དང༌། དེང་གི་མདོ་སྟོད་གསེར་རྟ་བླ་རུང་བཙུན་དགོན་སྐུ་གསུམ་མཁའ་འགྲོ་འདུ་གླིང་ནང་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོ་བཞུགས་ཤིང༌།དད་ལྡན་བགྲང་ལས་འདས་པ་ཞིག་ཁོ་མོའི་བྱམས་སྙིང་རྗེ་དང་ཐུན་མིན་གྱི་མཛད་པ་དང༌། གྲུབ་རྟགས་སོགས་ལ་ཡིད་དབང་ཤོར་ནས་གུས་བཀུར་དང་དད་པའི་ཡུལ་ལ་བཀོད་སོང༌། ཡིད་སྐྱོ་བ་ཞིག་ལ་ཁོ་མོ་དང་ཞང་བོ་མཁན་པོ་འཇིགས་མེད་ཕུན་ཚོགས་དབང་རྒྱལ་རྣམ་གཉིས་ཀྱིས་ལོ་མང་རིང་འཛུགས་གཉེར་གྱིས་བཏབ་པའི་གྲྭ་བ་དང་བཙུན་མ་ཆིག་ཁྲི་ལྷག་བརྒལ་བའི་ནང་བསྟན་སློབ་གླིང་ལས་རྒྱ་དམར་གཞུང་གིས་གྲྭ་ཤག་ཉིས་སྟོང་ལྷག་གཏོར་བཅོམས་ཀྱིས་གྲྭ་བ་དང་བཙུན་མ་མང་ཆེ་བ་ཕྱི་ལོགས་སུ་བཙན་འདེད་བྱས་ཡོད་པའི་ཁར། ཁོ་མོ་དང་ཞང་བོའང་བཟང་བཙོན་ལྟ་བུའི་འོག་འཚོ་བཞིན་ཡོད། དགའ་ལྡན་ཆོས་གླིང་གི་དབུ་མཛད་བསྟན་འཛིན་ཀུན་བཟང་མཆོག་ཐེངས་འདིར་ཨོ་སི་ཁྲུ་ལི་ཡའི་ཀུན་དགའ་ཆོས་གླིང་ཆོས་ཚོགས་ནང་ཆེད་ཞུས་སློབ་དཔོན་ལ་གདན་འདྲེན་གྱིས་<<སྤྱོད་འཇུག>>དང་<<ལམ་རིམ>>སོགས་སློབ་ཁྲིད་གནང་མུས་ཡིན། འདི་ནི་ལོ་ན་ ༣༢སོན་པའི་བསྟན་འཛིན་ཀུན་བཟང་ལ་མཚོན་ན་ཚོད་བགམ་ནན་པོ་ཞིག་རེད་ཅེས་བཤད་ཆོག ཡིན་ནའང༌། བརྟན་ལྷིང་དང་བབ་བརླིང་གི་གཤིས་ཀ་དང༌། ཕུན་སུམ་ཚོགས་པའི་ནང་ཆོས་ཀྱི་ཤེས་བྱ་འཛོམས་པའི་ཁར། ཆེས་གལ་ཆེ་བ་ནི་ཁོ་མོས་ནང་ཆོས་ཀྱི་གནད་རྟོགས་ཀྱི་ཡོད་པ་དང་འདུལ་བར་ཉམས་ལེན་ཏན་ཏིག་གནང་ཡོད་པས། ཧ་ལམ་སྔོན་བྱོན་སྐྱེས་བུ་དམ་པ་རྣམས་ཀྱིས་”ཀོག་ཏེ་ལངས་ནས་གཞི་རྫོགས་པ་”ཞེས་པའི་རྗེས་སུ་འཇུག་ཐུབ་པ་དང་ཡོད་ཚད་ལེགས་འགྲུབ་བྱུང་པར་ཡིད་ཆེས་ཡོད། དེ་བས། ཁོ་མོ་ཕྱི་རྒྱལ་ལ་ཆོས་སྤེལ་སླད་བསྐྱོད་པའི་བོད་ཀྱི་བཙུན་མ་དང་པོ་ཆགས་ཡོད། ད་དུང་ས་སྐྱ་རྗེ་བཙུན་འཆི་མེད་བློ་ལྡན་དེང་གི་ས་སྐྱ་གོང་མའི་ཨ་ཅེ་ཡིན།མཆོག་ནི་དགེ་བསྙེན་མ་ཞིག་དང་ཁ་ན་ཏར་བཞུགས་བཞིན་པ་དང༌། ཁོ་མོས་འཛམ་གླིང་གི་ཡུལ་གྲུ་ཁག་ཏུ་ཆོས་གསུངས་པ་དང་དབང་གནང་བཞིན་ཡོད། གཞན་བློ་སྤོབས་ཡོད་པ་དང་དཀའ་སྤྱད་སྙིང་རུས་བསྐྱེད་ཐུབ་པའི་བུད་མེད་སྒོམ་ཆེན་པ་སྐོར་ཞིག་ཀྱང་ཡོད་དེ། དཔེར་ན། རྒྱང་རྩེ་ནས་ཡོང་པའི་བཙུན་མ་བསྟན་འཛིན་ཆོས་འཛོམས་སོགས་ཀྱིས་ལོ་མང་རིང་རི་སྒང་དང་ནགས་ཁྲོད་དུ་ཚེ་འདི་བློས་བཏང་ནས་སྒོམ་བརྒྱབ་ཏེ་ཆོས་ཀྱི་གནས་ལུགས་འཚོལ་བ་དང་དོན་རྟོགས་བཞིན་ཡོད།
ད་དུང་རྗེས་དྲན་བྱེད་འོས་པ་ཁག་ནི་མི་རིགས་ཀྱི་རང་དབང་སླར་གསོ་དང་བདེན་དོན་སླད་རང་སྲོག་བློས་གཏོང་མཁན་དང་འཐབ་རྩོད་བརྒྱབ་དང་རྒྱག་ཀྱིན་པའི་བུད་མེད་དཔའ་བོ་དག་ཡིན་ལ། དཔེར་ན། ཨ་མ་དཔལ་ཆེན་ནམ་རང་བཙན་ཨ་མ་དང༌། ཉེ་ཆར་བཙོན་ཁང་ནང་གློད་གྲོལ་བཏང་ཟིན་པའི་བུད་མེད་ཆབ་སྲིད་བཙོན་ཟུར་ངག་དབང་གསང་སྒྲོལ་ལགས་ནི་ཕྱི་ལོ་ ༡༩༩༠ལོ་སྟེ། རང་ལོ་བཅུ་གསུམ་སྒང་༼བོད་རང་བཙན་༽གྱི་ལས་འགུལ་ནང་ཞུགས་རྐྱེན་འཛིན་བཟུང་གིས་དེང་བར་ལོ་བཅུ་གཅིག་འདས་ཡོད་ནའང༌། བདེན་དོན་དང་དད་སེམས་ཀྱི་ཆེད་དུ་བློ་བརྟན་འགྱུར་མེད་དང་གཡོ་འགུལ་མེད་པའི་ལམ་ནས་བཙོན་ཁང་དུའང་འཐབ་རྩོད་རྒྱུན་འཁྱོངས་གནང་ཡོད་པ་དང༌། གཞན་བཙུན་མ་རྒྱལ་མཚན་ཆོས་སྒྲོན་སོགས་ལ་བཙོན་ཁང་ནང་མི་གཤིས་ལས་འདས་པའི་མནར་གཅོད་སྡུག་བཙུགས་བཏང་ཡོད་ཀྱང་སྙིང་སྟོབས་རི་བརྩིགས་པ་ནང་བཞིན་གྱིས་མི་རྣམས་ཀྱི་འདུ་ཤེས་ནང་གི་བུ་མོའི་ལུས་རྟེན་ཉམས་ཆུང་ནུས་མེད་ཀྱི་ཚད་གཞི་ལས་ཐོལ་བརྒལ་བྱས་སོང༌། དེ་དང་མཉམ་དུ་བཙོན་ཁང་ནང་སྡུག་སྦྱོང་མྱངས་མྱོང་མཁན་བུད་མེད་ལ་བཙུན་མ་ཆོས་སྐྱེས་དབང་མོ་དང་བཀྲ་ཤིས་ལྷ་མོ། བདེ་སྐྱིད་གཡང་འཛོམས། མཁའ་འགྲོ་ཡོན་ཏན། རྒྱལ་མཚན་དངོས་གྲུབ་བམ་ཟླ་སྒྲོན་སོགས་ཡོད་པ་རེད།
བུད་མེད་ཁྲོད་ཀྱི་མཛངས་མ་འདི་དག་གི་ལོ་རྒྱུས་མཐོང་རྗེས།ང་ཚོར་རང་དབང་མེད་པའི་སྤོབས་པ་དང་ཁོ་མོ་ཚོར་གུས་བརྩིའི་སེམས་པ་མཉམ་གཅིག་ཏུ་འཁོར་འོངས་པར་མ་ཟད། འདི་ནི་མོ་ལུས་ཅན་གྱི་མིག་དཔེར་འགྱུར་ཡོད། བོད་ཀྱི་བུད་མེད་རྣམས་དགའ་འོས་པ་ཞིག་ལ་གོང་སྋརྒྱལ་བ་རིན་པོ་ཆེ་མཆོག་གིས་ཐེངས་མང་རིང་༼མ་འོངས་པའི་ཡང་སྲིད་ཁྲོད་ཏན་ཏན་བུད་མེད་ཅིག་འབྱུང་ནས་མུ་མཐུད་འགྲོ་དོན་བྱེད་ངེས་ཡིན་༽གསུངས་ཡོད་པ་དང༌། སྐུ་རྩེད་ཀྱི་ལམ་ནས་༼ད་དུང་སྙིང་རྗེ་མོ་དང་གཟི་ཉམས་དོད་པོའི་རབ་བྱུང་མ་ཞིག་ཡིན་ངེས་༽ཀྱང་གསུངས་ཡོད་པ་རེད།
ངས་དེ་རིང་བོད་ཀྱི་བུད་མེད་སྐོར་གྱི་རྩོམ་ཡིག་འདི་སྤེལ་བའི་དམིགས་ཡུལ་ནི། དང་པོ། འདི་ནི་རང་ཉིད་བུད་མེད་ཅིག་ཡིན་པའི་ཆ་ནས་ཆེས་ཚོར་ཤུགས་རྣོ་བ་དང་ཆེས་སྡོད་བཟོ་མི་སྟེར་བའི་གནད་དོན་ཞིག་ཏུ་གྱུར་ཡོད་པའི་ཁར། མཐའ་འཁོར་གྱི་བུད་མེད་རྣམས་ཀྱི་སྡུག་བསྔལ་དང་རྐྱེན་ངན་ཡང་དེ་ཡིན། གཉིས་པ། མི་རིགས་ཆགས་འཇིག་ལ་འཕྲད་པའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་འདིར་བོད་ཀྱི་བུད་མེད་རྣམས་ད་ནི་སྲོལ་རྒྱུན་གྱི་༼སྐྱེ་དམན་༽གྱི་གནས་བབས་སྒང་མི་སྡོད་པར་༼བོད་མི་ཞིག༽ཡིན་པའི་འདུ་ཤེས་དང་ལེན་ཐོག་ཕོ་མོ་འདྲ་མཉམ་ངང་སྤྱི་ཚོགས་ཀྱི་འོས་འགན་ལེན་པ་དང༌། དེའི་སླད་རང་ཉིད་ཀྱི་མི་ཚེ་འབུལ་ཐུབ་པ་གནང་ཐབས།གསུམ་པ། རྩོམ་ཐུང་འདི་སྐྱེས་པ་དང་སྐྱེས་མའི་བར་སེམས་བདེ་བག་ཕེབས་ངང་བསམ་ཚུལ་བརྗེ་རེས་ཐེངས་ཤིག་ཡོང་པའི་རྒྱུ་རུ་འགྱུར་བར་རེ་བ་བརྒྱབ་ཡོད། བཞི་བ། ནང་ཚང་ངམ་ཁྱིམ་ཚང་ཡོད་ཚད་ནང་བཟའ་ཟླ་ཕན་ཚུན་བར་བརྩི་བཀུར་དང་རྒྱབ་བསྐྱོར། འདྲ་མཉམ། ཕན་ཚུན་བར་བརྩེ་དུང་གི་སྔོན་འགྲོའི་ཆ་རྐྱེན་འོག བསྐྱར་དུ་དོ་མཉམ་གསར་བ་དང་ཞི་མཐུན་གསར་བ་བརྙེད་ཐུབ་ཐབས་བཅས་ཀྱི་སླད་དུ་ཡིན། འདིའང་ངས་ལོ་མང་རིང་སྤྱི་ཚོགས་ལ་སྤེལ་བའི་སེམས་གཏིང་གི་གླེང་མོལ་ཐེངས་ཤིག་ཀྱང་ཡིན།
ངས་རྩོམ་ཡིག་འདི་བྲིས་པ་སྐྱེས་པའི་ངན་གོམས་ཐེར་འདོན་གྱི་སླད་དུ་མིན་པར་འདུ་ཤེས་འཛིན་སྟངས་སམ་ལྟ་གྲུབ་ཅིག་ལ་འགྲེལ་བརྗོད་བྱེད་འདོད་པ་སྟེ། ལྟ་གྲུབ་དེས་སྐྱེས་པ་ཚོར་འོས་ཤིང་འཚམས་པའི་ངང་གཙོ་སྐྱོང་གི་གོ་བབས་ཡོད་པར་བསམ་བཞིན་པའི་ནོར་འཁྲུལ་གྱི་བསམ་བློ་ཞིག་བསྐྱེད་ཡོད་པ་དང༌། མ་བསམ་ས་ནས་བུད་མེད་རྣམས་ལ་སྡུག་བསྔལ་དང་དགོས་མེད་ཀྱི་ཚོད་འཛིན་མང་པོ་ཞིག་ཐེབས་ཀྱི་ཡོད་ཅིང༌། བོད་ཀྱི་སྤྱི་ཚོགས་ནང་མཁསབཙུན་བཟང་གསུམ་ལྡན་པའི་དུས་རབས་གསར་བའི་་ཤེས་ཡོན་ཅན་གྱི་བུད་མེད་མང་པོ་ཞིག་བསྐྱེད་བསྲིངས་བྱེད་དགོས་ན།བསྐུལ་མ་དང་རྒྱབ་བསྐྱོར་གནང་རྒྱུ་བོད་ཀྱི་སྐྱེས་པ་ཚོར་འཁྲི་བའི་འོས་འགན་ཉག་གཅིག་ཡིན་པར་གོར་མ་ཆག་པ་ཞིག་རེད།
ཆེད་མངགས་རིག་གཞུང་ཉམས་ཞིབ་པའམ་སྒྱུ་རྩལ་སྐོར་ཉམས་ཞིབ་དང་གསར་རྩོམ་བྱེད་པའི་བུད་མེད་ཅིག་གི་ངོས་ནས་བཤད་ན།ངེས་པར་དུ་རང་སྟེང་གི་བསམ་བློ་དང་གསར་བཏོད། ཐུན་མོང་མ་ཡིན་པའི་ལྟ་སྟངས། ཚུགས་ཐུབ་ཀྱི་འདུ་ཤེས་བཅས་སྲུང་སྐྱོབ་བྱེད་དགོས། ད་དུང་གསར་བཏོད་དམ། ཉམས་ཞིབ་ཁྱབ་ཁོངས་ཀྱི་རང་བདག་ཐོབ་ཐང་དགོས་ཀྱི་ཡོད་པ། འདི་ནི་སྤྱི་ཚོགས་ཡོངས་ཀྱིས་བོད་ཀྱི་ཤེས་ཡོན་ཅན་གྱི་བུད་མེད་ལ་གནང་པའི་བརྩི་མཐོང་དང་འདྲ་མཉམ་སོགས་ཀྱི་ཆེས་མཐོའི་མཚོན་དོན་དུ་འགྱུར་འོས་པ་ཞིག་ཀྱང་ཡིན་པར་བསམ།
མཚམས་འདིར་སྨྱུག་ཐོགས་པར་འབྲེལ་མེད་དོན་གཞན་གྱི་ཚིག་ཁ་ཤས་ཤིག་ཞུ་འདོད་བྱུང་ཞིང༌། སྒྱུ་རྩལ་ལ་རྒྱུས་མངའ་མེད་པའི་མི་ཁ་ཤས་ཀྱིས་སྒྱུ་རྩལ་ནི་རང་ཉིད་ཀྱི་བསམ་ཚུལ་ལྟར་གཏན་འབེབས་བྱེད་ཆོག་པར་འདོད་ཀྱིན་པ་ཧ་ཅང་གི་མ་རིག་པ་དང་ཁེར་ཆད་ཀྱི་བསམ་ཚུལ་ཞིག་སྟེ། ཁོ་ཚོས་ཆེས་གདོད་མ་དང་དུས་ཡུན་རིང་པོའི་ནང་བྱ་དངོས་ལ་གྲུབ་པའི་གོམས་གཤིས་རང་བཞིན་གྱི་ཤེས་རྟོགས་དང་ལྟ་ཚུལ་ཞིག་གི་འོག་ནས་སྒྱུ་རྩལ་དང་ལེན་བྱེད་ཀྱི་འདུག དཔེར་ན། པར་ལེན་ལག་རྩལ་གྱིས་བྱ་དངོས་ཀྱི་ཁ་དོག་དང་རྣམ་པ་ཇི་མ་ཇི་བཞིན་སྒྱུ་རྩལ་བརྩམས་ཆོས་ནང་ལེན་ཐུབ་ཀྱི་ཡོད་པས། ད་གཟོད་ཁོ་ཚོས་དེ་ནི་ཆེས་ལེགས་པའི་སྒྱུ་རྩལ་གྱི་བརྩམས་ཆོས་ཤིག་ལ་གོ་བ་ལེན་གྱི་ཡོད་པ་རེད། ཡིན་ནའང༌།༼སྒྱུ་རྩལ་འཚོ་བ་ལས་འོངས་ཤིང༌། འཚོ་བ་ལས་མཐོ་བ་ཞིག་ཡིན་༽པས། ཐོག་མའི་དཔྱད་གཞི་དག་གི་འབྱུང་ཁུངས་འཚོ་བའི་ཁྲོད་ཀྱི་བྱ་དངོས་ཤ་སྟག་ཡིན་མོད། དེ་དག་སྒྱུ་རྩལ་པའི་བློ་བཀོད་བརྒྱུད་ནས་གསར་བཏོད་གཉིས་པ་བྱེད་དགོས།༼སྒྱུ་རྩལ་ལ་གདམ་གསེས་མཁོ་བ་དང་སྒྲོ་འདོགས་ཀྱང་དགོས་༽ཀྱི་ཡོད་པའི་ཁར། མཇུག་མཐར་སྒྱུ་རྩལ་བརྩམས་ཆོས་མཛེས་དཔྱོད་དང་བསམ་བློའི་སྤྱོད་ཡུལ་དུ་འགྱུར་དགོས་ཀྱི་ཡོད་པ་ལས་བྱ་དངོས་གང་རུང་དུ་འགྱུར་བཞིན་པ་མིན།དེའི་སྟབས་ཀྱིས་དེང་གི་ཆར་བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཤེས་ཡོན་གོ་རྟོགས་ཇེ་མཐོར་གཏོང་རྒྱུ་ཧ་ཅང་གི་གལ་ཆེ་ཞིང༌། དེ་ལྟར་སྒྱུ་རྩལ་པ་དང་མཉམ་འབྲེལ་བྱེད་ཡུལ་བར་བསམ་འཆར་གཅིག་མཐུན་མེད་པ་མིན་པར་བསམ་ཚུལ་བརྗེ་རེས་ཀྱི་གོ་སྐབས་ལོངས་སུ་སྤྱོད་ཐུབ་པར་སྙམ། སྒྱུ་རྩལ་པར་བརྩི་འཇོག་བྱེད་པའི་གོམས་སྲོལ་ཆགས་རྒྱུ་ནི་གཞན་མ་ཡིན་པར་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་གང་གི་འཕེལ་རྒྱས་ལའང༌།སྒྱུ་རྩལ་པས་རུ་འདྲེན་དང་གཙོ་ཤུགས་ཀྱི་ནུས་པ་ཐོན་གྱི་ཡོད་པས་ཡིན་པ་དང༌། འདི་ནི་སྨྱུག་ཐོགས་པ་སྒྱུ་རྩལ་གྱི་ལས་ཀ་གཉེར་མཁན་ཞིག་པའི་ཆ་ནས་བཏོན་པའི་འབོད་སྐད་ཀྱང་ཡིན།
མུ་འགོད།
ངེད་དྲ་ཚིགས།