__ བུད་མེད་ཀྱི་དཀའ་ངལ་ལ་ཅིས་ཀྱང་འཕྱ་སྨོད་མ་གནང་རོགས།

མང་བཟའ་པད་དཀར་གྱིས་བརྩམས།

ལྷ་སྡེ་གནམ་ལོ་ཡག་གི་བསྒྱུར།

       གཤམ་དུ་ཟླ་ཚེས་ལྟར་སྨྱུག་ཐོགས་པའི་ཉིན་ཐོ་སྐོར་ཞིག་ཞོར་འགོད་བྱེད་རྒྱུ་ཡིན་ཞིང༌། འདི་ནི་ཕྲན་བུད་མེད་ཅིག་ཡིན་པའི་མྱོང་ཚོར་ཡིན་པས། བུད་མེད་སྤུན་ཟླ་ཚོར་དཔྱད་གཞིར་ཕུལ་བ་ལགས།

ཀི་སྒྲ་སྒྲོགས་ཤིག ཉམས་ང་བའི་མི

དེང་སང་ཁྱོད་ལ་ཚོར་བ་ཞིག་འདུག་གམ

ཁྱོད་རང་གི་གདོང་མིག་ལ་ཤུལ་ཙམ་ལས་མ་ལྷག

ཁྱོད་རང་ཤ་རུས་ཉོག་འདྲེས་ཀྱིས་འཁྲུག་ཀྱིན

ད་ཁྱོས་ཅི་ཞིག་ལ་བརྟེན་ནས་ལ་རྒྱ་སྲུང་ངམ

ལུས་ཕུང་མཚར་དཔེར་གྱུར་བ་ཁྱོས་མ་ཤེས

ང་ཁྱོད་ལ་སྙིང་བརྗེ་སྐྱེས སྔར་བཤད་མྱོང་བའི་ཐེངས་བརྒྱར་འགྱེལ་ཡང

ཐེངས་བརྒྱ་དང་གཅིག་ལ་ལངས་ཐུབ་པ་ཨེ་བདེན

འོན་ཀྱང དེང་འདིར་བརྒྱ་དང་གཉིས་འགྱེལ་སོང

ངས་ཤི་ཟིན་པའི་ཁྱོད་ཀྱི་སླད་དུ་མིག་ཆུ་གཏོར

ཁྱོད་ཀྱི་ཕུང་བོའི་སྒང་གཞན་བརྟེན་འབུ་ཕྲས་ཁེངས་ཤིང

ཁྱོད་རིན་གོང་ཆུང་དྲགས་སམ། མི་རྣམས་ཀྱིས་གང་འདོད་དུ་རིན་ཚད་འཇལ

ཚེ་འདིར་ངར་ཉམས་པའམ། ཡང་ན། སྐྱེ་བ་རྗེས་མའི་སླད་བཟོད་བསྲན་བྱེད

འཇིག་རྟེན་འདིར་འཕག་འཚག་གིས་འབོད་སྐད་སྒྲོག་ཚད

ཉེས་པ་དང་འཕྲོ་བརླག་གི་ངོ་བོར་གྲུབ་བམ་ཅི

རབ་རིབ་སྐྱེ་འཆིའི་ཀློང བཙོན་འཇུག་མེད་སའི་བས་མཐའ་དེར་ཇི་ལྟར་བགྲོད

ཕྱི་ལོ་ ༡༩༩༨ལོའི་ཟླ་ ༡༡ཚེས་ ༡༧ཉིན་ངྷ་རམ་སཱ་ལ།

 

       དངོས་གནས་ལོ་ཟླས་ངའི་བློ་རྩར་གཙུབ་བརྡར་བཏང་ཟིན་པས། ང་སྔར་གྱི་པད་དཀར་མ་རེད། སྒེག་ཉམས་ཡོད་མདོག་པའི་བུད་མེད་ཅིག་གིས་རང་ཉིད་ཞོར་གཏོགས་ཀྱི་རང་བཞིན་ནམ། ཨང་གཉིས་པའི་ངོ་བོ་ལས་བརྒལ་ཐུབ་ཀྱི་མི་འདུག ལམ་ལྷོང་བྱུང་ཟིན་པའི་བུད་མེད་ཅིག་གིས་བུད་མེད་ལ་སྔར་ནས་ཡོད་པའི་མཉེན་ཞིང་སྲ་བ་དང་ལྷིང་འཇགས། འཆོར་སྒེག་གི་རང་གཤིས་བརྒྱུད་འཛིན་གྱིས་སྐྱེས་པ་དང་དོ་མཉམ་པའི་གསར་བཏོད་དང་ཕར་རྒོལ། གཟི་བརྗིད་སོགས་གོང་མཐོར་གཏོང་འོས་པར་གོར་མ་ཆག ཕྱི་ལོ་ ༡༩༩༨ལོའི་ཟླ་༡༡ཚེས་ ༡༧ཉིན།

མ་རིག་པའི་ལྕག་སྒྲོག་གཏོར་ཅིག

་ ངའི་འཆར་ཡན་སྙན་ངག་གི་ཁྲོད་དུ།

གཟུགས་བྱད་ཀྱིས་སྟོང་པའི་མཚན་མོས

གནོན་བསྒྱུར་གྱིས་ངའི་གཟུགས་གཞིར་འགྱུར་བ་ཐེབས

འདི་རུ་ཅ་ཅོ་ལས་བསམ་བློ་མེད

ཡུན་རིང་ཞིག་འགོར་སོང་། ཕྱི་ལོགས་ཀྱི་མི་ཚོས

ཁོ་མོར་བྱིས་པ་ནང་བཞིན་དུ་བཀོལ་མངགས་གཏོང་ཞིང

རྨིས་མ་མྱོང་པའི་རྨི་ལམ་ཞིག་གི་རུམ་དུ་བཅུག

བྱིས་དུས་ཀྱི་རྐང་རྗེས་ལྡོག་རྩིས་རྒྱག་ཀྱིན་རྒྱག་ཀྱིན

ང་འཚར་ལོངས་བྱུང་འོས་མིན་ལ་ཐེ་ཚོམ་སྐྱེ

བསམ་བློ་གཏོང་ཆོག་མིན་ལ་དྲི་བ་འཚང

ཕྱི་ལོ ༡༩༩༩ལོའི་ཟླ ༡ཚེས ༢༠ཉིན།

​       གཅིན་པ་གཏོང་སའང་མ་འདྲ་ཙམ་གྱིས་སྐྱེས་པ་དང་བུད་མེད་ཅེས་དབྱེ་འབྱེད་བྱེད། ཅིའི་ཕྱིར་སྐྱེས་པ་ཚོས་འདི་ལྟར་རང་སྣང་གང་དྲན་བྱས་ཆོག་གི་ཡོད་པ་རེད། ཁོ་ཚོས་འཇིག་རྟེན་འདིའི་བདག་པོ་ཁོ་ཚོ་ཡིན་བསམ་བཞིན་པས། གནས་ལུགས་མེད་པ་དང་དྲང་བདེན་ཡང་མེད། ཕོ་མོ་མཉམ་བགྲོད་ཀྱི་ལམ་ཆེན་ནང་བདེན་སེམས་དང་གནམ་བསྐོས་གནས་ལུགས་ཀྱིས་བུད་མེད་ལ་འགོག་རྐྱེན་མང་པོ་བཟོས་ཡོད་པར་མ་ཟད། བུད་མེད་ཚོས་བཟོད་བསྲན་གྱིས་མཇུག་སྐྱོང་གི་ཡོད་ཅིང༌། ད་དུང་སྐྱེས་པ་ཚོ་ཚད་ལས་བརྒལ་སྐབས་སྐྱེས་པ་ཚོ་ཞེད་སྣང་གིས་ནམ་ཡང་ཁ་ཐུག་གིས་དངོས་དོན་ངོས་ལེན་བྱེད་ཀྱི་མེད། དགོད་བྲོ་བའི་གནས་ལུགས་གང་མང་ཞིག་གདམ་སྒྲུག་གིས་རང་ཉིད་ཀྱི་ངོ་སོ་ངོམས་ཀྱིན་པ་དང༌། ཁོ་བོའི་ཉམས་ང་བའི་ལ་རྒྱ་དེ་སྲུང་ཐབས་བྱེད་ཀྱི་ཡོད། ཕྱི་ལོ་༡༩༩༩ལོའི་ཟླ་ ༦ཚེས་ ༥ཉིན།

​      ཨ་མྱེས་རྨ་ཆེན་བོད་ཀྱི་ཤེས་རིག་ཞིབ་འཇུག་ཁང་དུ་ལོ་གཉིས་ལ་གསར་བཏོད་ཀྱི་ལས་ཀར་འཇུས་རིང༌། སྐབས་དེ་ང་ལ་ཕྲུ་གུ་འཁོར་ནས་ཟླ་དགུ་ཞག་བཅུ་དང་ལོ་གཅིག་རིང་ནུ་མ་བསྣུན་པའི་དུས་སུ་འཁེལ་ཡོད་པས། ང་ལ་བུད་མེད་ཅིག་ཡིན་པའི་མྱོང་ཚོར་སྔར་ལས་ཟབ་པ་དང་བུད་མེད་ཀྱི་ཆ་ཤས་ཤིག་ཏུ་འགྱུར་འོས་པའི་ཆ་རྐྱེན་ཡོངས་སུ་ཚང་སོང༌། ཕྱི་ལོ་ ༡༩༩༩ལོའི་ཟླ་ ༦ཚེས་༤ཉིན།

​       ཁོ་བོར་བཟོད་བསྲན་བྱས་པ་ཡིན་ན། རང་ཉིད་རྨེག་མེད་དུ་བཏང་པ་ལས་མེད་པས། དཀོན་མཆོག་གསུམ་གྱིས་མཁྱེན། ང་རང་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བར་ཤོག ཁོ་བོའང་སྒྲོལ་བར་མཁྱེན། ཕྱི་ལོ་ ༡༩༩༩ལོའི་ཟླ་ ༨ཚེས་ ༨ཉིན།

​       བསམ་བློ་གཏོང་མཁས་པའི་མི་ཞིག་ཡིན་ན། ཁོ་མོ་རང་ཉིད་སྦས་སྐུང་བྱེད་པར་མཁས་ངེས་ཡིན། ཁ་སང་ང་ལ་གློ་བུར་དུ་རང་རློམ་གྱི་ཚོར་བ་ཞིག་སླེབས་སོང༌། དེ་ནི་གནམ་འོག་གི་མི་མཐའ་དག་ལ་བཤད་ཆོག་པ་ནི། གལ་སྲིད་ནམ་མཁར་འཛེག་རྒྱུ་དྲན་ན་དེ་ལས་ཆེས་དཀའ་བ་ནི་ས་འོག་ལ་འཛུལ་རྒྱུ་སྟེ། ཁྱོད་རང་ལ་ས་འོག་འཛུལ་མཁས་པའི་ནུས་པར་བྱང་ཆ་ཐོན་པ་ཡིན་ན། ནམ་མཁར་འཛེག་རྒྱུའང་དེ་འདྲའི་དཀའ་ལས་ཡོད་པ་ཞིག་ཏུ་མཐོང་མི་སྲིད། དོན་ལ་ནམ་མཁར་འཛེག་པ་དང་ས་འོག་ལ་འཛུལ་རྒྱུ་གཉིས་དོན་གཅིག་ཙམ་ལས་གཞན་མིན། ་་་ ཐོལ་བྱུང༌། ཕྱི་ལོ་ ༢༠༠༠ལོའི་ཟླ་༢ཚེས་ ༨ཉིན། རྒྱལ་ལོའི་ཚེས་གསུམ།

​        དེ་རིང་ནི་ནམ་རྒྱུན་དང་མི་མཚུངས་པའི་ཉིན་མོ་ཞིག་སྟེ། ཧ་ལམ་ངའི་མི་ཚེའི་ཁྲོད་ཀྱི་དཀྱོགས་མཚམས་ཤིག་ཡིན་སྲིད། ངའི་ཚོར་བའི་ནང་བུད་མེད་ཀྱི་རླབས་ཆེན་རང་བཞིན་སླེབས་སོང་ལ།དེ་ནི་བུད་མེད་གསུམ་གྱི་ལོ་རྒྱུས་ཏེ། གཅིག རང་ཉིད་ཀྱི་ཀྱག་ཀྱོག་ཆེ་བའི་ལོ་རྒྱུས་དང༌། གཉིས། ཉི་སྒྲོལ་ལགས་ཆེས་སྤྱིར་བཏང་བའི་རླབས་ཆེན་གྱི་ཨ་མ་ཞིག་ཡིན་ཞིང༌། བུ་མོའི་སླད་དུ་ལང་ཚོ་དང་འཆོར་སྒེག་གིས་མཚོན་པའི་ཡོད་ཚད་ཕུལ་ཟིན། གསུམ། དབྱངས་ཅན་ལྷ་མོས་རང་ཉིད་དགའ་སའི་བླ་ན་མེད་པའི་ལས་དོན་ནམ་སྒྱུ་རྩལ་གྱི་སླད་དུ་ཕོ་མོའི་བརྩེ་འདང་དོར་ནས་མྱི་ཁའི་གཡང་ས་བརྒྱུད་དེ། ལྷག་བསམ་ཟོལ་མེད་ཀྱི་གཤིས་ཀ་ཞིག་ཁུར་ནས་རང་ཉིད་ཀྱི་ཚེ་སྲོག་གི་རིན་ཐང་ཐད་འཚོལ་སྙེག་དང་བདེན་དོན་གླུ་རུ་གྱེར་བའི་བློ་རྒྱ་ཆེན་པོ་ཕྱི་རུ་ངོམས་ཀྱིན་འཛམ་གླིང་གི་སྟེགས་བུའི་སྒང་འགྲེངས་བྱུང༌། གདོད་མའི་གླུ་སྐད་ཅིག་གིས་མི་སེམས་རེ་རེར་འབོད་སྐད་བསྒྲོན་ཞིང༌། བཅོས་མིན་གྱི་སྨོན་ལམ་དྲང་མོས་རྟོགས་སད་ཀྱི་རྣམ་ཤེས་སམ། སངས་རྒྱས་ལ་སྨོན་ལམ་སྒུམ་བཞིན་ཡོད།

ཕྱི་ལོ ༢༠༠༠ལོའི་ཟླ་ ༣ཚེས་ ༢༤ཉིན།

​         ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ནས་གངས་ལྗོངས་ཕྱི་རོལ་ཏུ་དར་བའི་རིག་གཞུང་འགྲེམས་སྟོན་གྱི་ཚོགས་འདུར་ཞུགས་སྐབས། ང་དང་འཇུས་བུད་མེད་སྐུ་ཞབས་ཁང་མིག་གཅིག་ལ་འཁེལ་ཞིང༌། ཁོ་མོས་ང་ལ་བཤད་རྒྱུར་གལ་ཏེ་བུད་མེད་ཅིག་ལ་ཆེས་ཚད་དམའ་མོའི་མཐོང་བརྩིས་ན། ཁོ་མོ་རང་གིས་ཅི་ཡང་མཐོང་མི་ཐུབ་པའི་ཁར། རང་ཉིད་བོར་བརླག་ཏུ་འགྲོ་བ་ཡིན།གཞན་ཁོ་མོའི་འདྲ་མཉམ་མ་ཡིན་པའི་གཉེན་སྒྲིག་གི་བརྒྱུད་རིམ་དང་གཉེན་འཐོར་བྱས་རྗེས་ལོ་ཉི་ཤུའི་རིང་བུ་དང་བུ་མོ་ནར་སོན་རག་བར་གྱི་གཉོར་སྐྱོང་སོགས་ལ་ཉན་སྐབས། དཔེ་འཇོག་དང་བཤད་འགྲོས་ཆ་ཚང་ང་ཟླ་བ་དྲུག་གི་ཡར་སྔོན་བརྒྱུད་ཟིན་པའི་ལོ་རྒྱུས་དང་ཚོར་བ་རྐྱང་རྐྱང་ཡིན་པས། ངས་ཁོ་མོར་དབྱིན་སྐད་ཐེབས་ཆག་ཅིག་གི་ལམ་ནས་ཁྱོད་ཀྱི་ལོ་རྒྱུས་ནི་ངའི་ལོ་རྒྱས་རང་རེད། ཞེས་ལན་རྒྱག་རྒྱུ་བྱུང་སོང༌།

ཕྱི་ལོ་ ༢༠༠༠ལོའི་ཟླ་ ༦ཚེས་ ༢༨ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ནས་ཐོལ་བྱུང་དུ།

​       དེ་རིང་དོན་དག་གཞན་ཞིག་དྲན་འོངས་པ་ནི། <<སྐྱེས་པའི་གཉེན་འཐོར>>ཟློས་གར་ནང་གི་བུད་མེད་འཇོན་པོ་དེའི་བཤད་དོན། ༼བུད་མེད་ཀྱི་རང་གཤིས་ནི་གནས་སྐབས་ཙམ་ཡིན།༽ རེད་ཡ། བུད་མེད་འཇོན་པོ་ཞིག་ལ་མཚོན་ན་འདི་འདྲ་རང་རེད། ཡིན་ནའང༌། ངས་བཤད་ཀྱིན་པའི་བུད་མེད་འཇོན་པོ་ནི་སྒེར་ཚུགས་ཀྱི་ལམ་ནས་བསམ་བློ་གཏོང་ཐུབ་ཅིང༌། རང་ཉིད་ཀྱི་བདག་པོ་རང་ཉིད་བྱེད་ཐུབ་པའི་བུད་མེད་ཅིག་ཡིན་ན་འདི་འདྲ་རང་རེད། ཁོ་མོ་ཚོ་སྐབས་སྐབས་ལ་སྐྱེས་པའི་ཕྲག་པར་ཁེན་འདོད་པའི་དུས་སྐབས་ཀྱང་ཡོད་སྲིད་མོད། དེ་ནི་གནས་སྐབས་ཙམ་ཡིན། མཇུག་མཐར་ཁོ་མོ་ཚོའི་རང་ཚུགས་ཀྱི་རང་གཤིས་དང་རང་ཉིད་ཀྱི་ལས་དོན་སྒང་བཅོས་མིན་འཚོལ་སྙེག་གི་སླད་དུ་སྐྱེས་པའི་ཚོད་འཛིན་ནམ། གནོན་ཤུགས་རང་བཞིན་དེ་ཚོ་ལས་ཐར་དགོས་ཀྱི་ཡོད་པས་ཐག་བཅད་ཟིན་པས། རང་ཉིད་ཀྱིས་རང་དོན་འགྲུབ་ཐུབ་པའི་བུད་མེད་ཅིག་བྱེད་དགོས།

ཕྱི་ལོ་ ༢༠༠༡ལོའི་ཟླ་ ༣ཚེས་ ༢༦ཉིན།

​        <<ཧའེ་ལོང ་ ཁའེ་ལིས>>ཀློག་རྗེས་ཀྱི་ཚོར་བ་སྟེ། ཁོ་མོ་ནི་འགྲན་ཟླ་མེད་པའི་བུད་མེད་ཅིག་རེད་ཨང༌། ཐ་ན་ངས་རེ་སྒུག་གིས་ཡུན་རིང་འགོར་བའི་བུད་མེད་ཀྱི་བློ་གདེངས་བརྙེད་སོང༌། ནམ་རྒྱུན་ངས་བུད་མེད་ཀྱི་ལུས་སེམས་ཁྲོད་བློ་གདེངས་ཤིག་སྦས་སྐུང་བྱས་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་པས་ཡིན། དེ་ལས་ཀྱང་ཡ་མཚར་དགོས་པ་ནི། ༼འོན་ལྐུགས་ལོང་༽གསུམ་གྱིས་དངོས་ཡོད་འཚོ་བའི་འགྲོ་འོངས་ཀྱི་བདེ་བ་མཐའ་དག་འཕྲོག་ཟིན་པའི་བུ་མོ་ཞིག་གིས་འདི་འདྲའི་གསར་བཏོད་ཡ་མཚན་ཞིག་བྱས་འདུག་པས། འདི་ནི་ཇི་འདྲའི་རླབས་ཆེན་ཞིག་རེད། ངས་ཁོ་མོའི་འགྱུར་བ་མེད་པའི་སྙིང་རུས་དང་རང་གཤིས་བརྟན་པོ། སྒེར་ཚུགས་ཅན་གྱི་དཔྱད་སྡོམ་བཅས་ལ་ཡིད་སྨོན་བྱེད་ཀྱིན་པར་མ་ཟད། གཞན་དོན་སླད་རང་དོན་དོར་ནས་རང་ཉིད་འབུལ་ཐུབ་པའི་ཁོ་མོའི་སེམས་རྒྱ་ལ་དེ་ལས་ཀྱང་ཡིད་སྨོན་འཆོར་བ་ཞིག་རེད། ཁོ་མོའི་མི་ཚེ་ལ་ཇི་འདྲའི་དོན་སྙིང་ལྡན་ཞིང༌། འདིས་ང་རང་ཉིད་ཉམ་ཆུང་བ་དང་ནུས་མེད་ཀྱི་གནས་སྟངས་ལྡོག་འགོད་བྱེད་ཐུབ་ཀྱི་འདུག

​ཧའེ་ལོང ་ ཁའེ་ལིས་ལགས་ཁྱེད་ནི་དབང་པོ་སྐྱོན་ཅན་གྱི་འཇིག་རྟེན་ལ་གཏོགས་འོས་པར་མ་ཟད། ཁྱེད་དེ་ལས་ཀྱང་བུད་མེད་ཀྱི་འཇིག་རྟེན་ལ་གཏོགས་འོས་པ་ཞིག་རེད། ཁྱེད་ལ་འདིའི་ཐད་ཚོར་བ་ཟབ་མོ་ཞིག་མེད་པ་ནི། ཁྱེད་རང་ཆང་ས་བསྐྱོན་མ་མྱོང་བས་ཡིན་ཞིང༌། ཁྱེད་ཀྱི་འབད་བརྩོན་གྱི་ལོ་རྒྱུས་དང་ལམ་ལྷོང་བྱུང་པ་ནི་ང་ཚོ་བུད་མེད་ཀྱི་མིག་དཔེ་དང་ང་རྒྱལ་ཡིན། ངས་ཁྱེད་ཀྱི་འབད་བརྩོན་ལོ་རྒྱུས་དང་བྱང་ཆུབ་སེམས་དཔའ་ཞིག་གི་ལོ་རྒྱུས་བསྡུར་རུང་དུ་བལྟས་ཡོད་ཅིང༌། ཁྱེད་རང་འཇིག་རྟེན་འདིར་བྱོན་ནས་དུས་རབས་འབྱེད་པའི་བུད་མེད་ཁྲོད་ཀྱི་མཛངས་མ་གནང་བར་ཐུགས་རྗེ་ཆེ། ཧ་ལམ་འུ་གཉིས་བར་ལས་སྨོན་ཞིག་ཡོད་ཀྱང་སྲིད། ཉིན་ཞིག་སྐྱེས་པ་གཉིས་དང་དགེ་སློང་མའི་སྡོམ་རྒྱུན་སྐོར་དང་བུད་མེད་ཁྲོད་༼དགེ་བཤེས་༽མེད་དོན་སྐོར་ལ་རྩོད་པ་བརྒྱབ་ནས་ངོ་མདངས་ཀྱང་འགྱུར་དགོས་བྱུང་སོང༌། སྤྱི་ཚོགས་ཀྱིས་བུད་མེད་ཀྱི་རིན་ཐང་ལ་དམའ་ཟོན་རྒྱག་དྲགས་པ་དང་བཙུན་དགོན་གྱི་སློབ་གསོའི་ཁ་ཕྱོགས་ལ་ཞན་ཆ་ཡོད་པ་གཉིས་ལས་བུད་མེད་ཁྲོད་༼དགེ་བཤེས་༽མ་བྱུང་པར་འོས་འཚམས་ཀྱི་དཔེ་མཚོན་ཞིག་བརྙེད་ཐུབ་མ་སོང་མོད། མ་བསམ་ས་ནས་སྐབས་དེར་དཔེ་དེབ་ཅིག་གི་ཁ་ཕྱེ་རྒྱུ་བྱུང་པ་ནི་ཁྱེད་དེ། རྒྱ་ཡིག་གི་ལམ་ནས་བྲིས་པའི་བརྩམས་སྒྲུང་<<ཧའེ་ལོང ་ ཁའེ་ལིས>> གི་ཁ་ཕྱེ་རྒྱུ་བྱུང་ཞིང༌། ཤོག་ལྷེ་དང་པོའི་སྒང་བལྟ་སྐབས་ཧའེ་ལོང་ལ་ལྷ་རམས་པའི་སློབ་རྟགས་རག་དུས་ཀྱི་འདྲ་པར་མཐོང་བ་དང་ང་ལ་དཀའ་སྡུག་ཁྲོད་དམག་རོགས་ཤིག་ཐོབ་པ་ལྟ་བུའི་དགའ་སྤྲོ་སྐྱེ་སོང༌། སྐབས་དེར་ངས་ཁོ་ཚོར་འདི་ནི་བུད་མེད་༼དགེ་བཤེས་༽རེད་ཅེས་ལབ་པ་ཡིན། དེབ་ནང་གི་བརྗོད་བྱ་གསལ་བོ་ཞིག་ཀློག་རྒྱུ་མ་བྱུང་པས་ཧ་གོ་ཐུབ་མེད། དེང་སྐབས་བསམ་བློ་ཞིག་གཏོང་སྐབས།དེ་ནི་རྗེ་བཙུན་སྒྲོལ་མས་ང་ལ་སྲུང་སྐྱོབ་དང་གཞོགས་འདེགས་བྱས་ཡོད་པར་ངེས། ངས་སྒྲོལ་མ་གསོན་པོ་ཞིག་ཡང་དངོས་གནས་མཐོང་ཐུབ་སོང༌། ཕྱི་ལོ་ ༢༠༠༡ལོའི་ཟླ་ ༣ཚེས་༢༩ཉིན།

​མི་རྣམས་ཀྱིས་རྒྱུན་དུ་ལམ་ལྷོང་བྱུང་ཟིན་པའི་སྐྱེས་པ་ཞིག་གི་རྒྱབ་ལོགས་སུ་ཁོ་བོར་གཞོགས་འདེགས་བྱེད་པའི་མིང་བྱང་མེད་པའི་དཔའ་བོ་ཞིག་ཡོད་ཅིང༌། དེ་ནི་ཁོ་བོའི་སླད་དུ་ཡོད་ཚད་བློས་བཏང་པའི་༼མ་བཟང་ཟླ་ཡག་མ་༽ཡིན། ཡིན་ནའང༌། དེ་རིང་ངས་འདིར་ལྡོག་འདྲི་བྱེད་རྒྱུར།༼ལམ་ལྷོང་བྱུང་ཟིན་པའི་བུད་མེད་ཅིག་གི་རྒྱབ་ལོགས་ཇི་འདྲ་ཞིག་ཡིན་ནམ།༽ གནའ་ནས་དེང་བར་དཔེ་མཚོན་མང་པོ་ཡོད་ཅིང༌། ལམ་ལྷོང་བྱུང་ཟིན་པའི་བུད་མེད་ཅིག་གི་རྒྱབ་ལོགས་སུ་༼ཁྱོ་གའི་ལ་རྒྱ་༽ཟེར་བ་ཞིག་བསྐུལ་འདེད་ཀྱི་སྒུལ་ཤུགས་སུ་གྱུར་ཡོད་པ་དང༌། ཕྱོགས་གཞན་ཞིག་ནས་རང་ཉིད་ཟླ་མོའི་ཁ་ཡར་མི་ཡོང་པ་ཤེས་བཞིན་དུ་༼སྐྱེས་པའི་ལ་རྒྱའི་༽སླད་ག་དུས་ཀྱང་འགོག་རྒོལ་བྱེད་མཁན་གྱི་ཁྱོ་ག་དེ་ཡིན།ཡང་ན། དཀའ་སྡུག་འདིར་ཁ་བྲལ་རྗེས་བུད་མེད་རྣམས་ལ་རྙོག་ལྷག་ལས་མེད།  དེའི་སྟབས་ཀྱིས་ངས་འདིར་སྤྱི་བསྡོམས་ཤིག་བྱེད་འདོད་པ་ནི། སྐྱེས་པ་རྣམས་ཀྱི་ལས་དོན་༼ཆུ་རྒྱུན་དང་འགྲོགས་ནས་བསྐྱོད་ཀྱི་ཡོད་༽ཅིང༌། སྐྱེས་མ་རྣམས་ཀྱི་ལས་དོན་༼ཆུ་རྒྱུན་གྱེན་ལྡོག་གིས་བསྐྱོད་དགོས་༽ཀྱི་ཡོད། ཕྱི་ལོ་ ༢༠༠༡ལོའི་ཟླ་ ༧ཚེས་ ༢༣ཉིན།

​     བུད་མེད་ནི་མཛེས་པའི་མཚོན་བྱེད་ཡིན་པར་མ་ཟད། ཁོ་མོ་ཚོ་ཤེས་རབ་ཀྱི་མཚོན་བྱེད་དང་སྙིང་བརྗེའི་མཚོན་བྱེད་ཡིན་འོས་ཤིང༌། དེ་ལས་ཀྱང་བུད་མེད་རང་ཉིད་ལས་བུད་དེ་འཛམ་གླིང་ལ་བསྐྱོད་འོས། རང་ཉིད་ལ་འཇིག་རྟེན་གྱིས་བརྐོ་འབྲུ་བྱེད་མ་བཅུག་པར་རང་ཉིད་ཀྱིས་འཇིག་རྟེན་འདི་བརྐོ་འབྲུ་བྱེད་རོགས། འདི་ནི་བུད་མེད་ཀྱི་ཡོད་ཚད་ཡིན།

ཕྱི་ལོ་ ༢༠༠༡ལོའི་ཟླ་ ༡༡ཚེས་ ༣༠ཉིན།

​       ཅི་ཞིག་ཡིན་མིན་ཧ་གོ་མ་སོང༌། ང་དང་ངའི་བུ་མོའི་སེམས་པ་གཉིས་ཀྱི་བར་མི་མངོན་པའི་རྒྱུད་སྐུད་ཅིག་གིས་སྦྲེལ་འདུག ང་ལ་ལམ་ལྷོང་བྱུང་སྐབས། ངའི་རྣ་འགྲམ་དུ་བུ་མོ་རང་ཉིད་ཀྱིས་བསྒྲིགས་པའི་གཞས་ཚིག་དེ་སྐད་གདངས་མཐོན་པོས་གཏོང་ཞིང༌།ཧ་ལམ་ང་ལ་ལམ་ལྷོང་བྱུང་ཐེངས་རེར་གནམ་འོག་གི་མི་རྣམས་ལ་ཁོ་མོའི་མོ་ལུས་ངོས་ལེན་བྱེད་འོས་པར་བདེན་དཔང་བྱེད་ཀྱིན་པ་དང་མཚུངས། ཕྱི་ལོ་ ༢༠༠༢ལོའི་ཟླ་ ༢ཚེས་ ༡༡ཉིན།

​      ཧྲི་ཙོང༌། ངས་ཁྱོད་ལ་བལྟས་ཚེ་ངོ་གནོངས་པ་དང་འཚེར་སྣང་སྐྱེ་དགོས་བྱུང་སོང༌། དངོས་གནས་ཡིན། ཁྱོད་ནི་ཇི་འདྲའི་ཞུམ་མེད་ཀྱི་བུད་མེད་ཅིག་རེད་ཨང༌། འདང་དཔོག་དཀའ་བ་ཞིག་ལ་ཁྱོད་ཀྱི་རྐང་འོག་ཏུ་བུད་མེད་ཀྱི་དཀའ་སྡུག་ག་ཚད་ཅིག་མནན་ཡོད་དམ། ང་ཁྱེད་ལ་ཡི་རང་ཡོད། འདི་ནི་ངའི་སེམས་གཏམ་ཡིན།ཧྲི་ཙོང་ལགས། ཁྱོད་ནི་བུད་མེད་ཁྲོད་ཀྱི་མཛངས་མ་སྟེ། དེང་སྐབས་རྐང་པའི་ཁར་ལངས་ནས་བགྲོད་ཆོག་པ་དང་སོང་ཚར་ཡང་ཆོག་གི་ཡོད་ཅིང༌། ང་ནི་མཚམས་རེར་ལངས་ནས་བགྲོད་པ་དང་སྐབས་རེར་གོག་ནས་འགྲོ་དགོས་ཀྱི་ཡོད་པ་རེད། ཕྱི་ལོ་ ༢༠༠༢ལོའི་ཟླ་༧ནང༌།

​      སྐྱེས་པ་ཞིག་གོ་རྟོགས་ཡོད་པ་དང་ལམ་ལྷོང་བྱུང་ཟིན་པའི་སྐྱེས་མ་ཞིག་དང་ཁ་གཏད་དུ་འགྲེངས་དགོས་སྐབས། ཁོ་རང་གི་རེ་བ་ཆེས་ཤོས་ནི་མགོ་ཅི་ཡང་ཚོས་མེད་མཁན་ཞིག་དང་རང་ཉིད་ལ་ནམ་རྒྱུན་ངོ་བསྟོད་རྒྱག་མཁས་པའི་བུད་མེད་ཅིག་ཡིན་ཞིང༌། ཟླ་མོ་ཚོས་ནམ་རྒྱུན་རང་ཉིད་ཀྱི་ཁྱོ་ག་ལམ་ལྷོང་བྱུང་པ་དང་གཞན་ལས་འཕགས་པ་ཞིག་གི་སླད་དུ་རང་ཉིད་ཀྱི་ནུས་པ་འབུལ་འདོད་ཀྱི་ཡོད་པ་རེད། དེ་ལས་ལྡོག་ནས་ཟླ་མོར་ཕྱི་ལོགས་སུ་ལམ་ལྷོང་བྱུང་པ་ཡིན་ན། ནང་ལ་ལོགས་རྗེས་ཁྱོ་གའི་བསྔགས་བརྗོད་ཐོབ་མི་ཐུབ་པར་མ་ཟད། ཁོ་བོ་ག་དུས་ལས་ཀྱང་སྡུག་བསྔལ་ནང་ལྷུང་ཡོད་པ་དང་ཁོ་བོའི་སེམས་ཁམས་སྙོམས་སྒྲིག་ཆེད་ཟླ་མོས་ཡུན་རིང་པོ་ཞིག་ལ་སེམས་གསོ་བྱེད་དགོས་ཀྱི་ཡོད་པ་རེད། ཕྱི་ལོ་༢༠༠༣ལོའི་ཟླ་ ༢ཚེས་ ༡༡ཉིན།

​      ཁ་སང༌། ངོ་ཤེས་ཤིག་གི་ནང་དུ་ཀ་ལི་མན་གྲོང་ནས་བུད་མེད་ཚོགས་ཆེན་ལ་ཞུགས་སླད་ཡོང་པའི་བུད་མེད་ཅིག་གིས་ ཚོགས་འདུའི་སྒང་བོད་ཀྱི་བུད་མེད་རྣམས་ཀྱིས་༼ཕྱུ་པ་༽གྱོན་དགོས་སྐོར་དང་གཞོན་ནུ་མ་རྣམས་༼རྫི་བོའི་ལྭ་བའམ་རྫི་ལྭ་༽ནོའུ་ཙི་ལྭ་བ། མཆན། གྱོན་མི་ཆོག་པ་དང་དེང་རབས་ཞབས་བྲོ་བརྒྱབ་མི་ཆོག་པ། བུད་མེད་ཀྱིས་ལྟེ་བ་ཕྱི་ལ་མངོན་མི་ཆོག་པ་བཅས་ཀྱི་ཐད་བགྲོ་གླེང་ལྷུག་པོ་བྱུང་ཚུལ་གསུངས་སོང༌། སྐབས་དེར་ངས་ཅུང་བཟོད་བསྲན་མ་ཐུབ་པར་འདྲི་རྒྱུར། ༼བུད་མེད་ཀྱི་ལྟེ་བས་སྤྱི་ཚོགས་ལ་གནོད་པ་ག་རེ་བཟོས་སོང་ངམ།༽ ༼རྒྱུ་མཚན་ཅིའི་ཕྱིར། བུད་མེད་ཚོགས་པས་ཀྱང་ཉམས་ང་བའི་བུད་མེད་ཚོར་སྒྲིག་སྲོལ་འདི་འདྲའི་མང་པོ་ཞིག་གཏན་འཁེལ་བྱེད་དགོས་ཀྱི་ཡོད་དམ། བུད་མེད་ལྷན་ཚོགས་ཀྱི་འགན་འཁུར་གཙོ་བོ་ཁྱོ་ག་དང་ཕྲུ་གུའི་སླད་དུ་རང་གིས་རང་ནང་ཚང་དུ་བཅུག་ནས་འཚོ་བཞིན་པའི་བུད་མེད་རྣམས་ཀྱི་ཤེས་ཚད་ཇེ་མཐོར་གཏོང་རྒྱུ་དང་སེམས་རྒྱ་ཇེ་ཆེར་གཏོང་རྒྱུ། སྐྱེས་པ་ཚོ་དང་འདྲ་མཉམ་གྱིས་སྤྱི་ཚོགས་ལ་འགན་ལེན་ཐུབ་རྒྱུ་བཅས་ཡིན་འོས་ཤིང༌། དེང་རབས་ཞབས་བྲོ་ནི་དུས་རབས་ཀྱི་གོམ་སྟབས་ཤིག་ཡིན་པས། བོད་ཀྱི་གཞོན་ནུ་མ་རྣམས་ཀྱིས་དེང་རབས་ཞབས་བྲོ་འཁྲབ་མི་ཆོག་ཅེས་པ་དོན་འཁྱོངས་ཡོང་ཐུབ་བམ།༽ ཉེ་ཆར་གྱི་གསུང་ཆོས་སྐབས་རྒྱལ་བ་རིན་པོ་ཆེས་འབོད་སྐད་བྱེད་དོན།༼བོད་ཀྱི་གཞོན་ནུ་རྣམས་བྱ་ཞིག་དང་མཚུངས་པར་གཤོག་པ་གཉིས་འཛོམས་དགོས་ཀྱི་ཡོད། སྲོལ་རྒྱུན་རིག་གནས་དང་དོད་བྱེད་དགོས་པའི་ཁར། དེང་རབས་རིག་གནས་དང་དོད་བྱེད་དགོས་ལ།འདི་ལྟར་ནམ་འཕང་གཅོད་ཐུབ་ཀྱི་ཡོད་པ་རེད།༽  བུད་མེད་དེས་ཡང་བསྐྱར་བཤད་དོན། ༼ཚོགས་ཐོག་ཏུ་རྒྱ་གར་གྱི་སྐྱེས་པའི་མཉམ་དུ་ཆང་ས་རྒྱག་མཁན་ཚོར་དགག་པ་ནན་མོ་རྒྱག་གི་འདུག༽ སྐབས་དེར་ངའི་ཁ་ཐུག་ཏུ་བསྡད་ཡོད་པའི་སྐུ་ཞབས་དེས་བཤད་རྒྱུར།འདི་ནི་ཤ་རྩ་ཁྲག་རྒྱུད་གཅིག་པའི་གནད་དོན་ཞིག་ཡིན་ཞིང༌། ལོ་ཤས་སྔོན་བུད་མེད་ཚོགས་པའི་ཚོགས་གཙོར་ཁྱོ་ག་རྒྱ་གར་པན་འཇིབ་ཡིན་པ་ཞིག་སླེབས་པའང་ཁྱོ་གའི་དབང་གིས་དགོངས་པ་ཞུ་དགོས་བྱུང་ཡོད། ངས་ཚོགས་ཞུགས་བུད་མེད་དེར་ཡང་བསྐྱར་ལོ་རྟག་པར་བུད་མེད་ཚོགས་ཆེན་སྒང་གནད་དོན་འདི་བརྗོད་གཞིར་བཟུང་ཡོད་པ་ཡིན་ནམ། དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་རྒྱ་གར་བར་ཆང་ས་བརྒྱབ་པའི་བུད་མེད་ཀྱིས་བརྒྱ་ཆའི་ག་ཚད་ཟིན་གྱི་ཡོད་དམ། བརྒྱ་ཆའི་ལྔ༌། ཡང་ན། སྟོང་ཆའི་གཅིག ཁྲི་ཆའི་གཅིག་ཟིན་གྱི་ཡོད་ཅེས་འདྲི་རྒྱུ་བྱུང་སོང༌། ཡིན་ནའང༌། བུད་མེད་དེས་དྲིས་ལན་གནང་གི་མི་འདུག སྐབས་དེར་ང་ཅུང་ཚིག་པ་ཟོས་པ་དང་མཉམ་དུ་༼བུད་མེད་ཚོགས་པས་ནམ་རྒྱུན་དོན་དག་ཆུང་ཚེགས་རིགས་ལ་མ་གཏོགས་དོ་སྣང་བྱེད་ཀྱི་མེད་པར་ང་ཚོ་ཡིད་ཆད་སྐྱེ་དགོས་བྱུང་སོང་༽ཞེས་ལབ་རྗེས་ཁང་པ་ནང་མ་ཞིག་ལ་འཛུལ་བ་ཡིན། སྐབས་དེར་ངས་རང་ཉིད་ལ་འཆིང་པའི་ཡིད་ཆེས་ཏེ། བོད་ཀྱི་བུད་མེད་རྣམས་གཉིད་ལས་སློང་འདུན་རྦད་དེ་རྨེག་མེད་དུ་བཟོས་སོང༌། གནམ་རྒན་མ། འདི་ནི་ཇི་འདྲའི་སྡུག་བསྔལ་ཞིག་རེད་ཨང༌། མ་གཞི་ནས་ཉམས་ང་བའི་བོད་ཀྱི་བུད་མེད་རྣམས་བཀྲ་མ་ཤིས་པ་དེ་འདྲའི་མང་པོ་ཞིག་ལ་འཕྲད་ཀྱིན་དུ་བུད་མེད་ཚོགས་པས་སྣེ་ཁྲིད་དེ་སྡུག་བསྔལ་ཇེ་ཆུང་དུ་གཏོང་ཐབས་མི་བྱེད་པར་དེའི་ཁར་འདི་འདྲའི་འཆིང་རྒྱ་མང་པོ་ཞིག་གཏན་འཁེལ་བྱེད་དོན་ཅི་ཡིན་ནམ་བསམ་སོང༌། ཅུང་ཙམ་འགོར་རྗེས་ཕྱི་ལ་ཐོན་ནས་ཚོགས་ཞུགས་བུད་མེད་དེར་དགོངས་དག་ཞུས་པ་ཡིན། ཡིན་ནའང༌། གལ་ཏེ་བུད་མེད་ཚོགས་པ་གནད་དོན་གྱི་ཡན་ལག་ལ་མི་འཇུ་བར་གནད་དོན་ངོ་མར་འཇུ་ཐུབ་པ་ཡིན་ན། ཇི་འདྲའི་ཡག་པོ་ཞིག་ཏུ་འགྱུར་ངེས་ཨང༌། ཕྱོགས་གཅིག་ནས་གྱོན་ཆས་ཀྱིས་མི་རིགས་ཤིག་གི་ཕྱིའི་རྣམ་པ་མཚོན་གྱི་ཡོད་ཅིང༌། དེ་ནི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་ཞིག་རེད། ཆེས་གནད་འགག་ནི་ང་ཚོའི་མི་རིགས་ཀྱིས་གཞན་ལ་ངོམས་སུ་རུང་པ་དང་འགྲོ་བ་མིའི་རིག་གཞུང་གཏེར་མཛོད་ནང་འོད་ཆེམ་ཆེམ་འཚེར་བཞིན་པ་དེ་རིག་གནས་ཆེ་ཆུང་བཅུ་སྟེ། ཐབས་བརྒྱ་ཇུས་སྟོང་གིས་བུད་མེད་ཀྱི་རྒྱུད་དུའང་འདི་དག་བརྒྱུད་འཛིན་བྱེད་ཐུབ་པ་དང་དར་སྤེལ་གཏོང་ཐུབ་པ་ཞིག་གི་ཕྱོགས་སུ་བསམ་བློ་གཏོང་དགོས་ཤིང༌། དེང་གི་བར་བོད་ཀྱི་བུད་མེད་ནང་དགེ་བཤེས་གཅིག་ཀྱང་བྱུང་ཐུབ་མེད་ལ། དར་རྒྱས་ཆེ་བའི་དམངས་གཙོའི་རྒྱལ་ཁབ་ཁག་ལ་བསམ་བློ་ཞིག་ཐོངས་དང༌། བུད་མེད་ཚན་རིག་པ་དང་བུད་མེད་གནམ་དཔྱད་མཁས་པ།བུད་མེད་ལོ་རྒྱུས་པ། ནའོ་པེལ་ཞི་བདེ་རྟགས་མ་རག་མཁན་དང་གསར་བཏོད་ཀྱི་རྟགས་མ་རག་མྱོང་མཁན་ག་ཚད་ཅིག་ཡོད་དམ།འདི་དག་ཅིའི་ཕྱིར་བུད་མེད་ཚོགས་པས་བརྗོད་གཞི་གཙོ་བོར་འཛིན་གྱི་མེད་དམ། དེང་སྐབས་ང་ཚོས་ངེས་པར་དུ་སྒྲུབ་དགོས་པའི་གནད་དོན་ནི་བོད་ཀྱི་བུད་མེད་རྣམས་ལ་ཁོར་ཡུག་ཡངས་པོ་ཞིག་བསྐྲུན་ནས་བློ་རྒྱ་ཆེར་བསྐྱེད་དང་སྙིང་སྟོབས་ཆེར་བསྐྱེད།བསམ་ཕོད་པ་དང་སྒྲུབ་ཕོད་པ། བསམ་བློ་སྣ་མང་འཁོར་ཆོག་པ་བཟོས་ནས་ཁོ་མོ་ཚོར་བསྐུལ་འདེད་བྱེད་ཐུབ་པ་ཡིན་ན། ད་གཟོད་གསར་བཏོད་དང་ཤེས་རབ་ཀྱི་མྱུ་གུ་འབུས་ཐུབ་ཀྱི་ཡོད་པ་རེད། རྫི་བོའི་ལྭ་བ་གྱོན་པ་དང་དེང་རབས་ཞབས་བྲོ་རྒྱག་པ་ནི་དུས་རབས་ཀྱི་གོམ་འགྲོས་དང་དུས་རབས་ཀྱི་མཚོན་དོན་ཡིན་པས། ང་ཚོས་རྒྱབ་གཏད་ནས་བགྲོད་འདོད་པ་དེ་སྟོང་བསམ་རང་ལས་ཅི། ང་ཚོས་དེང་རབས་རིག་གནས་དགྲར་འཛིན་མི་རུང་ཞིང༌། གལ་ཏེ་སྲོལ་རྒྱུན་རིག་གནས་ཁོ་ནས་དུས་རབས་ལ་ཁ་གཏད་གཅོག་ཐུབ་ཀྱི་ཡོད་ན། ཅིའི་ཕྱིར་རང་ཉིད་ཀྱི་རྒྱལ་ཁབ་དང་ནང་ཚང་ཤོར་བ་རེད། དེང་སྐབས་རང་དབང་འཐབ་རྩོད་ལ་དེང་རབས་དཔལ་ཡོན་དགོས་ཀྱི་ཡོད་དམ། མ་འོངས་པར་རང་དབང་སླར་གསོ་གྲུབ་མཚམས་རྒྱལ་དར་དམངས་ཕྱུག་དེང་རབས་དཔལ་ཡོན་ལ་བརྟེན་དགོས་ཀྱི་ཡོད་དམ། དེ་བས། དེང་སྐབས་ཀྱི་གནད་དོན་གཙོ་བོ་དེང་རབས་རིག་གནས་ཀྱི་རྒྱབ་ལྗོངས་འོག་སྲོལ་རྒྱུན་རིག་གནས་ཇི་ལྟར་སྲུང་སྐྱོབ་དང་བརྒྱུད་འཛིན་བྱེད་རྒྱུ་དེ་རེད། ང་ཚོས་བྱེད་ཐབས་མཁྲེགས་པོ་བཀོལ་མི་འོས་ཤིང༌། འདི་ལྟར་བུད་མེད་མང་པོ་ཞིག་ལ་སྡུག་བསྔལ་དང་སེམས་མི་སྐྱིད་པ་ཁྱེར་ཡོང་གི་ཡོད་པ་དང༌། དེ་ལས་ཐབས་བརྒྱ་ཇུས་སྟོང་གིས་བུད་མེད་རྣམས་ལ་ནང་ཆོས་ཀྱི་བདུད་རྩི་དང་སྲོལ་རྒྱུན་ཤེས་རིག་ལས་ཉིང་བཅུད་རག་ཏུ་འཇུག་རྒྱུ་དེ་ཧ་ཅང་གི་གལ་ཆེ་ལ། བུད་མེད་ཚོགས་པས་བྱ་བ་འདི་དག་སྒྲུབ་པ་ཡིན་ན། རང་གི་མི་རིགས་ལ་རླབས་ཆེན་གྱི་བྱ་བ་ཞིག་བསྒྲུབས་ཟིན་པ་སྨྲས་མེད་ཐོག བུད་མེད་རྣམས་ཀྱིས་མི་རིགས་རང་གི་རིག་གནས་ཀྱི་ཆེས་མཐོའི་རིན་ཐང་ལ་ངེས་ཤེས་བརྙེད་རྗེས་རང་འགུལ་གྱིས་དང་ལེན་ཡང་བྱེད་ངེས་ཡིན། དེ་མཚུངས་སུ་དེང་རབས་རིག་གནས་ལ་སློབ་སྦྱོང་གིས་རྣམ་དཔྱོད་ལ་ཡར་བསྐྱེད་བྱུང་ཚེ། མི་རིགས་རང་གི་རིག་གནས་དང་འཛམ་གླིང་རིག་གནས་བར་གཤིབས་བསྡུར་བརྒྱུད་ནས་རང་མི་རིགས་ཀྱི་རིག་གནས་ཡོད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་རིན་ཐང་རྟོགས་རྗེས། ད་གཟོད་རང་ཉིད་བོད་མི་ཞིག་ཏུ་སྐྱེ་བར་སྤོབས་པ་དང་རང་རློམ་འབྱུང་ངེས་ལ། ཞོར་དུ་སྲོལ་རྒྱུན་རིག་གནས་ཀྱི་མི་འདང་ས་དང་སྟོང་ཆའང་ཤེས་སྲིད་པས། རྒྱལ་ཁབ་དང་མི་རིགས་གཞན་གྱི་སྔོན་ཐོན་རིག་གནས་ལས་སྙིགས་དོར་བཅུད་ལེན་གྱིས་རང་གི་རིག་གནས་ཁ་གསབ་དང་ནང་འདྲེན་བྱེད་ཤེས་པར་མ་ཟད། བོད་ཀྱི་སྲོལ་རྒྱུན་རིག་གནས་དུས་རབས་ཀྱི་གོམ་སྟབས་ཁྲོད་མཉམ་བགྲོད་མཉམ་འགྲོགས་ཀྱིས་འཕེལ་རྒྱས་དང་གསོན་ཤུགས་ཡོང་པར་ཆ་ཤས་ལེན་ཐུབ་ཀྱི་ཡོད་པར་གོར་མ་ཆག  གཞན་གོང་སྋརྒྱལ་བ་རིན་པོ་ཆེ་མཆོག་གིས་ནང་ཆོས་དང་སྲོལ་རྒྱུན་རིག་གནས་མི་རབས་ཟམ་མ་ཆད་པར་བརྒྱུད་འཛིན་ཡོང་སླད་གསུངས་དོན། ༼ནང་ཚང་རེའི་ཕ་མ་ཕྲུ་གུའི་རང་བྱུང་གི་བླ་མ་དང་པོ་ཡིན་འོས་ཤིང༌། ཕ་མས་ཕྲུ་གུར་མ་ཎི་ཡིག་དྲུག་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཚུལ་བསླབ་འོས་པར་མ་ཟད། དེ་ལས་ཀྱང་ཅི་ཞིག་ལ་ཆོས་ཟེར་བ་དང་ཅི་ཞིག་ལ་བདེན་པ་བཞི་དང༌། དེ་ལས་འགོག་བདེན་དང་ལམ་བདེན་ཟེར་བ་སོགས་བསླབ་རྒྱུ་གལ་ཆེན་ཡིན།༽ ཐེ་ཚོམ་མེད་པར་བཤད་ཐུབ་པ་ནི་འདི་དག་དུས་རབས་གསར་བའི་ནང་གི་བོད་ཀྱི་བུད་མེད་རྣམས་ཀྱིས་བསྒྲུབ་དགོས་པའི་འོས་འགན་དང་སྤྱི་ཚོགས་ལ་ཐོན་དགོས་པའི་ནུས་པའང་རེད།

ཕྱི་ལོ་ ༢༠༠༣ལོའི་ཟླ་ ༤ཚེས་ ༥ཉིན།

​གོང་གསལ་གྱི་འདི་དག་ལོ་ཤས་རིང་སྨྱུག་ཐོགས་པའི་མྱོང་ཚོར་ཉིན་ཐོར་ཕབ་པ་ལས་བུད་མེད་ཐད་ཀྱི་བསམ་གཞིགས་ཁག་ཅིག་དྲངས་པ་ཡིན་མོད། རང་ཉིད་ལ་ཤེས་ཚད་དང་ཉམས་མྱོང་གང་ཐད་ནས་འདང་ངེས་ཤིག་མེད་པའི་ཁར།སྒྱུ་རྩལ་གྱི་ལས་ཀ་གཉེར་མཁན་ཞིག་ལས་སྤྱི་ཚོགས་དང་བུད་མེད་སོགས་ཀྱི་ཐད་ཆེད་ལས་ཞིབ་འཇུག་བྱེད་མྱོང་མཁན་ཞིག་མིན་ཡང༌། བུད་མེད་ཅིག་བྱེད་ཀྱིན་པའི་མྱོང་ཚོར་ཞིག་གི་ཆ་ནས་སྙིང་སྟོབས་ཆེར་བསྐྱེད་ཀྱིས་རྩོམ་ཡིག་འདི་བྲིས་པ་ལགས་ན། མི་འདང་ས་དང་མ་འདུས་ས། ཐལ་དྲགས་གནས་སོགས་ཡོད་སྲིད་པས། བསམ་འདུན་ཡོད་པའི་ཀློག་པ་པོ་ལྷན་རྒྱས་ཀྱིས་དག་ཐེར་དང་ལམ་སྟོན་ཡོང་པར་རེ་བ་རྒྱག་གི་ཡོད། མཐར་སྙན་ངག་ཅིག་རྩོམ་ཡིག་འདི་མཇུག་བསྡུ་བའི་ཚབ་ཏུ་འགོད་རྒྱུ་ཡིན།


བུད་མེད།

​ཨ་མ་ལགས། ཉིན་དེར་ཁྱེད་ཀྱིས་ང་ལ་གསུངས་རྒྱུར

​སྔར་ཨ་མེས་ཀྱིས་ཁྱེད་ལ་གསུངས་པ་ནི

​བུད་མེད་ཀྱི་ལས་ངན། དེ་ནི་ཁྱི་ཕོ་ཞིག་ལས་འཁོར་ལོ་ཕྱེད་ཀ་དམའ

​དེ་ནས་བཟུང་། ངས་ཁྱེད་ཀྱི་མིག་ཟུང་ལས

​ཁྲེལ་དགོད་དང་ལས་དབང་བར་གྱི་དམར་འཛིང་མཐོང

​དེང་ང་འཚར་ལོངས་ཀྱིས་སྐྱེས་མའི་བརྒྱུད་ལམ་ནང་བརྒྱུད་བཞིན་ཡོད

​ཁྱེད་ཀྱིས་ང་ལ་ཡིད་ཆེས་ལས་ལེ་བདའ་མང་དོན་ཅི

​ངས་ཁྱེད་ཀྱི་བུ་མོ་ཡ་རབ་ཤོས་དེ་ཡོང་སླད

​ཀོ་ལྷམ་ཕུད་ནས་བོད་ལྷམ་གྱོན

​ནུབ་ལྭ་གཡུག་ནས་ལྤགས་རྩགས་གྱོན

​ཨ་མ་ལགས། ཁྱེད་ཀྱིས་ད་དུང་མགོ་བོ་འཕྲེད་དུ་གཡུག་དོན་ཅི

​ཁྱེད་ཀྱིས་ངའི་མྱོང་ཚོར་སྣང་མེད་བྱས་ནས།རང་ཉིད་ཀྱི་གུ་དོག་པའི་འཇིག་རྟེན་ནང

​གང་མང་ཞིག་གླེང་བཞིན། ཁྱེད་ཀྱིས་བཙན་ཚུགས་ངང

ང་གང་བསྟན་དེ་ལ་འགྲོ་བའི་བུ་མོ་ཞིག་བཟོ་འདུན་བཅིངས

​ཁྱོད་དང་མཉམ་དུ་གནའ་སྔ་མོའི་ངག་རྒྱུན་སྲུང་དུ་བཅུག

 

​མིན ཨ་མ་ལགས ངས་མེས་པོ་ཚོའི་རྐང་རྗེས་བྱེ་ཐང་དུ་འཐོར་བ་མཐོང་བྱུང

ངས་འཚོལ་སྙེག་བྱེད་འདོད

ངས་ཤར་ཚང་གི་སྐྱེས་པས་ཉི་ཟླ་ལྡོག་འདོགས་བྱས་ནས་སྡོད་པ་མཐོང་སོང

ངས་དྲན་གསལ་བྱེད་འདོད

ངས་ནུབ་ཚང་གི་སྐྱེས་མའི་ཕྲག་རྒྱབ་ཏུ་རྩྭ་ལྡུམ་གྱིས་ཁེངས་པ་མཐོང་བྱུང

ངས་ཁོ་མོ་ལངས་ནས་འགྲོ་ཆོག་པའི་གནས་ལུགས་བརྗོད་འདོད

ངས་ཉེས་མེད་ཀྱི་ལུ་གུ་ལྷས་རའི་ནང་ལྷག་པ་མཐོང་བྱུང

དྲན་འཁྲུལ་ཆེ་བའི་སྤྱང་ཀི་ཕྱི་ལོགས་སུ་རྒྱུ་བའང་མཐོང་བྱུང

ཨ་མ་ལགས ང་མ་འཛིན་རོགས

​ང་ལ་རང་དབང་དང་རང་བདག་སྤྲོད་རོགས་ཞུ

​ང་ཁྱེད་ཀྱི་ཁ་ལ་ཉན་མཁས་བུ་མོ་དེ་མ་ཡིན་པར

​ངས་ཁྱེད་ཀྱི་རེ་བ་འཆའ་སའི་བུ་མོ་ཞིག་འདོད་ནས

​ཁྱེད་ཀྱི་འཁུམ་ཟིན་པའི་ལས་དབང་གི་ཕྱེད་ཀ་དེ་ངས་ལྡོག་ཆོག

ཕྱི་ལོ་ ༢༠༠༣ལོའི་ཟླ་ ༤ནང་རྒྱ་གར་རྒྱལ་ས་ལྡི་ལི་ནས་རྩོམ་མཇུག་བསྡུས།

 


​ལྷ་སྡེ་གནམ་ལོ་ཡག་གིས་བསྒྱུར།

རྒྱབ་ཤ་ཇུས་འགོད། ༡ མཚོན་བྱའི་ཐད། བུད་མེད་ཚོས་ནམ་རྒྱུན་མཉེས་པོ་གནང་པའི་དྲས་གཏུབ་སྒྱུ་རྩལ་ཡིན། ༢གསར་བཏོད་བློས་བསླངས་ཐད། ཨ་མདོའི་དུང་ར་དང་ཁམས་ཀྱི་སྤོས་རྒྱན། དབུས་གཙང་གི་པང་གདན་དང་ཅ་ལག་འདི་དག་ཆང་ས་བསྐྱོན་རྗེས་ཀྱི་བུད་མེད་རྣམས་ལ་མེད་དུ་མི་རུང་པས། སྲོལ་རྒྱུན་ལྟ་གྲུབ་ཀྱིས་བུད་མེད་ཚོར་ཐེབས་ཀྱིན་པའི་བཀག་རྒྱ་དང་བུད་མེད་རྒྱུ་ནོར་གྱི་མཚོན་དོན་དུའང་བཤད་ཀྱི་ཡོད་མོད། གཞན་ཁྱོ་གའི་བླ་སྲོག་གནས་ཡུལ་ཡང་ཡིན་པས། ཕོ་མཆོག་མོ་དམན་བཀར་བྱེད་ཀྱི་བདེན་དཔང་ཡང་ཡིན། རྒྱབ་ཤ་ནག་པོས་བུད་མེད་ཀྱི་སྡུག་བསྔལ་དང་གྲུ་མཐའ་དམར་སེར་ཡིན་པས་བུད་མེད་ཀྱི་རེ་བ་མཚོན་བཞིན་ཡོད་ལ། གཡོན་ཟུར་དུ་བཀོད་པའི་མེ་ཏོག་པད་མའི་སྟེང་འོད་འཕྲོ་བའི་མོ་མཚན་ཞིག་ཡོད་ཅིང༌། མེ་ཏོག་པད་མར་འདབ་མ་གསུམ་ཡོད་པ་ནི་བུད་མེད་རྣམས་ལ༼རང་བརྩི་དང་རང་གཅེས། རང་རློམ༽ཡོད་པ་ཡིན་ན། བུད་མེད་ཀྱི་ཚེ་སྲོག་གིས་ད་གཟོད་འོད་སྣང་འགྱེད་ཐུབ་པ་མཚོན་བཞིན་པ་ཡིན།

ངེད་དྲ་ཚིགས།

 

དཔྱད་མཆན་སྤེལ།

%d bloggers like this: