____(དགེ་ཆོས་ཀྱི་གཞན་རྩོམ་བརྐུས་པ་)ཅེས་པར་བལྟས་རྗེས།

                                                                                                                                                        སེང་རྡོར།

          ལོ་འགའི་སྔོན་ལ་མགོ་ལོག་གི་སྔགས་བཙུན་འུར་པོ་ཞིག་གིས་སྦྱིན་བདག་ལྟ་བུ་བྱས་ཏེ་དགེ་ཆོས་ལགས་ཀྱི་གསར་རྙེད་གསུང་རྩོམ་ཞེས་པ་ཞིག་དཔར་ཁུལ་བྱས་པ་མཐོང་མྱོང་ལ། ད་དུང་དེབ་དེའི་རྒྱབ་ཤོག་ནང་མར་སྔགས་བཙུན་ཁོ་རང་གི་པར་སྡུག་སེར་ཧང་ངེ་ཞིག་བཞག་སྟེ་མིག་སྟོན་བྱས་པའང་བརྗེད་རྒྱུ་ཞིག་མེད། སྤྱིར་གསར་བསྒྲིགས་ཀྱི་དེབ་རྒན་དེར་དགེ་ཆོས་ལགས་ཀྱི་ཕྱག་རྩོམ་རེད་མི་འདུག་སྙམ་པ་ནི་འགའ་ཙམ་མཆིས་ཤིང་། ཆོས་པ་ལར་ཞེན་ཅན་འགའ་རེས།དགེ་ཆོས་མཆོག་རྙིང་མའམ་ཅི་ཞིག་ཏུ་སྟོན་ཁུལ་གྱིས་ རང་འདོད་མའི་ཤོབ་སྐད་འདར་འདར་མང་པོ་གསབ་འཇུག་བྱས་ཨེ་ཡོད་ཀྱི་སེམས་ཁྲལ་ཡང་ ཤིན་ཏུ་ལྕི་ཐལ། དེ་བས། ཁོ་བོར་མཚོན་ན་ནམ་ཞར་ཡང་གནམ་ནས་ལྷུང་བའམ་ས་ནས་བུད་པ་ལྟ་བུའི་ཤོག་སེར་མའི་ རིགས་འདིར་ཡིད་ཆེས་ཅི་བས་ཆུང་ཁར།ད་ལྟའམ་མ་འོངས་པའི་སྐབས་ཤིག་ལ་དམ་པ་དགེ་ ཆོས་མཆོག་ལ་ནི་གསར་རྙིང་དཀར་ནག་གི་ཆོ་ལོ་མང་དུ་གཡོགས་པའི་དུས་ཤིག་འབྱུང་ པའང་སྔར་ནས་ཚོད་ཀྱིས་དཔགས་ཡོད། འདི་ནི་ལུང་བསྟན་མིན་ཏེ་རྗེས་དཔགས་ཡིན།གནད་དེ་ནི་མིའི་རིགས་ལོ་རྒྱུས་སྟེང་ལ་ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གིས་རྒྱ་བཏབ་ཡོད་པས་ཀྱང་ཤེས་པར་ནུས་སོ། །

      ཡིན་ནའང་། ཁྱོད་ཀྱི་དགོས་མེད་ཀྱི་དོགས་པ་ཆེས་ཆུང་ཙུག་སྟེ།  འཛམ་གླིང་རྒྱས་བཤད་ཟེར་པ་ནི་དགེ་ཆོས་ལགས་ཀྱི་ཕྱག་རྩོམ་མ་རེད་ཅེས་པ་འདི་བག་ཙམ་ཞིག་བཤད་ན།ལར་འཛམ་གླིང་ རྒྱས་བཤད་ལས་བསྟན་པའི་ས་ཁམས་དང་གྲངས་རྩིས་ཀྱི་ཤེས་བྱ་འདི་རིགས་ནི་མིའི་རིགས་ཡོངས་རྫོགས་ཀྱི་ཀླད་པའི་ནོམ་སྐལ་དུ་བརྩི་རུང་བ་ཙམ་ལས།མི་བུ་ཆེ་གེ་མོས་ བརྩམས་པ་ཡིན་མིན་གྱི་ཡུས་ཆེ་བྱ་རྒྱུ་ཁྱོན་ནས་མ་ཡོད་དེ།དཔེར་ན།སློབ་གྲྭ་ཆེ་ འབྲིང་གི་སློབ་ཚན་ཕལ་མོ་ཆེའི་ཚན་རིག་ཤེས་བྱའི་སྦྱངས་དེབ་མང་ཤོས་ལ་བསྒྲིགས་ མཁན་མ་གཏོགས་རྩོམ་མཁན་གྱི་མཚན་མི་འགོད་པའི་གནད་ཀྱང་དེས་ཡིན་ལ།  དཔེ་གཞན་ཞིག་ གིས་འགྲེལ་བ་བརྒྱབ་ཚེ། ཁྱོད་ལྟར་ན༼སྙིང་རྗེ་ལས་སྐྱེས་པའི་ཤེས་རབ༽ཅེས་པའི་དཔེ་ཚོགས་དེ་ཡང་ཨ་ལགས་དོར་ཞིས་བརྩམས་པ་རང་མ་ཡིན་པར་ཁོས་སངས་རྒྱས་ཆོས་ལུགས་ལ་བརྐུས་པ་ཡིན་པར་ཐལ། རྒྱུ་མཚན་ནི། དཔེ་ཚོགས་དེའི་ནང་དོན་ཡོངས་རྫོགས་ནི་ལམ་སྔགས་དང་ཤེར་ཕྱིན་སོགས་ཀྱི་རྒྱུ་རྙོག་ཇི་བཞིན་རྐྱང་ཡིན་པས་སོ། ། ཡིན་ནའང་མིའི་རྒྱུན་ཤེས་ལ་ནི་དེ་ལྟར་རང་མི་འཆད་དེ། དཔེ་ཚོགས་དེའི་ཚིག་སྒྲོས་དང་རྩོམ་སྟངས་ནི་དོར་ཞི་རང་ཉིད་ཀྱི་ཡིན་པས་ན་དོར་ ཞི་ནས་བརྩམས་པ་ཡིན་ཞེས་སྦྱོར་གྱིན་ཡོད་པ་རེད་ཨང་།བགས་ཀྱིས་གཞིགས་ན་དེའང་ གནས་ལུགས་དང་མི་མཐུན་པ་ཆེར་མེད་པ་ལྟ་བུར་འདུག་གི  དེ་ལྟ་སྟེ།  འཛམ་གླིང་རྒྱས་བཤད་ཅེས་པ་འདི་རང་ཁྱོད་ཅག་གི་ཨ་མཚར་དུ་བརྩི་བའི་ཅི་ ཞིག་གི་བཙན་པོ་ནོ་མོན་ཧན་གྱི་ཡིན་པར་བྱས་ནའང་གནས་ལུགས་ནི་སྔར་བཞིན་ཏེ།འཛམ་ གླིང་རྒྱས་བཤད་ཀྱི་རྩ་བའི་ཤེས་བྱ་དེ་དག་གི་ལམ་བཏོད་མཁན་ནི་སྔར་བཞིན་ནུབ་ ཕྱོགས་ཀྱི་ཚན་རིག་པ་བགྲེས་པོ་དེ་དག་ལས་སུ་ཡང་མིན་པས་སོ། །བརྒྱ་ བཤད་ཚིག་གི་རྩ་བ་མདོར་བསྡུས་ན། ང་རང་ཚོས་དགེ་ཆོས་ལགས་ལ་བཀུར་མོས་བྱ་དགོས་དོན་ནི་ཁོང་གི་ཚན་རིག་རང་བཞིན་ གྱི་སྙིང་སྟོབས་དང་། དངོས་དོན་རང་བཞིན་གྱི་དཔྱད་ཐབས། གཤིས་ལུགས་རིག་རང་བཞིན་གྱི་རྩོམ་སྟངས་ལ་བྱ་བ་ཡིན་གྱི་མ་གཏོགས།དགེ་ཆོས་ལགས་ ཨེན་སི་ཐན་དང་ཏར་ཝིན་སོགས་ཡིན་པའི་ཆོད་སྡོམ་ནི་ཐོག་མ་ནས་བཞག་མྱོང་མེད་ལ་ ཕྱི་ནས་ཀྱང་འཇོག་མི་སྲིད་པའོ། །འུ་ བུ་ཅག་གིས་དམ་པ་ཁོང་ཉིད་སོ་ཡིས་མི་ཆོད་ཅིང་ཕོ་བའི་མི་འཇུ་བའི་ཆའང༼ཀླུ་སྒྲུབ་དགོངས་རྒྱན་༽དང༼གཏམ་རྒྱུད་གསེར་ཐང་༽གིས་མཚོན་པའི་ཁྲོ་རིལ་དང་རྣོ་སྒྲོམ་གྱི་ངོས་དེ་ཡིན་པ་ལས། ཅི་ཞིག་གི་འཛམ་གླིང་རྒྱས་བཤད་སོགས་ཏེ་བསྒྱུར་རྩོམ་མམ་དཔྱད་གཞིའི་རྒྱུ་ཆ་ལྟ་ བའི་ངོས་འདི་ནས་རང་རྐང་ནས་ཡིན་ཚོད་མི་འདུག

 2009-12-8

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: