ཞོགས་འོད།  མཚོ་ལྷོ། 

 

ཞེན་པའི་རིབ་མ་བཤིག་པའི་རྗེས།།

གཉུག་མའི་མེ་ཏོག་འཛུམ་གྱིས་གད།།

སྙིང་ཁར་དོད་པའི་ཨ་ཡིག་གིས།།

འཁོར་བར་འགྲེལ་བཤད་མང་པོ་བྱས།།

གཙང་བོ་འཐུང་བའི་ཟླ་འོད་ཀྱིས།།

རྒྱུ་སྐར་གྲོགས་སུ་སྦྲན་པ་ན།།

ང་ཡི་ལུས་ངག་ཡིད་ཀྱི་མཐའ།།

རྟོག་པ་འགྱུ་བའི་ཟོལ་གྱིས་ནི།།

སྲིད་པའི་སྒང་གཤོང་ཀུན་ཏུ་ཉུལ།།

གཤོག་པ་སྲབ་པའི་སྦྲང་བུ་དེས།།

མཆུ་ཏོས་ལན་མང་གཙགས་པའི་ཚེ།།

ཤིན་ཏུ་ཐ་བ་འབྱུང་བའི་ཁམས།།

སྐད་ཅིག་ཙམ་ལ་ཕུག་པར་བྱས།།

ལོ་མང་ཉར་བའི་ཤོག་བུ་དེར།།

ཚིག་གི་ཝུ་བ་བརྡོལ་བའི་ཚེ།།

ས་སྲོས་གྲིབ་མར་བློ་ཁེན་ཏེ།།

ཙབ་ཙུབ་ཚུལ་གྱིས་མགུར་ཞིག་ཐལ།།

ཞེ་ལ་བརྣགས་པའི་མགུར་དེ་ཉིད།།

རི་ལུང་ཀུན་ཏུ་ལན་མང་བརྒལ།།

ལྗོན་པའི་ཚོགས་ཀྱང་རྗེས་སུ་འགྲོ།།

རླུང་བུའི་འགྲོས་ཀྱང་གཞུག་ཏུ་འདེད།།

དྲན་པའི་སྲབ་སྐྱོགས་འཇུ་ཐེངས་རེར།།

ངེས་ཤེས་བ་སྤུ་གཟེངས་ན་ཡང་།།

སྐར་མདའ་ལྷུང་ལྟའི་རྨི་ལམ་གྱི།།

འཇིགས་པའི་སྦ་བེར་སྐྱ་བོ་ཡིས།།

ང་ལ་ལན་ནས་ལན་མང་གཞུས།།

               2014  10  3

 ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading