ཡུ་གར་དཔའ་རྒོད་ཨེལ་ཧམ ཐོ་ཧྭི་ཏས་ལ་ཕུལ་བ།
གཟུངས་ཕྱུག་སྐྱིད།
ངའི་ཉེ་འཁོར་གྱི་ཁོར་ཡུག་ན།
མི་ཚོགས་སྔར་བཞིན་འུར་ཟིང་གིས་བཟི་འདུག
འདི་ལྟར་ཆེས་རྒྱུན་ལྡན་ཡིན་པའི་དེ་རིང་།
ཆེས་རྒྱུན་ལྡན་མིན་པའི་བོ་ལི་མོ་ཆི་གྲོང་ཁྱེར་ནས།
བླ་སྲོག་འོད་སྣང་ལ་ཕྱོགས་པའི་ཁྱེད་ཀྱིས།
བདག་གི་ཕྱི་ནང་གཉིས་ཀ་ཡོམ་ཡོམ་དུ་སྒུལ་བྱུང་།
ཨེལ་ཧམ ཐོ་ཧྭི་ཏས
ཁྱེད་ཁོ་ན་བསམ་གཞིགས་ལ་ཡང་ཡང་འཁོར་དུས།
སུ་ཞིག་གི་ཡངས་པོར་བསྲིངས་པའི་འབོད་སྒྲ་རེ་རེ
བདེན་ཚུགས་ཀྱི་ལུས་ཟུངས་ཀྱིས་བླ་རུ་བསྟད་པ།
ཁྱེད་རང་ཉིད་ཀྱིས་ཐེག་པ་བདེན་ཡང་།
ངས་དངོས་ནས་ཐེག་གྱིན་མི་འདུག
ཨེལ་ཧམ ཐོ་ཧྭི་ཏས། ཁྱེད་ཀྱི་ཁ་གཏད་ན།
གཏོས་ཆེ་བའི་མུན་ནག་དང་ལྕགས་རི་ཡོད།
ཁྱེད་ཀྱི་མཐའ་འཁོར་ན།
འཇིགས་རྔམ་གྱི་མེ་མདའ་དང་ལྕགས་སྒྲོག་གི་མདུད་པ་ཡོད།
ཡིན་ནའང་།ཁྱེད་རང་འདི་དག་ཡོད་ཚད་ལ་མི་ཤོང་དོན་ཅི།
ཨེལ་ཧམ ཐོ་ཧྭི་ཏས།
ཁྱེད་ཀྱི་གསལ་ལྷང་ལྷང་གི་འབོད་སྒྲ་དེས།
ས་ཆེན་གྱི་ཕྱི་ནང་ཡང་ཡང་བསྐྱོམས་ཤིང་།
གནམ་སའི་ཧྲག་བར་ལ་འོད་ཀྱི་སྐྱ་ཐིག་ཅིག་ཕབ།
ཨེལ་ཧམ ཐོ་ཧྭི་ཏས།
ཁྱེད་ལ་ངུ་ངག་མེད་པ་བདེན་ལ།
ཁྱེད་ལ་མིག་ཆུ་མེད་པ་ཡང་བདེན།
ཡིན་ནའང་ཁྱེད་ལ་ཧ་ཅང་སྙི་བའི་མི་སེམས་ཀྱི་དུངས་པ་ཡོད་ངེས།
ཡང་ཡང་དཀྲུག་པའི་རྨ་ཁའི་ན་ཟུག་ཡོད་ངེས།
འདི་ལྟར། དོན་དངོས་དང་བདེན་པ་ཞིག་གི་རྒྱང་སྨོན་ཁྲོད།
ཁྱེད་ཀྱིས་མུན་པས་སླེས་པའི་ཐག་ནག་ཞིག་དུམ་སེ་བཅད་ཅིང་།
གོ་མཚོན་གྱིས་གཡོགས་པའི་གཡུལ་ས་ཞིག་སྟོབས་ཀྱིས་བརྒལ།
ཨེལ་ཧམ ཐོ་ཧྭི་ཏས
འོད་སྣང་ཁོ་ན་ཁྱེད་ཀྱིས་རྨིས་མ་ཚར་བའི་རྨི་ལམ་གྱི་སྒོ་མོ་ཡིན་ནམ།
བདེན་ལུགས་ཁོ་ན་ཁྱེད་ཀྱིས་བོས་མ་ཚར་བའི་འབོད་སྐད་ཀྱི་གདངས་དབྱངས་ཡིན།
དོན་དངོས་སུ། སྐྱ་ཧྲལ་ཧྲུལ་གྱི་དེ་རིང་གི་གནམ་སའི་བར་ན།
སྐྱི་པགས་ཀྱི་སྲ་སྙིའི་ཁྲོད་ནས་སྨྲ་ལྕེ་རང་དབང་ལ་བསྲེས་མཁན་མང་ནའང་།
འདུ་ཤེས་ཀྱི་གཏིང་རིམ་ནས་རང་གི་བླ་སྲོག་བོར་མཁན་ཇི་འདྲའི་མང་ཨང་། དེ་ལྟ་ནའང་ཁྱེད་ཁོ་ན་དེ་དག་ལས་མཐོ་རུ་འཕག་འདུག
ཨེལ་ཧམ ཐོ་ཧྭི་ཏས།
ཁྱེད་ཀྱིས་ཡངས་ཤིང་རྒྱ་ཆེ་བའི་ནམ་མཁའ་ཞིག་གོས་སུ་གྱོན་ཏེ།
རང་ཉིད་ཀྱི་ལུས་ཟུངས་ཀྱིས་མི་ཐེག་དཀའ་བསམ་གཞིགས་ཞིག་རྒྱགས་ཕྱེས་སུ་བཟུང་ནས།
སོང་མ་ཚར་བའི་འོད་ཀྱི་ལམ་བུ་ཞིག་འཚོལ་བའི་གནས་ལུགས་ལ་གཞོལ་བཞིན།
ད་ལྟ་གང་ཞིག་ན་ཅི་ཞིག་བགྱི་བཞིན་ཡོད།
ཨེལ་ཧམ ཐོ་ཧྭི་ཏས།
མདོར་ན་ཁྱེད་རང་འདི་ལྟར་རྙེད་པས།
ང་ཚོས་རང་ཉིད་ཀྱི་བླ་སྲོག་ལ་སླར་ཡང་ལྗང་མདོག་གིས་ཕྱི་དོར་བྱེད་འདོད།
ང་ཚོས་རང་ཉིད་ཀྱི་མིག་ཆུ་དུངས་སེམས་ཀྱི་ཆུ་རྒྱུན་ཁྲོད་བསྲིངས་འདོད།
ཡོད་ཆོག་ཆོག་གི་སང་ཉིན
རིགས་རྒྱུད་ཅིག་གི་མངལ་ཐང་ལ་འདེགས་འདོད།
ཨེལ་ཧམ ཐོ་ཧྭི་ཏས།
ཁྱེད་ཀྱིས་གཏན་ཚུགས་དང་རུས་རྐང་གི་ཚ་དྲོད་ལས།
རང་ཉིད་ཀྱི་མགོ་བོ་མཐོན་པོ་ནམ་ཡང་བླ་རུ་བཏེགས་འདུག་ཨང་།
ཨེལ་ཧམ ཐོ་ཧྭི་ཏས།
༢༠༡༤ ༩ ༢༨ཉིན་རྒྱ་གར་བྱང་ཕྱོགས་གྲོང་གསེབ་གླས་ཁང་ཞིག་ནས་ཤར་བྲིས་སུ་ཕབ།
ངེད་དྲ་ཚིགས།