ཕྲན་མི་སྒེར་གྱིས་བོད་ཀྱི་ལོ་རྒྱུས་ལ་བཟུང་བའི་ལྟ་ཚུལ་གླེང་བ།
བན་ཤུལ་དཔལ་མཁར་རྒྱལ།
ཨེ་ཤར་དབུས་རྒྱུད་རྟ་ཡི་རྨིག་སྒྲས་བརྫིས།།
མཐའ་བཞིའི་རྒྱལ་ཕྲན་དུམ་བུར་རིས་སུ་འཇུག།
དབུ་རྨོག་དཀར་བོ་ནམ་མཁའི་མཐའ་དང་མཉམ།།
སྤུ་རྒྱལ་བཙན་པོའི་ཞབས་ལ་གུས་པས་འདུད།།
སྔོན་གྱི་བྱུང་རབས་ཆར་ཤུལ་འཇའ་བཞིན་ཡལ།།
ད་ལྟའི་མི་རབས་རླུང་གི་འགྲོས་བཞིན་འཇིག།
བར་མའི་གནས་སྐབས་འདི་ཡི་སྤུ་རྒྱལ་བ།།
རི་མཐོའི་རྩེ་ལ་འཁྱིལ་བའི་སྨུག་པ་ཙམ།།
མདའ་གཞུའི་རྩེ་མོ་གངྒཱའི་སྟོད་ལ་བཙུགས།།
དཔའ་བོའི་ངར་སྐད་ཨན་ཞི་སྡེ་བཞིར་ཁྱབ།།
འཁོར་གསུམ་སིལ་སྒྲ་འཛམ་བུའི་ཁྱོན་ན་གཡོ།།
ང་ཡི་མེས་པོ་དྲན་ནོ་སྤུ་རྒྱལ་བ།།
གན་རྐྱལ་སྲིན་མོའི་སྙིང་གི་ཆུ་མཚོ་སྲུབ།།
རྒྱ་གར་རྒན་པོའི་སྡོད་ས་གནམ་ལ་བརྩི།།
སྲིད་ཀྱི་དར་ཤིང་འཇིག་པའི་སྔ་ལྟས་སུ།།
རྟེན་འབྲེལ་མགོ་ནས་ནོར་རོ་སྤུ་རྒྱལ་བ།།
དམར་བོའི་རི་ལ་ཕོ་བྲང་པོ་ཏ་ལ།།
མདའ་རྩེ་དམག་དར་གཡོ་བའི་སྲིན་གླིང་ཙམ།།
འཇིག་པའི་ཤུལ་ན་ལྷ་ཁང་ཆོས་ཁང་ལ།།
སྐྱ་མིན་སེར་མིན་འགའ་ཞིག་སྤུ་རྒྱལ་བ།།
མཐའ་བཞིའི་ཡུལ་ལ་རྡོ་རིང་རྣམ་བཞི་བཙུགས།།
རུ་བཞི་གནོན་པའི་ལྷ་ཁང་ཕྱོགས་བཞིར་ཁྱབ།།
བཙན་པོའི་བཀའ་མཆིད་བྲག་གི་ངོས་སུ་ཕབ།།
ཚུལ་འདི་མཐོང་ནས་ངེས་དགོས་སྤུ་རྒྱལ་བ།།
སྟོད་ན་མངའ་རིས་སྐོར་གསུམ་སྟག་མོ་འདྲ།།
བར་གྱི་དབུས་གཙང་རུ་བཞི་སེང་གེ་འདྲ།།
སྨད་ཀྱི་མདོ་ཁམས་སྒང་དྲུག་དོམ་སྨྱོན་འདྲ།།
འདི་ཀོ་སྲིན་དམག་ཡིན་ནོ་སྤུ་རྒྱལ་བ།།
བཙན་པོའི་ཁྲབ་ལ་སྤྱི་རྒྱ་བཞི་བཅུ་ཡོད།།
དཔའ་བོའི་གྲི་ལ་འདོམ་པ་གང་ཙམ་ཡོད།།
འཐབ་པའི་དམག་ལ་མི་ལྡོག་རྟགས་གསུམ་ཡོད།།
འདི་ལ་བསམ་ནས་བསྐྱེད་དགོས་སྤུ་རྒྱལ་བ།།
སྔོན་གྱི་བྱུང་རབས་འདི་རྣམས་ཡིད་ལ་ཕྲིས།།
ད་ལྟའི་འཚོ་གནས་འདི་ལ་ཞིབ་མོར་བསྡུར།།
སྤུ་རྒྱལ་བཙན་པོའི་ཞབས་རྗེ་གང་ཡིན་ཚོལ།།
ལོ་རྒྱུས་སྦྱངས་བའི་དགེ་ཡིན་སྤུ་རྒྱལ་བ།།
ཕྱི་ལོ༢༠༡༢ལོའི་ཟླ༡༢བའི་ཚེས༢༢ཉིན་ཤར་བྲིས།
ཡོང་ཁུངས་གཞན།