རྒྱལ་སྤྱིའི་པེན་ཚོཊ་ཆེན་ཐོག་བོད་དོན་གྲོས་ཆོད།

       ཉེ་སྔོན་ཁིར་གྷི་སི་ཐཱན་གྱི་རྒྱལ་ས་རུ་སྐོང་ཚོགས་བྱས་པའི་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༨༠ པའི་ཐོག་བོད་དོན་སྐོར་ལ་གྲོས་ཆོད་དོན་ཚན་གསུམ་བཞག་ཡོད་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཡོལ་ཙམ་ལ་དྷ་སར་ཡོད་པའི་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་ཁུངས་སུ། ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་ལགས་དང་དྲུང་ཆེ་གཡུ་སྒང་འོད་ཟེར་ལགས། ཤེས་ཡོན་འགན་འཛིན་སྨན་ཤེར་བློ་གྲོས་ལགས་སོགས་མཉམ་འཛོམས་ཐོག ཉེ་སྔོན་ཁིར་གྷི་སི་ཐྰན་གྱི་རྒྱལ་ས་བྷི་ཤཱི་ཀེག་(Bishkek)ཏུ། རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༨༠ པ་སྐོང་ཚོགས་གནང་བའི་སྐོར་དང་། ཚོགས་ཐོག་ཏུ་བོད་དོན་སྐོར་གྱི་གལ་ཆེའི་གྲོས་ཆོད་དོན་ཚན་གསུམ་འཇོག་ཐུབ་ཡོད་པའི་སྐོར་ལ་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སོང་།

ཕྱི་ཟླ་ ༩ ཚེས་ ༢༩ ནས་ཉིན་གྲངས་ ༤ རིང་ཁིར་གྷི་སི་ཐཱན་(Kyrgyzstan)གྱི་རྒྱལ་ས་བྷི་ཤྰི་ཀེག་(Bishkek)ཏུ། རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་(PEN International )ཀྱི་ཚོགས་ཆེན་ཐེངས་ ༨༠ པ་སྐོང་ཚོགས་གནང་ཡོད་པ་དང་། ཚོགས་ཐོག་ཏུ་རྒྱལ་སྤྱིའི་པེན་གྱི་ཚོགས་གཙོ་སོགས་རྒྱུན་ལས་རྣམ་པ་དང་། ལོན་ཌོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་དབུས་ལས་ཁུངས་ཀྱི་ལས་བྱེད། རྒྱལ་སྤྱིའི་པེན་གྱི་སྡེ་ཚན་ཁག་བཞིའི་འགན་འཛིན་རྣམ་པ། དེ་བཞིན་འཛམ་གླིང་གི་རྒྱལ་ཁབ་དང་ས་གནས་མ་འདྲ་བའི་རྩོམ་པ་པོའི་མཐུན་ཚོགས་ཁག་ ༨༠ ཡི་སྐུ་ཚབ་རྩོམ་པ་པོ་ ༢༠༠ ལྷག་མཉམ་ཞུགས་བྱས་ཡོད་པའི་ནང་རྒྱ་ནག་པེ་ཅིན་ནས་ཡིན་པའི་སྐུ་ཚབ་ ༢ ཀྱང་ཡོད་འདུག

ཚོགས་ཆེན་ཐོག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་ལགས་དང་དྲུང་ཆེ་གཡུ་སྒང་འོད་ཟེར། ཤེས་ཡོན་འགན་འཛིན་སྨན་ཤེར་བློ་གྲོས་བཅས་མཉམ་ཞུགས་གནང་སྟེ། བོད་ནང་གི་སྨྲ་བརྗོད་རང་དབང་དང་བཙོན་འོག་གི་རྩོམ་པ་པོའི་གནས་སྟངས། དེ་བཞིན་བོད་ཀྱི་སྐད་ཡིག་གི་གནས་སྟངས་སྐོར་བཅས་གླེང་སློང་དང་དྲི་བ་དྲིས་ལན་གནང་ཡོད་པ་མ་ཟད། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གྲོས་གཞི་བཏོན་པ་ལྟར། རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་བོད་དོན་སྐོར་གྱི་གལ་ཆེའི་གྲོས་ཆོད་དོན་ཚན་གསུམ་བཞག་ཡོད་པ་དང་། དེ་བཞིན། རྒྱ་ནག་དང་བྱང་ཀོ་རི་ཡ། ཨེ་རན། སི་རི་ཡ། མེག་སི་ཁོ་སོགས་སྨྲ་བརྗོད་རང་དབང་མེད་པའི་རྒྱལ་ཁབ་ ༢༣ གྱི་གནས་སྟངས་ཐོག་ལའང་གྲོས་ཆོད་བཞག་ཡོད་འདུག

ད་རེབ་ཚོགས་ཆེན་ཐོག་བཞག་པའི་བོད་དོན་སྐོར་གྱི་གྲོས་ཆོད་དོན་ཚན་དང་པོ་ནི། ཕྱི་ལོ་ ༢༠༠༨ ནས་བཟུང་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་རྩོམ་ཡིག་སོགས་སྤེལ་བར་བརྟེན་ནས་བཙོན་འཇུག་བྱས་པའི་བོད་མི་ཤེས་ཡོན་ཅན་དང་། རྩོམ་པ་པོ། སྒྱུ་རྩལ་པ་རྣམས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་མྱུར་དུ་གློད་གྲོལ་དང་། དེ་དག་ལ་མནར་གཅོད་གཏོང་མཚམས་འཇོག་དགོས། གཉིས་པ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་ནང་གཏན་འབེབས་བྱས་པའི་ཐོབ་ཐང་ཁག་བོད་ཀྱི་རྩོམ་པ་པོ་དང་ཤེས་ཡོན་པ་ཚོས་ལོངས་སུ་སྤྱོད་ཆེད། རྒྱ་ནག་གཞུང་གིས་ཁོང་ཚོའི་བསམ་ཚུལ་དང་སྨྲ་བརྗོད་རང་དབང་ལ་བརྩི་མཐོང་སྤྲོད་དགོས། གསུམ་པ། རྩོམ་པ་པོ་རྣམས་ཚུད་པའི་བོད་མི་ཚོར་རང་མི་རིགས་ཀྱི་སྐད་ཡིག་ཐོག་ནས་ཕན་ཚུན་འབྲེལ་གཏུག་དང་། སློབ་ཁྲིད་ཀྱི་ཐོབ་ཐང་། ནང་ཆོས་ཀྱིས་མཚོན་པའི་བོད་ཀྱི་རིག་གནས་ཁག་སློབ་གཉེར་བྱེད་རྒྱུའི་རང་དབང་དང་ཐོབ་ཐང་སྤྲོད་དགོས་པ་བཅས་ཡིན་འདུག

སྐབས་དེར་ཚོགས་གཞོན་གྱིས་ངོ་སྤྲོད་གནང་དོན། ཚོགས་ཆེན་ཐོག་རྒྱལ་ཁབ་འདྲ་མིན་གྱི་རྩོམ་པ་པོའི་མཐུན་ཚོགས་ཁག་ ༨༠ ལྷག་གི་སྐུ་ཚབ་ཐུན་མོང་ནས་བོད་དོན་ཐོག་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཅིག་བཞག་ཐུབ་པའང་གཟི་བརྗིད་དང་གནད་འགག་ཅིག་ཏུ་རྩི་བཞིན་ཡོད་ལ། གྲོས་ཆོད་དེ་ཚོ་ལོ་གཅིག་རིང་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་དབུས་ལས་ཁུངས་ཀྱིས་ལས་འགུལ་ག་རེ་སྤེལ་བ་ཡིན་ནའང་བེད་སྤྱོད་གཏོང་གི་ཡོད་པ་དང་། དེ་བཞིན། ཡན་ལག་མཐུན་ཚོགས་ཁག་ ༡༥༠ མ་ཟིན་པ་ཡོད་པ་ཚང་མས་དྲ་རྒྱ་དང་དེབ་སོགས་ཀྱི་ཐོག་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་མ་ཟད། རྒྱལ་ཁབ་སོ་སོའི་ཡན་ལག་མཐུན་ཚོགས་ཀྱི་ངོས་ནས་ཆབ་སྲིད་ཀྱི་དབུ་ཁྲིད་དང་གནད་ཡོད་མི་སྣ་རྒྱ་ནག་ནང་ཕྱིན་ཏེ། འགྲོ་བ་མིའི་ཐོབ་ཐང་སྐོར་ལ་སྐད་ཆ་བཤད་སྐབས་གྲོས་ཆོད་དེ་ཚོ་ལག་ཆ་ལྟ་བུ་ཞིག་བྱེད་པའི་ཆེད་དུ་སྤྲོད་ཀྱི་ཡོད་སྐོར་དང་། བོད་དོན་སྐོར་གྱི་གྲོས་ཆོད་དེ་ཚོ་རྒྱ་ནག་གཞུང་དང་འབྲེལ་བའི་ཐོག་ནས་བཞག་པ་ཞིག་ཡིན་ལ། ཚོགས་ཆེན་ཐོག་རྒྱ་ནག་གཞུང་གི་སྐུ་ཚབ་མིན་ཡང་རྒྱ་ནག་ནང་ལོགས་སུ་ཡོད་པ་དང་། གཞུང་གི་ལྟ་བ་དྲིལ་བསྒྲགས་བྱེད་མཁན་གྱི་གནད་ཡོད་མི་སྣ་ཡོང་ཡོད་སྟབས། ཁོ་ཚོ་བརྒྱུད་ནས་གྲོས་ཆོད་ཁག་རྒྱ་ནག་ནང་ཁྱབ་ཐུབ་ཀྱི་ཡོད་པ་དང་། དེ་བཞིན། པེན་དབུས་ལས་ཁུངས་ཀྱི་ངོས་ནས་ཀྱང་རྒྱ་ནག་ནང་གི་མི་རིགས་ལས་དོན་དང་འབྲེལ་བའི་ལས་ཁུངས་ཁག་ཆ་ཚང་ལ་གྲོས་ཆོད་ཁག་གཏོང་གི་ཡོད་པ་དང་། ལོ་ལྟར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བགྲོ་གླེང་ཐོག པེན་དབུས་ལས་ཁུངས་ཀྱི་ངོས་ནས་རྒྱལ་ཁབ་སོ་སོའི་གྲོས་ཆོད་ཁག་གི་ཐོག་གླེང་སློང་གནང་གི་ཡོད་སྟབས། གྲོས་ཆོད་དེ་ཚོས་བོད་དོན་ཐོག་རྒྱབ་སྐྱོར་གྱི་རྣམ་པ་ཞིག་མཚོན་གྱི་ཡོད་པ་མ་ཟད། ཆབ་སྲིད་ཀྱི་ཐོག་ནས་ལག་ཆ་གལ་ཆེན་ཞིག་ཆགས་ཀྱི་ཡོད་སྐོར་བརྗོད་སོང་།

གསར་འགོད་པ། པདྨ་མཚོ།

ཡོང་ཁུངས་བོད་ཀྱི་དུས་བབ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s