སྨྱུག་མདའ།
གཏི་མུག་རོལ་དབྱངས་ལ་རྒྱུས་སྐད།།
སྣང་བ་འོད་གསལ་ལ་ཞུགས་ཞེས།།
འཆར་ནུབ་རེས་མོས་ཀྱི་དོན་འདི།།
མི་གསལ་རྨི་ལམ་གྱི་ངོགས་སོ།།
ང་ཡི་དམིགས་འདུན་གྱི་རི་མོ།།
ཧ་ཅང་དྭངས་གཙང་གིས་བྲིས་ཟིན།།
སྒོ་གླེགས་རེ་རེ་བཞིན་རྡུང་ན།།
སྒྲ་དབྱངས་སྙན་མོ་ཞིག་དཀྲོལ་ལམ།།
མདང་ནུབ་སད་འཕྲོར་གྱི་རྨི་ལམ།།
འཆར་ཡན་རྒྱ་མཚོ་ལ་འཐིམ་འདུག།
ཁ་ཞེ་གཏིང་འགལ་གྱི་འུར་བ།།
ཚིག་འགྲོས་སྤྲིན་པ་དང་འདྲ་འོ།།
འཛུམ་དཀར་ལྷུག་ལྷུག་གི་ཞལ་ཁ།།
ཚོར་བའི་གཏིང་མཐའ་ན་བཙས་མོད།།
གདོད་མའི་བག་ཆགས་ཀྱི་འཇིག་རྟེན།།
བདག་ཉིད་ཅིས་ཀྱང་ནས་ཚུད་དོ།།
ཞོགས་ཀའི་ཉི་ཟེར་ལ་འགྲོགས་པའི།།
རྩལ་ཐོགས་སྨྱུག་ཁྱུ་དེ་སྐྱེལ་འོང་།།
ཉིན་འབབ་མཚན་འབབ་ཀྱི་ཁ་བ།།
ཡི་གེའི་ཐིག་རྩ་རུ་བཏབ་ཡོད།།
རི་བོ་ཧི་མ་ལའི་མགྲོན་པོ།།
ཤར་ནུབ་ཕྱོགས་མེད་དུ་ཆས་སོ།།
ཡར་ཀླུང་གཙང་བོ་ཡི་གླུ་སྐད།།
དྲན་སློང་གདུང་བ་ལས་མི་འདུག།
དཀར་ཡོལ་ལག་ཐོགས་ཀྱི་ཨ་མ།།
སེམས་རྩར་ལྷང་ལྷང་དུ་མཆིས་སོ།།
སྣང་སྲིད་སྒྱུ་མ་ཡི་ཀློང་ནས།།
རྒྱང་རིང་འོ་སྐལ་དེ་ཝ་ལེར།།
ཕྲག་དོག་གཡབ་མོ་འདིའི་གསེབ་ཏུ།།
བརྩེ་བའི་ལག་འཇུ་ཡང་ལྷོད་འགྲོ།།
ཚེ་སྲོག་ཤིང་ལོ་བཞིན་འཐོར་དུས།།
འགྱོད་པའི་ཤུགས་རིང་ཞིག་མ་འབྱིན།།
དུས་ནམ་སྤྲོ་འཛུམ་གྱི་མྱི་ལ།།
སྟོན་ཀ་གློ་བུར་དུ་སླེབས་སོང་།།
སེམས་གཏམ་གྲངས་མེད་ཅིག་རུམ་སྟེ།།
ས་མཐའི་རྡོ་གཅལ་ལ་གྱེས་འགྲོ།།
ད་ནི་དུས་ཚོད་ཀྱི་རེའུ་མིག།
སེམས་པ་ཉེ་ཉེ་རུ་བཞག་སྟེ།།
གནའ་བོའི་ཤེས་རབ་ཀྱི་གླེགས་བམ།།
སྙིང་གའི་བཟོ་བཀོད་དང་འདྲེས་སོ།།
༢༠༡༤ ༡༠ ༤ མཚན་མོ།
ངེད་དྲ་ཚིགས།