ན་བུན་གྱིས་རྒྱ་གར་དུས་བབ་གསར་ཤོག་ལས་སྒྱུར།

    སློབ་ལོ་མ་རན་པའི་བྱིས་པའི་སློབ་གསོ་ནི་ཁྱིམ་ཚང་གི་སློབ་གསོ་ནས་འགོ་རྩོམ་དགོས་ཤིང་། ཨ་མ་ནི་བྱིས་པའི་ཆེས་ཐོག་མའི་སྐད་བརྡའི་སློབ་གསོ་སྒྲུབ་པའི་དགེ་རྒན་ཡིན།

རང་རེ་རྒྱ་གར་བའི་ཤེས་རིག་ལོ་རྒྱུས་ཀྱི་འཕེལ་རིམ་ལ་བལྟས་ན། འུ་ཅག་ལའང་ལྷན་སྐྱེས་ཀྱི་ཤེས་རབ་དང་ལྡན་པའི་མཛངས་མ་མང་དག་ཅིག་བྱོན་དང་འབྱོན་མྱོང་མོད། ལྡོག་སྟེ། དེང་གི་སྐབས་སུ་ཡིག་རྨོངས་ཡིན་པའི་སྐྱེས་མ་བགྲང་གིས་མི་ལང་བའི་དུས་ལ་སླེབས་ཤིང་ཡོད། སྣང་ཚུལ་འདི་རིགས་ནི་བུད་མེད་རང་སེམས་ཀྱི་ཕུགས་འདུན་ངོ་མ་དེ་མ་ཡིན་པར། རང་རེའི་སྤྱི་ཚོགས་ཁོར་ཡུག་འདི་གར་ཕོ་མཆོག་མོ་དམན་གྱི་འདུ་ཤེས་ཐལ་དྲག་འདུག་ན། སྐྱེས་མ་ཚོའི་སློབ་གསོའི་བགོ་སྐལ་མངོན་ལྐོག་གང་རུང་ནས་ཕྲོགས་དང་འཕྲོག་མུས་སུ་མཆི།

སྲིད་འབྱོར་རིག་གསུམ་ཡར་ངོའི་ཟླ་བཞིན་འཕེལ་བའི་དུས་རབས་འདིར། བུད་མེད་ཅིག་ཡིན་ཕྱིན་ད་དུང་ཡང་སུས་ཀྱང་དང་དོད་མི་བྱེད་ལ། ཁྱིམ་བདག་མང་མང་གིས་ཕྲུ་གུ་བུ་མོ་རང་སྙོར་སྐྱོང་བྱ་འདོད་མེད་པའམ། བརྒྱ་ལ་ཡོད་པའི་དབང་དུ་བཏང་ན་ཡང་། མོ་རྒྱུད་ཕོ་ལས་དམན་པའི་འདུ་ཤེས་ལྟ་ཚུལ་གྱི་ཤན་ཤུགས་ཐེབས་དྲག་པས། བུད་མེད་ཉིད་སློབ་གསོས་སྐྱོང་བ་ལ་སྣང་འཇོག་དེ་ཙམ་མི་བྱེད་པར། དེ་ནི་ཕ་མའི་ཤོག་དངུལ་ཆུད་ཟོས་སུ་བཏང་བར་འདོད།

ལ་ལས་བུད་མེད་ཀྱི་སློབ་གསོ་སྦྱོང་བའི་མཐུན་རྐྱེན་སྒྲུབ་མི་འདོད་པའི་རྒྱུ་མཚན་ནི། ཁོ་མོ་ཚོས་གནས་ཡུལ་འགྲིམ་དུས། ཁྱིམ་ཚང་དེ་གའི་རྒྱུ་ནོམ་ཡོད་ཚད་བུ་མོའི་ནོར་སྐལ་དུ་གཏང་དགོས་པ་ལ་ཅིས་ཀྱང་བཟོད་བསྲན་གནང་དགོས་པས་ཡིན་འདུག དེས་ན། སློབ་ཕྲུག་བུ་མོ་ཚོའི་འབྲི་ཀློག་འཆད་གསུམ་གྱི་ཡོན་ཚད་འདོད་བློ་དང་ཚིམས་པ་ཞིག་ཡོང་ཐུབ་མེད་པ་གང་དེས་ཐད་ཀ་ཐད་སོར་རྒྱལ་ཁབ་ཅིག་གི་ཕྱོགས་ཀུན་ནས་ཡར་རྒྱས་དང་། དེའི་མི་འབོར་གྱི་འཕེལ་རིམ་ཐད་ལ་སྒུད་ཤུགས་ཚབས་ཆེན་འཐེབས་ངེས་རེད། གསལ་བོར་བཤད་ན། བུད་མེད་ཀྱི་དཀའ་སྡུག་གང་དེའི་འབྱུང་རྐྱེན་གཙོ་བོ་ནི་སློབ་གསོའི་གནད་ཀར་ཐུག་ཡོད་པ་རེད་བསམས།

བུད་མེད་སྤྱི་ལ་འཐུས་ཚང་སློབ་གསོ་ཚད་ལྡན་ཞིག་ཡོང་ཚེ། ཁོར་ཡུག་འདིའི་བྱིས་གསོད་བྱས་ཉེས་དང་རང་ཤི་རྒྱག་པ། ཁྱིམ་ཚང་ནང་ཁུལ་ཕུ་དཀྲུག་མདའ་དཀྲུག་བཟོ་བ། མུ་གེ་ཉམས་ཉེས་འབྱུང་བ། བྱིས་པ་བཙན་ཤེད་ཀྱིས་གཉེན་སྒྲིག་པ་སོགས་དེ་དང་དེ་འདྲ་བའི་བུད་མེད་ཀྱི་ཉེས་སྤྱོད་དང་འབྲེལ་བའི་རྩིང་སྤྱོད་འདི་རིགས་ཡོ་བསྲང་དང་གནད་དོན་ཐག་གཅོད་ཐུབ་པར་སྙམ།

མདོར་ན་སློབ་གསོས་ནི་སྤྱི་ཚོགས་ཁོར་ཡུག་གང་དེའི་ཡུལ་སྲོལ་གོམ་གཤིས་དང་། སྲིད་དོན། དཔལ་འབྱོར་སོགས་ཡར་སྐུལ་གྱི་རེ་འདུན་སླད་མེད་མི་རུང་བའི་སློབ་གསོའི་ཡོན་ཚད་འཐུས་ཚང་ཅན་དུ་མཁོ་སྦྱོར། གཞན་ཡང་སྤྱི་ཚོགས་དཔལ་འབྱོར་ལས་རིགས་ཐད་ཀྱི་སྐྱེས་མའི་གོ་བབ་མཐོར་འདེགས་གཏོང་ལ། ན་ཚོད་རྒན་གཞོན་གང་ཡིན་ཡང་རུང་། སློབ་གསོས་སྐྱེས་མ་ཚོའི་སེམས་ཁམས་ཀྱི་ཆ་དང་། སྤྱི་ཚོགས་ཀྱི་ཆ། ཤེས་ཡོན་གྱི་ཆ་བཅས་ཡར་བསྐྱེད་ཤུགས་སྣོན་བྱེད་པ་དང་རྟེན་ནས། ལར་ཡང་ཉིན་རེའི་འཚོ་བའི་དགོས་མཁོ་བསྐོང་ནུས། དམིགས་སུ་འུ་ཚོའི་སྤྱི་ཚོགས་ཁོར་ཡུག་འདིའི་ནང་དུ་བལྟས་བཅོས་ཀྱི་ཁེ་དབང་འདྲ་མཉམ་མིན་པའི་སྣང་ཚུལ་སྐྱི་གཡའ་བ་འདི་རིགས་ཡོ་བསྲང་ལེགས་བཅོས་གཏང་བཏུབ་པར་སེམས།

སློབ་གསོ་ཐོབ་པའི་བུད་མེད་ཁོ་ནས་ད་གཟོད་ཁྱིམ་ཚང་ལ་གང་དང་ཅི་ཉེ་བར་མཁོ་བ་ཤེས་རྟོགས་ཐུབ་པ་དང་། རང་གི་ཤ་ཁྲག་ལས་ཆད་པའི་བུ་ཕྲུག་རྣམས་ཚོང་ཁང་ངམ་བཟོ་གྲྭའི་གཡོག་ཁོལ་དུ་བརྒྱུག་མི་འཇུག་པར། དེ་ལས་ལྡོག་སྟེ་ཚད་ལྡན་སློབ་གྲྭའི་སློབ་གསོ་ལེགས་པོར་བསྒྲུབ་པར་གྲ་སྒྲིག་བཟང་པོ་བྱ་ཞིང་། བྱིས་པའི་སེམས་ཁམས་བདེ་ཐང་དང་བཟའ་བཏུང་འཕྲོད་བསྟེན་གང་ཅིའི་ཐད་ལ་དེ་བས་ཀྱང་འགན་ཁུར་དུ་ལེན་ངེས།

ཨ་མ་ཞིག་གི་མ་མཐའི་འོས་འགན་དེ་རང་གི་བྱིས་པར་གང་དང་ཅི་བྱ་ན་ལེགས་པ་དང་། ཇི་ལྟར་འཚོ་སྐྱོང་གནང་དགོས་པ་གསལ་བོར་ངེས་ཤེས་འདྲོངས་དགོས་པ་དེ་ཡིན་པར་འདོད། དེས་ན། སློབ་གསོ་མྱངས་པའི་ཨ་མ་ཞིག་ཡིན་ཕྱིན། ཆགས་སྡང་གི་ཉེ་རིང་མི་འཛིན་པར། བྱིས་པའི་སློབ་གསོའི་ཡོན་ཚད་མཐོར་འདེགས་གཏང་ངེས་ཡིན།

སློབ་གསོའི་ཐོབ་སྐལ་ཉུང་བའི་བུད་མེད་ཅིག་གི་ངོས་ནས་བཤད་ན། ཁོ་མོ་གཉེན་མ་སྒྲིག་པའི་སྔ་རོལ་དུ་ཕ་མར་བརྟེན་དགོས་པ་དང་། གཉེན་སྒྲིག་པ་ཙམ་ནས་ཁྱོ་བོར་བསྟུན་པ། རྒན་འཁོགས་ཀྱི་འཚོ་བ་ཕྲུ་གུར་བཅོལ་དགོས་པ་སོགས་གཞན་བརྟེན་རྐྱང་རྐྱང་གིས་འཚོ་དགོས་སྟབས། བུད་མེད་ཀྱི་འཚོ་གནས་ནི་ཡིད་སེམས་རབ་ཏུ་གདུང་བའི་གནས་ཤིག་རེད་ཨང་།ལས་རིགས་ཁག་སོ་སོར་བུད་མེད་ནི་བྲན་གཡོག་ཅིག་གི་ཚུལ་དུ་བཀོལ་པ་དང་། ལྷག་པར་དུ་སློབ་གསོའི་གོ་རྟོགས་དམན་པའི་བུད་མེད་ནི་གཡོག་ཁོལ་ལྟར་ལོག་ཏུ་སྤྱོད་པ་ཐལ་ཆེ་བར་མཐོང་གིན་འདུག་སྟེ། ཁོ་མོ་ཚོས་རང་གི་འོས་བབ་ཀྱི་ཁེ་དབང་ཙམ་ཡང་གླེང་མི་ནུས་པར་གདའ། ད་དུང་བུད་མེད་མང་པོ་ཞིག་ལ་རོགས་རེས་ཀྱི་འདུ་ཤེས་མེད་ཁར། སྒེར་གཉེར་ཁེ་ལས་སྡེ་ཁག་ཅིག་ཏུ་གཡོག་ལས་ཙམ་དུ་མ་ཟད། གལ་ཏེ་བུད་མེད་ལའང་ཤེས་ཡོན་སློབ་གསོ་འཐུས་ཚང་ཞིག་འཛོམས་ཚེ། ཁོ་མོ་ཚོས་ཀྱང་ཐུན་མོང་གི་རྩ་ཁྲིམས་དང་བཅའ་ཁྲིམས་ཐད་ལ་ངེས་ཤེས་བསྐྱེད་པ་དང་། སྤྱི་གཉེར་ཁེ་ལས་སྡེ་ཁག་གི་ལས་སྒོར་གཞུག་པ། ཐུན་མོང་གི་ཐོབ་ཐང་དང་ཁེ་དབང་ལོངས་སུ་སྤྱོད་ངེས་ཡིན་པ་རེད།

བུད་མེད་ཀྱི་སློབ་གསོའི་མ་ལག་ཆ་ཚང་བ་ཞིག་གྲུབ་ཚེ། ཁོ་མོ་ཚོ་སྣ་མང་རང་བཞིན་གྱི་བཟོ་ཚོང་ལས་རིགས་ཁག་ཏུ་འཇུག་པའི་འཇོན་ནུས་སྐྱེད་བསྲང་བྱེད་ཐུབ་པ་མ་ཟད། ཁེ་ལས་མ་རྐང་འཇོག་པའི་ལས་རིམ་གྱི་འགྲོ་ལུགས་ཐད་ལའང་ཤེས་ཚོར་ཡོང་བ་དང་། དངོས་པོའི་ཚན་རྩལ། དེང་གི་སྲིད་ཇུས། ཐོན་རྫས། ཚོང་ཟོང་ཕྱིར་གཏོང་དང་ནང་འདྲེན། བརྗེ་རེས། ཚོང་དོན་གན་འཇོག་སོགས་ཆ་ཡོངས་སུ་ཚང་བའི་སྣ་མང་རྒྱུན་ཤེས་རྒྱུད་ལ་འཇགས་ཐུབ་པར་སེམས།

བུད་མེད་ཀྱི་འཚོ་གནས་ལ་འགྱུར་ལྡོག་དང་ཡར་རྒྱས་གཏོང་བ་ནི། ཐད་ཀར་སྤྱི་ཚོགས་གང་དེའི་ལས་སྒོ་ཀུན་གྱི་གནས་བབ་ལ་འཕོ་འགྱུར་དང་འཕེལ་རྒྱས་ཀྱི་གོ་རིམ་ཞིག་ཀྱང་ཡིན་པ་རེད།

བདག་ཉིད་ཆེན་མོ་མ་ཧ་མ་གྷན་རྡིས“ཨ་མའི་ལྷན་སྐྱེས་ཀྱི་རྣམ་དཔྱོད་དང་ཤེས་རབ་ཀྱི་སྟེང་ན་བྱིས་པའི་སློབ་སྦྱོང་གི་སློབ་གསོ་སྒྲུབ་པའི་ནུས་རྩལ་ཁྱད་དུ་འཕགས་པ་མངའ”ཞེས་གསུངས་པ་ལྟར། བུད་མེད་ཀྱི་མདུན་ལམ་དང་འཚོ་གནས་གནད་དོན་ཐག་གཅོད་བྱ་ཐུབ་ཚེ། སྐྱེས་མ་ཚོས་བྱིས་པ་འཚོ་སྐྱོང་གང་ལེགས་གནང་བར་མ་ཟད། བྱིས་པར་སློབ་གསོ་བསྒྲུབ་པའི་བྱ་གཞག་ལ་བླ་ལྷག་གིས་གཙིགས་འཛིན་བྱ་ངེས་རེད་སྙམ།

དེར་བརྟེན་རང་ཅག་གི་སྤྱི་ཚོགས་ཁོར་ཡུག་གི་ཕྱོགས་ཀུན་ནས་འཕོ་འགྱུར་གཏོང་དགོས་ཚེ། ཐོག་མར་བུད་མེད་ལ་སློབ་གསོ་མྱོང་པའི་ལས་སྒོ་ནས་འགོ་རྩོམ་དགོས་པར་ཁོ་བོས་འདོད་དོ།།

ངེད་དྲ་ཚིགས།

One thought on “བུད་མེད་དང་སློབ་གསོ།

  1. སྟག ཕྱི་ལོ། ༢༠༡༤ ཟླ། ༡༠ ཚེས། ༡༤ at ༡༢:༡༧ am

    བུད་མེད་ཀྱི་ཤེས་འཇོན་ནུས་གསུམ་ནི་གཏེར་ཁ་དང་མཚུངས་ལ་དེ་ལ་སུ་ཞིག་གིས་བསྔོག་འདོན་བྱེད་པ་ལ་མཁས་ན་དེ་ལྟ་དེ་ལྟར་འོད་སྣང་གིས་ཁྱབ་པ་སྨོས་མ་དགོས།ཡིན་ཡང་ཁ་སང་དེ་རིང་ད་དུང་བུད་མེད་དང་བུད་མེད་ཀྱི་སློབ་གསོ་གཅིག་ཏུ་མི་བཀུར་བ་དེ་ནི་མི་རིགས་དེ་ཉིད་བླུན་རྨོངས་ཡིན་པའི་རྟགས་མཚན་རེད།དེ་ན་དེ་ལྟ་བུའི་རིགས་ཀྱི་རྩོམ་ཡིག་གང་མང་སྤེལ་རྒྱུ་ནི་མི་རིགས་འདི་ཉིད་ལ་ཤ་ཚ་བའི་རྟགས་ལས་མ་འདས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading