སྤྲེལ་ནག་པ།
ཉེ་ཆར་སྐད་འཕྲིན་གྱི་རླུང་རྟ་ཤིན་ཏུ་དར་བཞིན་པའི་སྒང་འདིར། བོད་པ་ཚང་གི་སྐྱུག་བྲོ་བའི་དོན་དག་ཀྱང་གཅིག་རྗེས་གཉིས་མཐུད་རེད། སྐད་འཕྲིན་གྱི་ཚོགས་པ་མང་པོ་ཞིག་བཙུགས་ནས་དེའི་ནང་དུ་གསར་འགྱུར་ཡིན་ཁུལ་གྱི་ནད་ཡམས་ཀྱི་བརྙན་ཐུང་མང་པོ་ཞིག་བརྒྱུད་བསྐུར་བྱེད་བཞིན་འདུགདེའི་ཁྲོད་དུ་བླ་སྤྲེལ་ཚོས་བྲོ་གར་འཁྲབ་བཞིན་བཙུན་པ་ཚོའི་ཝུ་ཆུང་འཐུང་གིན་འདུག
དེའི་ཁྲོད་དུ་བཟའ་ཚང་གིས་འཁོན་འཛིང་བྱེད་བཞིན་བཟའ་འདྲེ་ཡི་ལོག་གཡེམ།༼འཁྲུག་སྲེད༽སྤྱོད་བཞིན་མཆིས། སྔོན་གྱི་དུས་ནའང་གནས་ཚུལ་དེ་འདྲ་མེད་པ་ནི་མི་སྲིད་མོད། ད་ལྟའི་བརྡ་འཕྲིན་དུས་ཀྱི་མྱུར་སྟོབས་མེད་པས་ཚང་མས་མ་ཤེས་པ་དང་མ་མཐོང་བ། མ་ཚོར་བ་དང་མ་ཐོས་པ་ལས། སྐྱུག་བྲོ་བའི་བྱ་བ་ནི་དུས་ནམ་ཡིན་ཡང་འབྱུང་གིན་ཡོད། སྤྱིར་དོན་དག་ཅི་ཞིག་ཡིན་ཡང་གཅིག་གིས་ཀུན་གྱིས་ཚབ་བྱེད་མི་ཐུབ་རུང་། གཅིག་འབྱུང་བ་ལས་སྣང་ཚུལ་ཞིག་གི་ཚབ་ཏུ་འགྱུར་ངེས། དེ་བས་འདིར་ཟུར་བསྟན་ལེབ་མཐོང་གི་དཔེ་ལྟར་ད་ལོ་སྐད་འཕྲིན་གྱི་སྟེང་གི་ནད་ཡམས་དེ་དག་ངོ་སྤྲོད་རགས་ཙམ་ཞུ།
དང་པོ། བླ་སྤྲུལ་གྱི་ནད་ཡམས།
སྤྱིར་ན་བླ་སྤྲུལ་དག་ནི་བོད་ཀྱི་སྤྱི་ཚོགས་སུ་གོ་གནས་གལ་ཆེན་ཡོད་པ་ནི་ཀུན་གྱི་ཡིད་དབུས་སུ་གསལ་ལེར་ངེས་མོད། འོན་ཀྱང་དེང་གི་དུས་འདིར་བླ་སྤྲེལ་དངོས་མ་དང་རྫུན་མ་དག་གིས་རང་རང་གི་བྱ་སྤྱོད་ལ་མི་འཛེམ་པར། རང་རང་གི་གྲུབ་མཐའ་ནི་མི་སྐྱོང་བར། རང་རང་གི་ཆོས་བརྒྱུད་རྣམས་མི་དྲན་པར། སྦྱིན་བདག་ཕྱུག་པོ་རེ་བཙལ་ནས་སྲིད་པའི་ཕུན་ཚོགས་ལ་རེ་ཞིང་ཆགས་ཀྱིན་འདུག འདིར་མིང་གིས་བོས་ནས་མཛུབ་མོ་འཛུག་ས་ནི་བསོད་རྒྱལ་རིན་པོ་ཆེ་ཡིན། ཁ་དཔེ་ལ་བྱ་ཆེན་ལ་མདའ་དང་བླ་ཆེན་ལ་ཁས་མ་རྒྱག་ཟེར་མོད། གནས་ལུགས་དང་འགལ་ན་ཀུན་གྱིས་ཁས་ལེན་མི་སྲིད། ནོར་ན་དྲིན་ཆེན་ཕ་མ་ཡིན་ཡང་ནོར་ནི་རེད། འགྲིག་ན་དགྲ་ནག་པོ་ཡིན་ཡང་འགྲིག་ནི་རེད། ཉེ་ཆར་སྐད་འཕྲིན་ལས་བརྒྱུད་བསྐུར་གནང་བའི་བརྙན་ཐུང་ཞིག་ལས། ཕྱི་གླིང་གི་བུད་མེད་འགའ་དང་མཉམ་དུ་བསོད་རྒྱལ་རིན་པོ་ཆེ་བྲོ་གར་གྱི་ཞིང་ཁམས་ན་བུད་མེད་ཚོའི་གདོང་གི་འཛུམ་མདངས་དང་བྲང་གི་ནུ་འབུར་ལ་ཅེར་བཞིན་མཉམ་དུ་དུ་བྲོ་གར་ལ་རོལ་བཞིན་འདུག བརྙན་ཐུང་དེ་ཀུན་གྱིས་མཐོང་ཡོད་རྒྱུ་རེད། དེ་ནི་དངོས་ནས་སྐད་འཕྲིན་ཡོད་པའི་ད་སྐབས་མིན་དེ་སྔོན་དུས་མིས་ལབ་པ་ཙམ་ཡིན་ན་ནི་ཡིད་ཆེས་མི་སྲིད་དོ། ། དོན་དེ་བྱུང་བའི་ཕྱི་ཉིན་ནས་བཟུང་ངོ་ཤེས་པ་དག་གིས་བསོད་རྒྱལ་རིན་པོ་ཆེ་ལ་སྡིག་དམོད་དང་ཁ་འཛིང་བྱེད་ཀྱིན་ཡོད་ལ།ངོ་མི་ཤེས་བ་དག་གིས་དེང་གི་བླ་སྤྲུལ་ཚོ་འདི་འདྲ་རེད་ཟེར། གཞན་ཡང་གྲུབ་མཐའི་ཕྱོགས་ཞེན་གྱི་དབང་གིས་དེ་ནི་རྙིང་མ་བ་རེད་ཟེར། ཁ་ཤས་ཀྱིས་དེ་ནི་བླ་མས་དེང་གི་འདུལ་བྱའི་བློ་ངོ་དང་འཚམས་པོར་བྱས་པ་རེད་ཟེར། སྤྱིར་དོན་དག་ད་འདྲ་མང་པོ་ཡོད་ནའང་དེང་སྐབས་བརྡ་འཕྲིན་གྱི་དུས་རབས་ཡིན་སྟབས་ནད་ཡམས་དེ་དྲ་བའི་སྟེང་དུ་བཞག་ཚེ་འགོག་ཐབས་མེད་པའི་ནག་ཉེས་བཟོ་ངེས།
མི་རིགས་གཞན་དང་གཞན་གྱིས་བོད་བརྒྱུད་ནང་བསྟན་གྱི་ནག་ཉེས་ཤིག་དང་བོད་པ་མི་རིགས་ཀྱི་བླ་སྤྲུལ་དག་གི་ཉེས་དམིགས་ལ་བརྕི་ངེས་ཡིན། དེ་དུས་མི་ངན་གཅིག་གིས་མི་བརྒྱ་རླུང་ལ་བསྐུར་ཞེས་པའི་དཔེ་བཞིན་ནོ། མཁས་པ་འཆུག་ན་འདོམ་གང་དང་བླུན་པོ་འཆུག་ན་མཐོ་གང་གི་དཔེ་རུ་འགྲོ་ལ། དེ་དུས་བོད་ཀྱི་བླ་སྤྲུལ་དངོས་མ་དག་གི་མིང་ཡང་ནད་ཡམས་དེ་ཡིས་རྫོད་བཞིན་ཡོད། འདི་དག་མཐོང་རྗེས་དཔལ་དོན་གྲུབ་རྒྱལ་གྱི་༼སྤྲུལ་སྐུ༽བྲིས་པ་ནི་མ་འོངས་ལུང་བསྟན་ཞིག་ཀྱང་རེད་བསམ་བྱུང་།
གཉིས་པ། གྲྭ་བཙུན་གྱི་ནད་ཡམས།
སྤྱིར་སངས་རྒྱས་ཀྱི་བསྟན་པའི་འདུལ་ཁྲིམས་སུ་ཆང་འཐུང་མི་ཆོག་དང་བུད་མེད་བསྟེན་མི་ཆོག་པ་ནི་རྩ་བའི་རྩ་བ་ཡིན་མོད། འོན་ཀྱང་ཉེ་ཆར་གྱི་སྐད་འཕྲིན་ཞིག་ལས་གྲྭ་བ་ཞིག་གིས་ཝུ་ཆང་འཐུང་བཞིན། ལ་རྒྱའི་སྐད་གསེང་མཐོན་པོར་སྒྲོག་ཅིང་ཤེལ་དུམ་མགོ་སྟེང་དུ་བཞག་ནས་དེའི་སྟེང་དུ་ཆང་ཕོར་བཞག་སྟེ་གཞན་ལ་ངོམ་ཆོག་ཆོག་གིས་ཝུ་ཆང་ཧུབ་ཀྱིས་འཐུང་གིན་ཡོད། དེ་ཡང་སྔོན་གྱི་ནད་ཡམས་ཇི་བཞིན་མི་འགྱིང་བར་གཞན་རིགས་ཀྱི་ཁ་ནས་འཕྱ་བྱེད་དང་རང་རིགས་ཀྱི་ཁ་ནས་དམོད་བྱེད་དུ་གྱུར། ཡང་སྐྱེ་བོ་གང་མང་ཞིག་གིས་དེ་གྲྭ་པ་དངོས་མ་མ་རེད་ཟེར་བ་དང་། གཞན་ཡང་དེ་གྲུབ་མཐའ་ག་གེ་མོ་རེད་ཟེར་བ། ད་དུང་དེ་འདྲ་ཡོད་པ་རེད་ཟེར་བ། མང་པོ་ཞིག་མཆིས་མོད། མདོར་བསྡུས་ན་བོད་པའི་གྲྭ་བཙུན་སྤྱིའི་མིང་གིས་འབོད་བཞིན་བོད་བརྒྱུད་ནང་བསྟན་དམིགས་སུ་བཀར་ནས་བོད་པ་ཚང་གི་སྐྱོན་དུ་གྱུར་ཡོད་པ་ནི་གཞན་མི་རིགས་ཀྱིས་འཆད་ཀྱིན་པའི་འཚང་ཞིག་ཡིན་ངེས་སོ།
བརྒྱ་བཤད་ཚིག་གི་རྩ་བ་དང་སྟོང་བསྲུབས་འོ་མའི་མར་ལོ་བོད་ཀྱི་གྲྭ་བ་ཚང་མའི་མིང་དང་དོན་གྲྭ་བཙུན་འདི་གཅིག་པུས་མེད་པར་བཟོས་པ་རེད། གཞན་རིགས་ཀྱིས་དེ་རྫུན་མ་ཡིན་མིན་དང་དེ་རྙིང་མ་བ་ཡིན་མིན་ལ་ཁ་ཡ་བྱེད་མི་སྲིད་དེ་ནད་ཡམས་དེ་དང་བསྟུན་ནས་ནད་ཡམས་དེ་རྒྱ་ཇེ་ཆེ་དང་ཚབ་ཇེ་ཆེ་རུ་གཏོང་ངེས། དེ་བས་མི་ལེགས་པའི་ནད་ཡམས་དེ་ཡིས་བོད་ཀྱི་གྲྭ་བཙུན་གྱི་མཚན་སྙན་ཡོངས་རླུང་ལ་བསྐུར་ངེས་ཡིན། གོང་གསལ་གྱི་དཔེ་མཚན་དེ་གཉིས་ཀྱིས་བོད་བརྒྱུད་ནང་བསྟན་བླ་སྲོག་ཏུ་བཀུར་བཞིན་པའི་བོད་པའི་་སྤྱི་ཚོགས་ཀྱི་ད་ལྟའི་སྣང་ཚུལ་ཞིག་མཚོན་བཞིན་ཡོད་ལ། ལྷག་པར་དུ་བོད་བརྒྱུད་ནང་བསྟན་གྱི་བསྡུས་གཟུགས་ཤིག་ཀྱང་མཚོན་གྱིན་ཡོད། གལ་སྲིད་མེས་པོ་དག་གིས་གོང་གི་བླ་སྤྲུལ་དེའི་བྲོ་ཡི་སྟངས་སྟབས་དང་གྲྭ་བཙུན་དེའི་ཆང་གི་བཟི་སྟོབས་མཐོང་བ་ཡིན་ན་དངོས་ནས་གང་འདྲ་བསམ་མམ། ད་ལྟ་བོད་པ་ཚང་གི་ལས་དབང་ཉག་ཕྲ་བའི་སྐབས་འདིར་བོད་བརྒྱུད་ནང་བསྟན་བརྒྱུད་འཛིན་གྱི་བླ་སྤྲུལ་རྣམས་ཀྱང་དེ་འདྲ་ཡིན་ན་ནི་མིང་ཚོགས་ཡིག་རྨོངས་པ་ཚོ་ལ་ཅི་ཁག དོན་རྐྱེན་དེ་དག་མཐོང་རྗེས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རྗེས་སུ་འཛིན་པའི་བླ་སྤྲུལ་དག་གིས་རང་རང་གི་འགྲོ་འདུག་སྤྱོད་གསུམ་ལ་ཐུགས་གཟབ་བྱེད་རྒྱུ་ནི་ཤུན་ཏུ་གལ་ཆེ་ལ། དུས་སྙེགས་མའི་སྐབས་འདིར་ཡོན་ཏན་ནི་མི་མཐོང་ལ་སྐྱོན་ནི་ཏིལ་འབྲུ་ཙམ་ཡིན་ཡང་འཆོར་ས་མེད་པས། ལྷག་པར་དུ་སྐྱོན་ཐམས་ཅད་སྐད་འཕྲིན་དུ་བརྒྱུད་པར་བྱེད་པ་ནི་རལ་གྲི་གཞན་ལག་ལ་བཞག་ནས་རང་གི་མགོ་བོ་གཅོད་པ་དང་གཉིས་སུ་མ་མཆིས་སོ།
གསུམ་པ། འཁོན་འཛིང་གི་ནད་ཡམས།
ཁྱིམབཟའ་ཚང་འགྲིག་ན་བདེ་སྐྱིད་ཡིན། དེའི་ཞོར་ལ་རང་རིགས་རྒྱན་ཆ་ཡིན་ཞེས་པའི་དཔེ་ལྟར། བོད་པ་ཚང་ལ་གཞན་ལ་ངོམ་ཆོག་པའི་རིག་གནས་ཤིག་ཡོད་པ་ནི་ཀུན་སྤྱོད་ཀྱི་གཞི་མ་ཡིན་ལ། དེ་བས་ཀྱང་བྱམས་པ་དང་སྙིང་རྗེ་ཡིན།ཁ་སང་གི་སྐད་འཕྲིན་བརྙན་ཐུང་ཞིག་ལས་གསར་བུ་ཞིག་གིས་གསར་མོ་ཞིག་ལ་རྡུང་རྡེག་དྲག་པོ་བྱེད་བཞིན་འདུག ཕར་བལྟས་ཚོད་ཀྱིས་སྙིང་ནད་ཆེན་པོ་ལོས་ཡོད་བསམ་པ་ཞིག་འདུག བུ་མོ་དེའི་མགོ་དང་བྲང་ཁ། ཁ་སྣ་དང་སྐྲ། སྒལ་བ་དང་མཁལ་མ། ལག་པ་དང་རྐང་པ། མི་བརྒྱབ་ས་ཞིག་དང་མ་རྡུང་སའི་ས་གཅིག་ཀྱང་མེད། ཕྱི་ལ་བསྐོར་ན་བལ་དཀར་གྱི་ཁ་ཆུ། ནང་ལ་བསྐོར་ན་དུག་ཚེར་གྱི་ལོ་མའི་དཔེ་བཞིན། དོན་དེ་བྱུང་རྗེས་ཡང་བོད་པ་ཚང་གིས་ཐོག་མར་དོན་རྐྱེན་དེ་འདྲ་བྱུང་བའི་ཉེས་དམིགས་དང་དེ་དང་འབྲེལ་ནས་རང་རང་གི་ལྟ་ཚུལ་བརྗོད་ཀྱིན་ཡོད། མི་དེ་གཉིས་གང་གི་ཡིན་མིན་དང་ས་དེ་གང་ཡིན་མིན། དེ་ལས་ང་ཚོས་ཤེས་བ་ནི་དོན་དག་ཆེ་མ་ཆུང་གསུམ་ཅི་ཡིན་ཡང་གཞན་ལ་ཁག་དཀྲི་བའམ་ཡང་ན་ས་ཆ་ཞིག་འཐུས་ཚབ་ཏུ་བཞག་ནས་སྐྱོན་དེའི་ཕྱོགས་ལ་སྐྱོན་འགལ་རྩིས་བྱེད་པ་ནི་བོད་ཆོལ་གསུམ་གྱི་ཐུན་མོང་གི་ནད་ཡམས་ཤིག་རེད།
བུ་མོ་དེས་ཕ་རོལ་བའི་ཕ་བསད་པ་ཡིན་མི་སྲིད་ལ་མ་བསད་པའང་ཡིན་རྒྱུ་མ་རེད། དེ་ན་ནི་ཁོ་གཉིས་ཀྱི་བརྩེ་དུང་གི་ཆེད་དུ་ཡིན་ངེས། དོན་ཅི་ཡང་ཡང་གཅར་རྡུང་བྱས་ནས་ཐག་གཅོད་བྱེད་པ་ནི་ཐབས་ཟད་འུ་ཐུག་གི་བྱ་བ་ཡིན་ལ།ལྷག་པར་དུ་ཉི་མ་དཀར་དཀར་འོག་རྒྱ་སྡེ་བརྒྱ་ཡི་རིག་ས་ནས་དེ་འདྲ་བྱེད་པ་ནི་ཁྱེད་གཉིས་ཁོ་ནའི་ངོ་ཚ་མ་ཡིན་པར། བོད་པ་ཚང་གི་ངོ་ཚ་ཞིག་གོ སྤྱིར་བོད་པ་ཚང་ནི་བྱམས་སྙིང་རྗེ་ཡི་བདག་པོ། ཞི་བདེ་དྲང་བདེན་གྱི་བདག་པོ། སྲོག་ཆགས་གྲོག་མ་ཙམ་ཡང་མི་གསོད་པའི་བྱམས་པ་དང་སྙིང་རྗེ་ལྡན་ཟེར། དེ་ན་བུ་ཆུང་ཁྱོས་བུ་མོ་དེ་གསོད་རྩིས་ཡིན་ནམ། བུད་མེད་དེའི་ཉེས་སྐྱོན་ལ་མནར་གཅོད་བྱེད་རྩིས་ཡིན། ཁྱེད་ཀྱི་རྡུང་རྡེག་གིས་མིས་བཟོས་པའི་ཉེས་སྐྱོན་སེལ་ནུས་སམ། ཡང་ན་ཁྱེད་ཀྱི་ང་རྒྱལ་གྱིས་མི་ལུས་རིན་པོ་ཆེ་ཞིག་འདི་ལྟར་རྡོག་རྫིས་གཏོང་ཐུབ། ཁྱེད་ལ་དེ་འདྲའི་ང་རྒྱལ་ཡོད་ན། ཁྱེད་ནི་དེ་འདྲའི་དཔའ་བོ་ཡིན་ན། དགྲ་བོ་མང་མེད་ན་ཉུང་མེད་ཀི དགྲ་ཕྱོགས་ལ་རྒྱུགས་དང་དེ་དུས་ཁྱེད་ལ་སྙིང་ཡོད་དམ། དེ་དུས་ཁྱེད་ལ་དཔའ་ཡོད་དམ། ཆུང་མ་ཐུབ་ནོ་ཐུབ་མྱིང་མེད། དགྲ་བོ་འདུལ་དང་དཔའ་བོ་ཡིན། རྡོག་རྫིས་ནོར་འཁྲུལ་སེལ་མི་ཐུབ། དེ་ལས་གུ་ཡངས་བཟོད་པ་སྒོམ། བོད་པ་ཚང་གི་མྱིང་མ་རྫོད། ཞོར་ལ་རང་གི་ལག་མ་རྫོད། དེ་ལས་ང་ཚོའི་རྟོགས་ཐུབ་པ་ནི་ཁྱིམ་བཟའ་ཚང་གི་འཁོན་འཛིང་ཙམ་མ་ཡིན་པར། དེང་སང་གི་གསར་བུ་གསར་མོ་དག་གི་ང་རྒྱལ་དང་ཨུ་ཚུགས།ཕྲག་དོག་དང་འཁོན་སེམས་ཀྱི་ནད་ཡམས་ཤིག་གིས་སྤྱི་ཚོགས་འདིར་ཤུགས་རྐྱེན་ངན་པ་ཐེབས་ཀྱིན་པ་མཚོན་ཡོད། དོན་དེ་ལས་གཞན་རིགས་ཀྱི་ཁྱེད་གཉིས་ཁོ་ན་ཙམ་གྱི་སྐྱོན་ལ་ངོས་འཛིན་མི་བྱེད་པར་བོད་པ་ཚང་གི་ཀུན་སྤྱོད་དང་ལྷག་བསམ་ལ་ཐེ་ཚོམ་ཟ་བར་ངེས། དེ་བས་གནས་ཚུལ་དེ་རྣམས་མཐོང་རྗེས་ང་ཚོ་ཀུན་གྱིས་དེའི་ཕྱོགས་ལ་གཟབ་དགོས་པ་དང་དོན་ཅི་སྒྲུབ་ཀྱང་རང་ཉིད་གཅུག་པུས་ཙམ་ལ་འདང་མི་རྒྱག་པར། ཕ་མ་དང་སྤུན་མཆེད། སྤྱི་ཚོགས་དང་མི་རིགས་བཅས་ཀྱི་ཆེད་དུ་ཚེ་སྲོག་བློས་བཏང་ནས་ལས་ཀ་བྱེད་མི་ཐུབ་ཀྱང་གནོད་པ་ཞིག་མི་སྐྱེལ་བ་ནི་ཤིན་ཏུ་ནས་གལ་ལོ།།
བཞི་བ། བཟའ་འདྲེ་ཡི་ནད་ཡམས།
གོང་གི་དཔེ་མཚན་ལྡན་པའི་བརྙན་ཐུང་དེ་དག་ལས་ཚབ་ཆེ་ཤས་ནི་འདི་ཡིན་ལ། སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་ཐེབས་སུ་འཇུག་མཁན་ཀྱང་དེ་ཡིན་ནོ། སྤྱིར་འདོད་ཆགས་ཀྱི་ལོངས་སུ་གྱུར་བ་ནི་འགྲོ་བ་མི་མ་ཟད་སེམས་ཅན་ཀུན་ལ་ཡོད་མོད། འོན་ཀྱང་སེམས་ཅན་ཀུན་དང་དབྱེ་བ་འབྱེད་བྱེད་ཀྱང་འདོད་ཆགས་ཀྱི་ངང་ཚུལ་ཡིན། མི་དང་དུད་འགྲོའི་རྩ་བའི་ཁྱད་ཆོས་ཀྱང་ངོ་ཚ་ལས་འབྱེད།མི་ལ་ངོ་ཚ་མེད་ན་ཁྱི་དང་ཁྱི་ལ་རྔ་མ་མེད་ན་འདྲེ་ཞེས་པའི་དཔེ་བཞིན། བོད་བཙན་པོའི་སྐབས་ནས་བཟུང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བཅོས་བ་ནས་བཟུང་རིམ་གྱིས། བོད་མི་རྣམས་ངོ་ཚ་ཁྲེལ་ཡོད་དང་གཞུང་དྲང་ཡིད་བརྟན། གཞན་ཕན་དང་ལྷག་བསམ་ཆེ་བ་ཞིག་ཡིན་མོད། དེང་སྐབས་རང་གི་སྲོལ་རྒྱུན་བཟང་པོ་བསྐྱུར་ནས་ངོ་ཚ་དོར་ཞིང་ཁྲེལ་མེད་པ། བྱམས་སེམས་མེད་ཅིང་གཞན་ལ་འཚེ་བའི་དོན་སྣ་ཚོགས་འབྱུང་གིན་ཡོད། བརྙན་ཐུང་དེ་དག་བརྙན་ལེན་ནི་གསུར་བུ་དག་ཡིན་ལ། གཙོ་འཁྲབ་པ་ནི་ཕོ་མོ་གཉིས་ཀྱིས་གྲུབ།དངོས་གནས་བོད་པ་ལ་དེང་སང་འཛམ་གླིང་གི་མི་བུ་ཀུན་གྱིས་བརྩི་བཀུར་ཐོབ་ས་དང་མཐོང་ཆེན་བྱེད་ས་ནི་རྒྱུ་འབྲས་བློ་མིག་ལྡན་པའི་རིག་གནས་ཤིག་དང་ཡ་རབས་དྲང་བདེན་ཅན་གྱི་ཀུན་སྤྱོད་དེ་ཡིན།ང་ཚོས་གཞན་རིགས་དང་མ་འདྲ་བའི་རིག་གནས་ཉག་ཕྲ་བ་དེ་དང་གཞན་གྱིས་ཡིད་སྨོན་བྱེད་བཞིན་པའི་ཀུན་སྤྱོད་གཙང་མ་དེ་ཡང་རྡོག་རྗིས་སུ་བཏང་བ་ཡིན་ན། ང་ཚོ་ལ་ཅི་ཡོད། མི་བུ་ལ་ལས་མི་རིགས་ཀྱི་ཆེད་རང་སྲོག་ཀྱང་འདོར་ཐུབ་ལ། མི་བུ་ལ་ལས་རང་རང་གི་སྤུན་མཆེད་དང་མིང་སྲིང་རྣམས་རྩེད་སྤྱད་བྱེད་པ་ལས་གཞན་དོན་ཅི་ཞིག་བསྒྲུབ་པར་ནུས། དངོས་ནས་མི་རིགས་ཞེས་ཁ་ནས་མ་ཎི་ལྟར་བགྲང་མི་དགོས་ལ། མི་རིགས་འདིའི་དོན་དུ་གནོད་ཞིག་མ་བསྐྱལ་བ་ན་ཕན་ཞིག་སྒྲུབ་པའི་ལྷག་ཡིན། ནད་ཡམས་དེས་བཟོས་པའི་མཇུག་འབྲས་ཀྱིས་དངོས་གནས་བློ་ཡིད་ལ་མི་ཤོང་བའི་དོན་རྐྱེན་བཟོ་ངེས། གོ་ཐོས་ཡིན་ན་བརྙན་ཐུང་ནང་གི་བུ་མོ་གཅིག་གིས་རང་སྲོག་བཅད་སོང་ཟེར། བརྙན་ཐུང་དེ་ལས་ང་ཚོ་ལ་གསལ་འདེབས་བྱེད་བཞིན་པ་ནི། རང་ཚུགས་མེད་པའི་མི་རིགས་འདིའི་སྐྱུག་བྲོ་བའི་ཟུར་ཅིག་དང་རིག་གནས་ཀྱི་རྨང་གཞི་མེད་པའི་མང་ཚོགས་ཀྱི་ཡ་ང་བའི་བསམ་བློ།རང་ལས་གཞན་ལ་བསམ་བློ་མི་གཏོང་བའི་སྐྱི་ཡ་བའི་སྒེར་སེམས་སོགས་ཇེ་ཆེ་དང་ཇེ་རྩོག་ཡིན་པ་མཚོན།
གོང་གསལ་གྱི་དཔེ་མཚོན་བཞི་དྲངས་པ་ལས་སྔ་མ་གཉིས་ནི་བོད་པའི་སྤྱི་ཚོགས་ཀྱི་སྲོག་ཤིང་བླ་སྤྲུལ་དང་བཙུན་པ་རྣམས་དང་འབྲེལ་ལ། ཕྱི་ན་གཉིས་ནི་མི་རིགས་སྤྱིའི་ཀུན་སྤྱོད་ཀྱི་གཞི་མ་དང་བོད་པའི་སློབ་གསོ་ལ་འབྲེལ་ཡོད། དེ་ན་ཁ་དཔེ་ལ་རྟ་མང་ས་ན་རྟུ་ལི༼རྟ་ལུད༽འགའ་ཤས་ནི་ཡོད་སྲིད་མོད། འོན་ཀྱང་གཞན་མི་རིགས་ཀྱིས་སྔ་མོ་ནས་རང་རིགས་ལ་ཐུབ་ཚོད་དང་དམའ་འབེབས།བརྙེས་བཅོས་གཉའ་གནོན་བྱེད་བཞིན་པའི་སྐབས་འདིར་རང་གིས་རང་གི་མི་རིགས་དང་ཆོས་ལུགས། ཀུན་སྤྱོད་དང་རིག་གནས་བཅས་ལ་རྡོག་རྗིས་བཏང་བ་ནི་དངོས་ནས་ཡིད་ཕམ་པའི་དོན་ཞིག་ལས་མ་འདས། དེ་བས་རིགས་གཅིག་གི་སྤུན་ཟླ་ཚང་མས་མཐུན་པའི་ལག་རྡང་མཉམ་དུ་སྦྲེལ་བཞིན། རྗེས་ཕྱོགས་རང་མི་རིགས་ཀྱི་ཁེ་ཕན་དང་སྙན་གྲགས་ལ་གནོད་པའི་བརྙན་ཐུང་དེའི་རིགས་དྲ་ཐོག་ཏུ་མི་སྤེལ་བ་དང་དེའི་རིགས་རྩ་ནས་དོར་ཆེད་དུ་མི་བུ་རང་རང་ནས་འགོ་ཚུགས་སྟེ། མི་མང་འཚོགས་སར་ཁ་ལ་བདག་བྱེད་པ་དང་། རང་ཉིད་གཅིག་པུས་སེམས་ལ་བདག་བྱེད་པ། ནམ་བྱ་ཀུན་དུ་ལག་ལ་བདག་བྱེད་པ།ནད་ཡམས་དེའི་རིགས་ཀྱིས་སྒང་བ་བོད་པའི་སྤྱི་ཚོགས་དང་ཕྱི་རབས་ན་གཞོན་རྣམས་ཤུགས་རྐྱེན་ངན་པ་ཞིག་ཐེབས་སུ་མི་འཇུག་པར་ཀུན་གྱིས་ཧུར་བརྩོན་བྱེད་དགོས་སོ།།
༢༠༡༤ ༡༠ ༥ཉིན།
ཡོང་ཁུངས་གཞན།