ཞོགས་འོད།  མཚོ་ལྷོ། 

ང་ཡིས་ཉིན་མཚན་ཀུན་ཏུ།།

ཡུས་ཀྱི་ཁུར་ཚ་བསྣམས་ཏེ།།

སྐས་ཐེམ་ཀུན་ཏུ་བརྒལ་མཐར།།

ཡི་གེའི་ཕོ་བྲང་དམར་པོ།།

མིག་གི་མཐའ་ལ་སོན་ཏེ།།

སྒོ་དང་སྒེའུ་ཁུང་དག་ལ།།

འོད་ཀྱི་ལག་པས་འཁྱུད་སོང་།།

རྒྱ་མཐོངས་ཐད་དུ་བཞེངས་བའི།།

ལྷ་མོ་སྙན་ངག་མཆོད་མས།།

བུ་ཁྱོད་དུབ་པར་འདུག་པས།།

སྙིང་ནས་ངལ་བ་ལོངས་ཞེས།།

ཕྱག་གིས་གཡབ་མོ་བཏང་ཤག།

ཉི་ཟླ་ཕྲག་ཏུ་ཁུར་ཞིང་།།

མཚོ་མོ་མགྲིན་པར་སྐྱིལ་བའི།།

ང་ཡི་ལུས་ཀྱི་གྲིབ་མས།།

སྒྱུ་མའི་མཆོད་རྟེན་བསྐོར་ཏེ།།

སྒྲིབ་པའི་མེ་ཏོག་འདེབ་ཀིན།།

ལུས་ངག་པད་མའི་གདན་ལ།།

སིམ་པའི་ཐིག་ལེ་གཏོར་བཞིན།།

སེང་གེ་མཆོང་བའི་ཟོལ་གྱིས།།

གནས་མཐའ་རྩལ་གྱིས་སྐོར་སྐབས།།

ཐང་སྟོང་འཇག་མ་སྐྱ་བོས།།

སྣང་སྟོང་མགུར་ཞིག་ཞུས་པས།།

མིག་ཆུ་མིག་ཆུས་ཁུར་འདུག།

              ༢༠༡༤། ༠༩ ། ༢༩


ས་སྲོས། 

ཉི་མས་མགོ་དཀྲིས་ཕག་ནས་ཟུར་མིག་གིས།།

རི་སྐེད་བྱེའུ་ཚོགས་ལ་གྱེས་བརྡ་གཏོང་།།

སུག་པས་མེ་ཏོག་གཅོད་པའི་སྒྲ་ཡི་ཁྱད།།

རི་ཤོད་ཆུ་ཕྲན་དག་གིས་རྣ་བར་འཇུད།།

ཡིད་ཀྱི་དར་ལྕེ་རླུང་གིས་བལྡགས་པའི་ཚེ།།

འཚོ་བའི་ཉིན་སྲིབ་བར་ལ་ཁངས་སྐྱ་ལྷུང་།།

སེམས་བྱུང་འགྱུ་བས་གློ་སྙིང་མཆིན་གསུམ་ལ།།

སེན་འཐོག་བྱས་པས་མིག་ཆུ་ས་ལ་ཨག།

སྤྲིན་དཀར་འོ་མའི་ཟོལ་གྱིས་དཀྲུགས་མཁན་དེའི།།

མགྲིན་པའི་སྦུག་ལ་དབྱངས་ཀྱི་ཆང་བསྙལ་རྗེས།།

ས་སྲོས་མགུར་དུ་བཞེངས་ལ་བློ་བདེ་བ།།

རི་ལུང་ཐང་གསུམ་ཀུན་ཏུ་ཉིན་རྒྱུན་ཟློ།།

གྲིབ་སོའི་གོམ་ཁ་ཤུགས་ཀྱིས་བཀྱགས་པ་ན།།

གོང་མོ་གཅིག་རེ་གཉིས་རེ་མཁའ་ལ་ལྡིང་།།

སྦྲ་འདབས་སྐྱ་ཀ་ཁྲ་མོས་གཤོག་སྣེ་ཡིས།།

ཡར་ཀླུངས་གླུ་པའི་ངག་ལ་གཡབ་མོ་བྱེད།།

ཚོར་བ་མེ་ཏོག་གད་པའི་ཟོལ་གྱིས་བསླེབས།།

དྲན་པ་ཆུ་མོ་བྲུག་པའི་ཚུལ་གྱིས་སུ།།

དོན་སྣ་སྣོད་དྲུག་ཆབ་ལ་བྲན་པའི་རྗེས།།

ཕྱི་དང་ནང་ལ་པད་མའི་རི་མོ་བབས།།

རི་རྩེ་མུན་པས་བཏུམ་ལ་ང་ཉིད་འཇིགས།།

སྨག་ཆེན་གཡེར་ངག་ངོམ་ལ་ང་ཉིད་དོགས།།

ང་ཡི་ལུས་ངག་ཚོར་བར་བསྔོས་པའི་རྗེས།།

འཁྲིས་ཀྱི་གློ་ཉེ་དག་གིས་ང་ལ་སྤྱོ།།

                        ༢༠༡༤། ༠༨། ༡༨

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: