ནོ་བྷེལ་གཟེངས་རྟགས་ཚོགས་ཆུང་གིས་འདི་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་པཱ་ཀི་སི་ཐན་གྱི་བུ་མོ་མཱ་ལཱ་ལཱ་དང་རྒྱ་གར་གྱི་བྱིས་པའི་ཐོབ་ཐང་ལས་འགུལ་བ་སྐུ་ཞབས་ཀེ་ལཱ་ཤི་སཱ་ཊིར་ཐི་ལགས་གཉིས་ལ་ཐུན་མོང་དུ་འབུལ་གཏན་འཁེལ་བ་ཁྱབ་བསྒྲགས་བྱས་འདུག

དེ་རིང་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ནོ་བྷེལ་གཟེངས་རྟགས་ཚོགས་ཆུང་གིས། འདི་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་བུད་མེད་ཀྱི་ཤེས་ཡོན་ཐོབ་ཐང་རྩོད་ལེན་པ་པཱ་ཀི་སི་ཐན་གྱི་བུ་མོ་མཱ་ལཱ་ལཱ་(Malala Yousafzai)ལགས་དང་། རྒྱ་གར་གྱི་བྱིས་པའི་ཐོབ་ཐང་ལས་འགུལ་བ་སྐུ་ཞབས་ཀེ་ལཱ་ཤི་སཱ་ཊིར་ཐི་(Kailash Satyarthi)ལགས་གཉིས་ལ་ཐུན་མོང་དུ་འབུལ་གཏན་འཁེལ་ཏེ། འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ནོར་ཝེའི་རྒྱལ་ས་ཨོ་སི་ལོ་རུ་གཟེངས་རྟགས་འབུལ་བའི་མཛད་སྒོ་བསྡུ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་འདུག

ལོ་ན་ ༡༧ ཡིན་པའི་བུ་མོ་མཱ་ལཱ་ལཱ་ནི་པཱ་ཀི་སི་ཐན་ལྷོ་བྱང་ཁུལ་གྱི་མན་གྷོ་ར་ཞེས་པའི་གྲོང་གསེབ་ཅིག་ནས་ཡིན་པ་དང་། ཁོ་མོས་བུད་མེད་ཀྱི་ཤེས་ཡོན་ཐོབ་ཐང་རྩོད་ལེན་བྱས་རྐྱེན། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༩ ཉིན་ཐཱ་ལེ་པན་འཇིགས་སྐུལ་ཚོགས་པས་ཁོ་མོའི་མགོ་ལ་མེ་མདའ་བརྒྱབ་སྟེ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་ཀྱང་། དབྱིན་ལན་དུ་ཛ་དྲག་སྨན་བཅོས་བྱས་ཏེ་དྲག་སྐྱེད་བྱུང་ཡོད་འདུག དེ་སྔོན་ཁོ་མོར་རྒྱལ་སྤྱིའི་བྱིས་པའི་ཞི་བདེའི་གཟེངས་རྟགས་དང་། པཱ་ཀི་སི་ཐན་རྒྱལ་ཡོངས་ན་གཞོན་ཞི་བདེའི་གཟེངས་རྟགས། དེ་བཞིན་ཡུ་རོབ་གྲོས་ཚོགས་ཀྱི་རང་དབང་གཟེངས་རྟགས་(Sakharov Prize)སོགས་ཐོབ་ཡོད་པ་དང་། ༢༠༡༣ ལོར་ཁོ་མོ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིའི་ཁོངས་སུ་ཐོན་པ་དང་། འདི་ལོར་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མི་ ༢༠༠ ལྷག་གི་ནང་ནས་ཁོ་མོར་རྒྱལ་ཁ་ཐོབ་སྟེ། ནོ་བྷེལ་གཟེངས་རྟགས་ཐོབ་མཁན་ལོ་ན་ཆུང་ཤོས་དེ་ཆགས་ཡོད་འདུག

བྱིས་པའི་ཐོབ་ཐང་ལས་འགུལ་བ་སྐུ་ཞབས་ཀེ་ལཱ་ཤི་སཱ་ཊིར་ཊི་ལགས་ནི་རྒྱ་གར་གྱི་མངའ་སྡེ་མཱ་ཌི་ཡཱའི་(Madhya Pradesh)གྲོང་ཁྱེར་ཝི་ཌི་ཤཱ་ནས་ཡིན་པ་དང་། ཕྱི་ལོ་ ༡༩༨༠ ཙམ་ནས་བཟུང་ཁོང་གིས་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་ཏེ། ལོ་ན་མ་སོན་པའི་བྱིས་པ་ཚོ་ལས་ཀར་བཀོལ་ཏེ་ཤེས་ཡོན་སློབ་སྦྱོང་གི་ཐོབ་ཐང་འཕྲོག་པ་སོགས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ། ད་ལྟའི་བར་ཁྱོན་བྱིས་པ་ཁྲི་ ༨ ལྷག་དཀའ་སྡུག་ལས་བསྐྱབས་ཡོད་པ་དང་། ཁོ་བོ་རྒྱ་གར་གྱི་ནོ་བྷེལ་གཟེངས་རྟགས་ཐོབ་མཁན་ ༧ པ་དེ་ཆགས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

ཡོང་ཁུངས་བོད་ཀྱི་དུས་བབ།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading