གཡོག་གླེན་པ།

      སྔོན་གཡོག་པོ་བསམ་བློ་དེ་ཙམ་གཏོང་མི་ཤེས་མཁན་ཞིག་ཡོད་པ་དེ་སྦྱིན་བདག་གི་ནང་དུ་སྐད་བཏང་ནས་དུག་ལོག་ལ་དབུར་ཏི་རྒྱག་སྟངས་བསླབས་རྗེས།དེ་རིང་ཁྱེད་ཀྱིས་འདིར་གཉེར་འཁུམ་ཡོད་པ་ཚང་མར་དབུར་ཏི་རྒྱོབ་ཨ།ཞེས་ལབ་ནས་སྦྱིན་བདག་ཁོང་རང་ཁྲོམ་ལ་ཕྱིན་པ་རེད། དེ་ནས་གང་འཚམས་སོང་རྗེས་སྦྱིན་བདག་ནང་དུ་ལོག་སླེབས་པ་དང་སྦྲགས་གཡོག་པོ་དེས་སྦྱིན་བདག་སར་བཅར་ཏེ།སྦྱིན་བདག་ལགས། ངས་གཉེར་འཁུམ་ཅན་གྱི་དུག་ལོག་ཚང་མར་དབུར་ཏི་བརྒྱབ་ཚར་བ་མ་ཟད་རྨོ་ལགས་ཀྱི་བཞིན་རས་དང་སྐུ་གཟུགས་ལའང་གཉེར་མ་མང་པོ་འདུག་པས་སྦྱིན་བདག་གིས་ད་གིན་གཉེར་འཁུམ་ཅན་ཚང་མར་དབུར་ཏི་རྒྱོབ་གསུངས་པ་ལྟར་ཁོ་བོས་བརྒྱབ་པ་ཡིན།ཞེས་ལབ་པས་སྦྱིན་བདག་དེ་སྐད་ངན་ཤོར་དགོས་བཟོས་པ་རེད།


ང་རང་གི་གདོང་པ།

     རྡོར་གླིང་སྟོབས་རྒྱལ་ཟེར་བའི་མི་རྒྱའུ་ཞིག་ཡོད་པ་རེད། ཁོས་ཟླ་བ་རེ་ལ་ཨ་ར་ཐེངས་རེ་གཞར་གྱི་ཡོད། ཉིན་ཞིག་ཁོ་པ་ཕྱི་ལོག་ལ་སྐྱོད་སྐབས་གཡོག་པོ་ཨ་ནུ་ཟེར་བ་དེ་སྐད་བཏང་ནས།ཨ་ནུ། ཨ་ནུ། ངའི་ཨ་ར་གཞར་རྒྱུའི་ཡབ་ཆས་འདི་ཚོ་ཁྱེད་ཀྱིས་འཁྱེར་ཤོག་ཨ།ལབ་པར་ཨ་ནུས། ལགས་སོ་ཞེས་ལབ་ནས་འཁྱེར་ཡོང་སྐབས་ལམ་བར་ཞིག་ཏུ་ཨ་ནུ་རྐང་པ་ཐོགས་ནས་ས་ལ་འགྱེལ་བ་དང་གདོང་པ་ལྟ་ཡག་གི་ཤེལ་སྒོ་དེ་ཆག་པ་རེད། དེ་སྟོབས་རྒྱལ་གྱིས་མཐོང་སྐབས་ཁོ་རང་ཁོང་ཁྲོ་དང་བཅས་ཏེ། ད་ཁྱེད་ཀྱིས་ང་རང་རང་གི་གདོང་པ་མཐོང་རྒྱུ་ཡོད་པའི་ཤེལ་སྒོ་འདི་བཅགས་པ་རེད། ད་ཁྱེད་ཕྱིན་ཏེ་ཁྲོམ་ནས་ཤེལ་སྒོ་འདི་འདྲ་བ་ཞིག་ཉོས་ཤོག ཅེས་བཤད་ནས་ཚབ་གཅིག་ཉོ་བར་བཏང་། ཆུ་ཚོད་གཉིས་ཙམ་གྱི་རྗེས་ལ་ཨ་ནུ་དབུགས་ཧལ་བཞིན་དུ་ལག་པ་སྟོང་པར་ལོག་ཡོང་བས་སྟོབས་རྒྱལས་གྱིས།ཤོལ་སྒོ་ག་རེ་བྱས་ནས་མ་ཉོས་པ་ཡིན་ནམ།ཞེས་ཁོང་ཁྲོ་ཆེན་པོའི་ངང་ནས་དྲིས་པར་ཨ་ནུས།ངས་ཚོང་ཁང་ཚང་མའི་ནང་ལ་ཕྱིན་ནས་ཤོལ་སྒོ་ཚང་མར་བལྟས་པ་ཡིན། འོན་ཀྱང་ཤེལ་སྒོ་དེ་ཚོ་ཚང་མའི་ནང་ང་རང་རང་གི་གདོང་པ་ལས་སྦྱིན་བདག ཁྱེད་རང་གི་བཞིན་རས་མཐོང་མཁན་ནི་གཅིག་ཀྱང་རག་ཡག་མི་འདུགཞེས་ཞུས་པར་བརྟེན། སྟོབས་རྒྱལ་ཁོ་པར་ལན་རྒྱག་ཡག་མ་རག་པར་ལུས་པ་རེད།

ཡོང་ཁུངས་གཞན།  ཡི་གེ་བ་གྲུ་ལྷོ་སྐལ་བཟང་ཕུན་ཚོགས།

One thought on “གཡོག་གླེན་པ། ང་རང་གི་གདོང་པ།

  1. ཀརྨ་བློ་གསལ། ཕྱི་ལོ། ༢༠༡༤ ཟླ། ༡༠ ཚེས། ༡༡ at ༡༠:༥༥ pm

    མཚར་སྒྲུང་གི་རིགས་འདི་ཤིན་ཏུ་སྙན་པོ་འདུག མ་འོངས་པར་དེབ་བཟོས་ན་རིན་ཐང་ཡོད་ངེས་རེད། ཡིན་ནའི། མིང་ཚིག་ཁ་ཤས་ལོགས་སུ་འགྲེལ་བཤད་བསྐྱོན་དགོས་པ་འདྲ། དཔེར་ན། དུག་ལོག་དང་དབུར་ཏི་ལྟ་བུ་རེད། གཅིག་བྱས་ན་དུག་ལོག་ནི་སྟོད་ལ྄་ཟེར་བའི་སྒྲ་འགྱུར་ཡིན་སྲིད། དབུར་ཏི་ནི་བོད་སྐད་ནང་མིང་ཚིག་གསར་པ་རེད། འགྲེལ་བཤད་ཡོད་ན་ཡག་པོར་མཐོང་།

དཔྱད་མཆན་སྤེལ།

%d bloggers like this: