ཁ་བརྡ་ཆད་པའི་ཞག་མ་ལྔ་བཅུ་ལ་བསྔོས་པ། 

གཅེར་བུ་པ།

ཉི་མའི་ཁ་ངོ་གྲང་བས་འཇམ་ཤ་གཏོད་སོང་།།

ཕྱོགས་འདིར་གྲིབ་ནག་རིག་ན་འཁྱག་སྣང་ཤར་ཡོང་།།

དུས་ཚུད་མགྱོགས་འགྲོས་དྲན་པའི་གཏིང་ནས་བཞུར་དུས།།

སོང་སོང་བསྡད་བསྡད་དག་ལ་བརྩི་རིན་མི་འདུག།

ཕན་ཚུན་ཁ་བརྡ་ཆད་པའི་ཕྱི་མིག་ངོས་སུ།།

སོ་སོའི་སེམས་པ་གཟེར་བའི་ལོ་ཟླ་དེ་ཚོ།།

ཟླ་བ་མཚོ་ལ་ཡོམ་པའི་སྲོད་ཀ་ཞིག་ལ།།

སྐྱོ་གཞས་རིང་མོ་ཞིག་གི་དབྱངས་རྟར་བརྒྱུས་ཡོད།།

ཉི་ཟླའི་འཆར་ནུབ་སེམས་པས་རེས་ཀྱིས་མྱོང་ཞིང་།།

དུངས་བའི་གཏམ་ལ་སྐྱོ་བའི་མཆི་མ་བཀུ་བའི།།

ཕན་ཚུན་ཞེ་ལ་བརྣག་པའི་རེ་བའི་ནམ་མཁའ།།

འདི་ན་དྭངས་ཐབས་མི་འདུག་ཅི་ཞིག་བྱ་དགོས།།

ང་ནི་ལས་འབྲས་བརྩིས་ནས་ཚེ་ཕྱེད་ཡོལ་མཁན།།

ཁྱོད་ནི་དཀོན་ཅོག་བོས་ནས་གྲེ་བ་འཛེར་མཁན།།

ཚེ་འདིར་སུབ་ཏུ་མེད་པའི་ནག་ཉེས་ལྕི་མོ།།

ང་གཉིས་པང་དུ་ལྷུང་འདི་ཅི་ཡིས་ལན་ནམ།།

གཤོག་ཟུང་ཀྲབ་ནས་འཕུར་བའི་ཕྱེ་ལེབ་འདི་ཚོ།།

སྦྲང་ཚང་རྩིབ་ཏུ་རུབ་པའི་སྦྲང་མ་འདི་ཚོ།།

ད་ནི་དགུན་ཁ་ཐོན་པའི་མྱ་ངན་འཁྱེར་ནས།།

བདག་གི་འགྲམ་ནས་ལྡིང་ཞིང་གང་དུ་རྒྱུ་འགྲོ།།

རྩི་ཤིང་དག་གི་མགོ་བོ་རིམ་གྱིས་དུད་སོང་ །།

མེ་ཏོག་དག་ཀྱང་རིམ་གྱིས་རྙིད་པར་གྱུར་སོང་།།

དུས་ཚིགས་འདི་ལ་མཐོང་བའི་བདག་གི་གནམ་ས།།

འུ་གཉིས་ལས་སྐལ་མཚོན་པའི་བརྡ་རུ་གོ་འགྲོ།།

ཞག་ནག་ལྔ་བཅུ་རོ་བཞིན་ཧྲིངས་བའི་ཁ་སང་།།

སེམས་ལ་གདུང་བས་བཏབ་པའི་མདུད་ནག་དགུ་སྦྲེལ།།

ནམ་དུས་ཁ་དོག་ཇི་ཙམ་བརྗེས་ཀྱང་མི་ཞིག།།

ལས་སྐལ་ལས་སྐལ་ཟེར་བའི་སྨྲེ་སྔགས་མི་འཆད།།

ཤག་ཆུང་ཁུད་ཀྱི་འདོད་ཡོན་ལྷག་མ་འདི་ཚོ།།

ཁ་རོག་མི་འདུག་དེང་འདིར་ཚོས་ཁ་ལོག་འགྲོ།།

བདག་གི་རྣམ་ཤེས་འཁྱེར་བའི་མུན་པ་དེ་ཚོ།།

ཁ་རོག་མི་འདུག་དེང་འདིར་ཆོ་ངེ་འདོན་ཡོང་།།

ད་ནི་ང་ཡི་སྨོན་ལམ་རྙིང་ནས་ཟད་སོང་།།

མཐུད་ཐབས་མ་ཡོད་བདག་གི་མགོན་གྱི་ཚོགས་རྣམས།།

རི་སྒང་དེ་ཤེད་ཅིག་གི་དར་ལྕེ་ཨེ་དྲན།།

དར་ལྕེ་རྙིང་རུལ་ཞིག་གི་ཁ་ངོ་ཨེ་དྲན།།

ད་ནི་འདི་ལ་མུན་མཆུ་རུབ་ནས་ཡོང་ཐལ།།

བཤད་རྒྱུ་སྐད་ཆ་དེ་དག་ད་དུང་མ་ཤོད།།

ད་ནི་འདི་རུ་མུན་མཆུ་འཚུབ་ནས་ཡོང་ངོ་།།

སེམས་ཀྱི་དཀར་མེ་ཟད་སོང་ང་རང་མི་མཐོང་།།

༢༠༡༤ ། ༡༠ ། ༠༩ དགོང་མོར་གཅེར་བུ་པ་འབོད་པ་དེས་ཕྱིར་འདང་ཞིག་གི་ངོ་གདོང་མཚོན་བྱེད་ཙམ་དུ་ཡི་གེར་ཕབ་པའོ།

 ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: