བྲག་མགོ་བ་ཆོས་དཔལ་བཟང་པོ།

    དེང་དུས་ནི་ནད་རིགས་བཞི་བརྒྱ་རྩ་བཞིའི་ཁ་ལུད། བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་ཞབས་བརྡོལ་བའི་དུས་ཡིན་པས་ག་ས་གང་དུ་རིམས་ནད་ཀྱི་ཁ་རླངས་འཐུལ་ལ། སུ་དང་གང་ལའང་འགོས་བརྒྱུད་ཀྱི་ཉེན་ཁ་ཆེ་བས།ངས་ཨེ་ཙིའི་ནད་ངན་གྱིས་མཚོན་པའི་རིམས་ནད་ལ་སྔོན་འགོག་བྱེད་པའི་འབོད་སྐུལ་གཏོང་འདོད། ཨེ་ཙིའི་ནད་ལ་མཚོན་ན། འཛམ་གླིང་གི་སྟེང་སྐར་ཆ་བརྒྱད་རེའི་ནང་ཨེ་ཙིའི་ནད་པ་གཅིག་རེ་བྱུང་གིན་ཡོད་ལ། ཀྲུང་གོ་ནི་ད་ལྟ་འཛམ་གླིང་སྟེང་ཨེ་ཙིའི་ནད་པ་ཆེས་མང་བའི་རྒྱལ་ཁབ་ཀྱི་གྲས་་ཤིག་ཡིན་ཞིང༌།  ཉིན་རེར་མི་༡༩༠ཙམ་ལ་ནད་ངན་དེ་གསར་གྱིས་འགོས་བརྒྱུད་བྱེད་ཀྱིན་ཡོད། ནད་པ་བརྒྱ་ཆ་༤༩དང་གྲངས་ཆུང་དྲུག་ནི་འཁྲིག་སྦྱོར་བྱས་པས་འགོས་བརྒྱུད་བྱས་པ་ཡིན་ཞིང༌། ནད་པ་བརྒྱ་ཆ་༤༨དང་གྲངས་ཆུང་གསུམ་ནི་ཐུན་མོང་གི་དུག་རྒྱག་ཁབ་མིག་སྤྱོད་པ་དང་གཞན་པའི་ནད་པ་དག་ནི་སྨན་ཁང་ལས་ཁྲག་རིགས་འཐེན་འཇུག་གི་བྱ་བ་བྱས་པ་སོགས་ལས་འགོས་པ་་རེད་ཟེར། སྤྱིར་ནད་ངན་དེ་གཙོ་བོ་གོང་གི་བརྒྱུད་ལམ་དག་ལས་ཁྱབ་བརྒྱུད་བྱས་པ་ཡིན་ལ། དུས་རྒྱུན་ཨེ་ཙི་ནད་པ་དང་མཉམ་དུ་ཟ་མ་ཟོས་པ་དང་ལག་འཇུ་བྱས་པ་སོགས་ཀྱིས་ཁྱབ་བརྒྱུད་བྱེད་ མི་ཐུབ་རུང༌། སྨན་པ་ལ་ལས་ཟེར་ན་རྣ་བ་ཕིགས་མ་ཐག་པའི་མི་གཉིས་ལས་གཅིག་ལ་ཨེ་ཙིའི་ནད་ངན་ཡོད་ན་ཁོང་གཉིས་ཀྱི་རྣ་ལོང་བརྗེ་རེས་བྱས་ཚེ་འགོས་བརྒྱུད་བྱེད་ཐུབ་པར་བཤད། གལ་ཏེ་མི་ཞིག་ལ་ནད་ངན་དེ་འགོས་བརྒྱུད་བྱས་པ་ཡིན་ན་ལོ་ངོ་བརྒྱད་ནས་བཅུ་སོང་བའི་རྗེས་སུ་ནད་རྟགས་མངོན་པ་ཡིན་ཞིང་ནད་རྟགས་མངོན་རྗེས་ནི་སྨན་བཅོས་ཀྱི་དུས་ལས་བརྒལ་ཟིན་པས་ལོ་ངོ་གཉིས་ནས་བཅུ་ཡི་ནང་དུ་ཅི་འདྲའི་སྨན་དཔྱད་ལེགས་པོ་ཞིག་བྱས་ཀྱང་ཚེ་སྲོག་འཆོར་ངེས་ཅན་རེད་ཟེར།སྤྱིར་ཨེ་ཙིའི་ནད་འདི་རིམས་ནད་ཀུན་འདུས་ཀྱི་ནད་ཞིག་ཡིན་པས་མི་སོ་སོའི་ནད་རྟགས་མི་འདྲ་ལ།ལ་ལ་ཞིག་དང་པོ་གློ་གཅུང་ལྟ་བུ་ཡིན་ལ།ལ་ལ་ཞིག་ཆམས་པ་ལྟ་བུའང་ཡིན་པར་བཤད།གང་ལྟར་ཆེས་མཐར་ཐུག་གི་ནད་རྟགས་ནི་མིག་གི་དབང་པོ་ཉམས་པ་དང༌། ལུས་རིད་པོར་གྱུར།པགས་སྐྱི་མ་ལུས་ཆུ་ཐོར་གྱིས་བཟུང༌། ལྕེ་དང་མཚན་མ་སོགས་རིམ་གྱིས་རྣགས་ཀྱིས་ཟོས་ནས་ཤི་འགྲོ་བ་ཞིག་ཡིན་བར་བཤད།དེང་སང་ཀྲུང་གོའི་ཧྲན་ཞི་དང་ཨན་ཧེ།ཧི་ནན་སོགས་སུ་ཨེ་ཙིའི་སྡེ་བ་ཡོད་ལ། ང་ཚོ་བོད་ཀྱི་ས་ཆ་སྟེ་ཁམས་ཀྱི་འདབ་པ་རྫོང་སོགས་ས་ཆ་མང་པོ་ཞིག་ཏུ་ཨེ་ཙིའི་ནད་པ་ཡོད།དེ་དག་ནི་མངལ་འགོག་དང་རྒྱུ་ལྷག་བཤའ་བཅོས་བྱེད་སྐབས། གཞན་པའི་བཤའ་བཅོས་ཀྱི་གྲ་སྒྲིག་བྱེད་སྐབས་སོགས་སུ་སྟེས་དབང་གིས་ཤེས་རྟོགས་བྱུང་བ་ཡིན་གྱི།ཆེད་དུ་བརྟག་དཔྱད་བྱེད་དུ་སོང་བ་མ་ཡིན་ཟེར། སྨན་པས་བཤད་ན་བོད་མི་ནི་ཆོས་ལ་དད་པས་དུག་རྒྱག་ཁབ་ མིག་སྤྱོད་མཁན་ཧ་ཅང་ཉུང༌།ཁྱབ་བརྒྱུད་བྱེད་ལམ་གཙོ་བོ་ནི་ཕོ་མོའི་བར་གྱི་འབྲེལ་བ་ཡིན་ཞིང༌།ལྷག་པར་ཏུ་རྒྱ་ཡུལ་དུ་སོང་ནས་ཚོང་རྒྱག་མཁན་དང་བོད་ཡུལ་དུ་ཡུལ་སྐོར་བྱེད་མཁན་ལུས་སྨད་ཉོ་འཚོང་བྱེད་མཁན་དང་ཞོར་ལས་སྒྲུབ་མཁན་སོགས་རེད་ཟེར། གཞན་དེང་སང་ཨེ་ཙིའི་ནད་པ་ཡོད་ས་ལ་ཁམས་ཕྱོགས་ཙམ་མ་ཡིན་པར་ཨ་མདོ་མཚོ་སྔོ་ན་དང༌། རྔ་བ་ཁུལ་སོགས་སུའང་ཡོད་པ་མ་ཚད་ཉེ་ཆར་དྲ་ངོས་ནས་ཤེས་གསལ་ལྟར་ན་ད་ལྟ་བོད་ལྗོངས་རྐྱང་བ་ན་ཨེ་ཙིའི་ནད་པ་བཞི་བཅུ་ཙམ་ཡོད་ཅེས་ཐོས་བྱུང༌། མི་འགའ་ཤས་ཀྱིས་བཤད་ན།དོན་དངོས་སུ་དེ་ལས་ལྡབ་འགྱུར་གྱིས་མང་བ་རེད་ཅེས་བརྗོད་ཀྱིན་འདུག གང་ལྟར་སྔོན་ཆད་ཞིག་ལ་གཅིག་ཡོད་ཀྱང་ཆོག བཅུ་ཡོད་ཀྱང་རུང༌།ཨེ་ཙི་ནི་འདི་ལྟར་ཁེར་བརྩི་ཐུབ་པ་ཞིག་གཏན་ནས་མིན་ཏེ། དཔེར་ན་ཁམས་འདབ་པ་རྫོང་གི་བུད་མེད་ཞིག་ལ་ནད་ངན་དེ་འགོས་ཡོད་ཅིང༌།མོས་བཤད་ན་མོར་ནད་ངན་དེ་ཡོད་པ་གོ་རྗེས་ལུས་འབྲེལ་བྱུང་བའི་སྐྱེས་པ་ལྔ་བཅུ་ང་བཞི་ཡོད་ཟེར། དེ་ནས་སྲིད་གཞུང་གིས་ཆེད་དུ་རྩད་ཆོད་བྱས་ཚེ་མི་བཞི་རྙེད་ཀྱང་། གཞན་པ་གཅིག་ཀྱང་མ་རྙེད་པ་རེད།ད་གྲོགས་པོ་ཚོས་ཞིབ་རྩིས་ཤིག་རྒྱོབ་དང༌། གཞན་པའི་མི་ལྔ་བཅུ་བོར་རང་རང་གི་ཆུང་མ་ཡོད་སྲིད་ལ། འདི་ལྟར་འཕྱོན་མ་འཚོལ་མཁན་གྱི་སྐྱེས་པ་ཞིག་ཡིན་ན་ད་དུང་གཞན་པའི་བུད་མེད་ཡང་མེད་པའི་ངེས་པ་མེད། འདི་ལྟ་བུའི་སྐྱེས་པ་གློ་མེད་ཅིག་ཡོད་ན་ཁོས་ཆུང་མས་ཀྱང་མི་གཞན་པ་ཞིག་མི་འཚོལ་བའི་ངེས་པ་ག་ལ་ཡོད།དེ་ལྟར་བརྩིས་ཡོང་ན་ང་ཚོས་གྲངས་ཀ་དེ་ལྡབ་ལྔ་འམ་བཅུ་ཡིས་བསྒྱུར་དགོས་ཀྱི་ཁེར་བརྩི་ཐུབ་པ་ཞིག་ གཏན་ནས་མ་རེད།འདི་ནི་ཅི་འདྲའི་སྙིང་ལ་གཟན་པའི་ཉེན་བརྡ་ཞིག་རེད་ཨང༌། གལ་ཏེ་འཚོ་བའི་ཆ་རྐྱེན་ཞན་ལ་སྨན་དཔྱད་ཀྱི་ཆུ་ཚད་དང་སྔོན་འགོག་གི་འདུ་ཤེས་ཞན་པའི་བོད་ཁུལ་ག་གེ་མོ་ཞིག་ལ་ནད་ངན་དེ་ཁྱབ་བརྒྱུད་བྱུང་བ་ཡིན་ན་ཅི་འདྲའི་འཇིགས་ཡེར་བའི་དོན་དག་ཞིག་རེད་ཨང༌། སྔར་ངས་ངའི་ཕ་ཡུལ་གྱི་འབྲོག་མོ་ཞིག་ལ་འུ་གཉིས་ཀྱི་བདེ་ཐང་གི་ཆེད་དུ་ངས་བདེ་སྲུང་ཆུ་ལྭ་གྱོན་རྒྱུ་ཡིན་ཞེས་བཤད་ཚེ།མོས་ཁྱེད་ལ་དེ་འདྲའི་བཙོག་སྣང་ཞིག་ཡོད་ན་ང་དང་མཉམ་དུ་ཉལ་དགོས་དོན་ག་ལ་ཡོད་ཟེར་ནས་ཚིགས་པ་ཟ་སོང༌།  འདི་ལྟར་རང་ལུས་བདག་སྲུང་གི་འདུ་ཤེས་མེད་ལ།  གཞན་གྱི་བདེ་ཐང་ལའང་བསམ་བློ་གཏོང་མི་ཤེས་པའི་བོད་རིགས་ཀྱིས་ནི་བརྒྱ་ཆ་བདུན་ཅུ་ཙམ་ཟིན་ཡོད་ཅེས་བཤད་ཀྱང་ཅུང་ཙམ་ཡང་ཐལ་ཆེ་བ་མེད། འདི་ནི་ང་ཚོའི་སྐྱོན་ཆ་ཆེས་ཆེན་པོ་ཞིག་རེད།གྲོགས་མཆོག་ཚོ།དེང་སང་བོད་རིགས་ཀྱི་གསར་བུ་དང་གསར་མོ་མང་པོ་ཞིག་གིས་རབ་ལ་རིག་གནས་ཀྱི་ཉིང་བཅུད་མི་ལེན།འབྲིང་ལ་ཞིང་ཕྱུགས་ཀྱི་ལས་ཀ་མི་གཉེར། ཐ་མའི་རྒྱ་གྲོང་གི་སྲིང་ལམ་མྱུལ་ནས་ཉིན་མོ་རྐུན་ཇག་དང་ནག་ཚོང་བྱས། དགོང་མོར་ཤོ་རྒྱན་དང་གླ་མོར་ རྩེན་གྱིན་པའི་སྣང་ཚུལ་མང་པོ་མཐོང་རྒྱུ་འདུག་པས།ངས་བལྟས་ན་དེ་ནི་ཉེན་ཁ་ཤིན་ཏུ་ཆེན་པོ་ཞིག་རེད། དེས་ན་ང་ཚོའི་མཐོ་བ་ཁྲི་ཐོག་ན་ཡོད་པའི་བླ་མ་དང་དཔོན་པོ་མན་ཆད།  དམའ་བ་ཞིང་འབྲོག་ན་ཡོད་པའི་རྒད་པོ་དང་རྒན་མོ་ཡན་ཆད།ཚང་མས་འདིའི་སྐོར་གྱི་ཤེས་བྱར་སློབ་སྦྱོང་དང་འདིའི་སྐོར་གྱི་གནས་ཚུལ་ཁྱབ་སྒྲོག་བྱེད་པའང་མི་རིགས་དང་རྒྱལ་ཁབ་ལ་བསམ་པའི་བྱ་བ་གལ་ཆེན་ཞིག་ཡིན་པར་སྙམ་པས་ཀུན་པོའི་ཐུགས་འདང་ཞིབ་མོ་རེ་བརྒྱབ་ནས་དེའི་སྔོན་འགོག་གི་ཐད་ལ་ལྷག་བསམ་རྣམ་དག་གིས་རྩོལ་བ་རེ་ཐོན་དང༌།  ཨེ་ཙིའི་ནད་འདི་སྨན་བཅོས་བྱེད་ཐབས་མེད་པ་ཞིག་ཡིན་རུང༌། སྔོན་འགོག་རྩ་བ་ནས་མི་ཐུབ་པ་ཞིག་གཏན་ནས་མིན་ཏེ། གཅིག་ནས་རང་ལུས་ལ་བདག་སྲུང་བྱེད་དགོས།དེར་མི་ཅི་མ་གང་ཡིན་དང་ལུས་འབྲེལ་བྱེད་པ་མཚམས་འཇོག་དགོས། ལུས་འབྲེལ་བྱེད་སྐབས་བདེ་སྲུང་ཆུ་ལྭ་བེད་སྤྱོད་བྱེད་དགོས།  དྲ་ངོས་ནས་ཤེས་གསལ་ལྟར་ན་ཐའེ་་ལན་དི་རྒྱལ་ཁབ་ཀྱིས་ཁྱོན་ཡོངས་ནས་བདེ་སྲུང་ཆུ་ལྭ་བེད་སྤྱོད་་་བྱེད་པ་རྒྱ་ཁྱབ་ཏུ་བཏང་བས་ཨེ་ཙིའི་ནད་པ་མངོན་གསལ་གྱིས་ཇེ་ཉུང་དུ་ཐོངས་ཡོད་ཟེར། གཉིས་ནས།མི་གཞན་གྱི་ཟུང་ཁྲག་དང་གཡོལ་དགོས། ཚད་ལྡན་མིན་པའི་སྨན་ཁང་ནས་ཁྲག་ཉོ་བའམ་ཁྲག་སྟེར་བའི་ལས་བྱེད་མི་རུང༌། གསུམ་ནས།ཁྲག་རིགས་འཐེན་འཇུག་གི་ལས་དང་གཡོལ་ཅི་ཐུབ་བྱེད་དགོས། རྨས་མ་སོགས་དང་འབྲེལ་འདྲིས་བྱེད་སྐབས་གཟབ་ནན་བྱེད་དགོས།བཞི་ནས།ཨེ་ཙིའི་ནད་པ་དང་འབྲེལ་འདྲེས་བྱེད་སྐབས་ཁོང་ཚོར་མཐོང་ཆུང་བྱེད་མི་རུང་ཀྱང༌།ངེས་པར་དུ་རང་ལུས་ཀྱི་བྱ་སྤྱོད་ལ་དོགས་ཟོན་བྱེད་དགོས།

རྩོམ་འགན་འཁུར་མཁན་སྨིན་དབུས་པོ།

ཡོང་ཁུངས་བོད་ནང་གི་དྲ་བ།

དཔྱད་མཆན་སྤེལ།

%d bloggers like this: