ང་ཡི་སེམས་འདི་ཁྱོད་ལ་རྗེན་པར་སྟོན།

            རྒུ་རུ་བ་རྡོ།

ཁ་སང་ང་ནི་དབུས་གཙང་ཡུལ་ནས་ཆས། །

ལྕགས་ཀྱི་སྒམ་ཆུང་ཞིག་གིས་དྲུད་དེ་ཡོང་། །

སྐད་རིགས་འདྲ་མིན་རྣ་བས་ཉན་གྱིན་ཡོང། །

དབུས་ཀྱི་ཁ་དོག་སེམས་ལ་དྲན་གྱིན་ཡོང་། །

སྟོད་ལུང་སྡེ་ཆེན་བྱང་གི་འདམ་ར་དང་། །

གཉན་ཆེན་ཐང་ལྷ་བསམ་གཏན་གངས་བཟང་དང་། །

གདང་ལ་ཆེ་ཆུང་ཨ་ཆེན་གངས་རྒྱབ་སོགས། །

མིག་གིས་ཉུལ་ཅིང་སེམས་ཀྱིས་སྣོམ་གྱིན་ཡོང་། །

དབུས་ཀྱི་ཁ་དོག་སྐྱ་བོར་འགྱུར་གྱིན་འདུག །

ལྕགས་ཀྱི་སྒམ་གྱི་བསྟན་པ་དར་གྱིན་འདུག །

སྐད་རིགས་མང་པོས་ཟིན་ཚད་བཟའ་བཞིན་འདུག །

འགྲུལ་པ་མང་པོས་མཐོང་ཚད་འཁྱེར་གྱིན་འདུག །

གང་ལྟར་ང་ནི་དབུས་ནས་ལམ་ལ་ཆས། །

སྙིང་ལ་རུས་པ་ཅན་དག་དྲན་ནས་ཡོང་། །

ལག་པར་སེར་ག་ཅན་དག་དྲན་ནས་ཡོང་། །

སེམས་ན་རྨི་ལམ་ཅན་རྣམས་དྲན་གྱིན་ཡོང་། །

དོ་ནུབ་ང་ནི་ཨ་མདོའི་ཡུལ་ན་ཡོད། །

སྟོད་ན་ཨ་ཆེན་སྒང་དྲུག་འགྱིངས་སར་ཡོད། །

སྨད་ན་བྱེ་མ་རི་དྲུག་བརྗིད་སར་ཡོད། །

དྲང་མོར་བཤད་ཡ་གོར་མོ་ན་ན་ཡོད། །༼ན་གོར་མོ༽

འདི་ནི་བོད་ཀྱི་ས་ཞིག་ཡིན་ནོ་ཞེས། །

ལོ་རྒྱུས་མཉམ་ཞིབ་པ་ཡིས་བརྒྱ་རེ་བཤད། །

ཏི་སེའི་མན་དང་རྨེ་རུའི་ཡན་ཆད་ན། །

བོད་ཀྱི་མིན་པའི་ས་ཞིག་མེད་དོ་ཟེར། །

འདི་ནི་བོད་ཀྱི་མིང་ཞིག་རེད་འདུག་ཅེས། །

བརྡ་ཆད་སྔོག་འདོན་མཁན་གྱིས་སྟོང་རེ་བཤད། །

སྔོན་མོ་སྤང་དང་གོར་མོ་ན་ཡི་བརྡ། །

ང་ཚོ་བོད་ལ་མ་གཏོགས་མེད་དོ་ཟེར། །

འདི་ནི་སེར་པོ་ཧོར་གྱི་ཡུལ་རེད་ཅེས། །

གེ་སར་སྒྲུང་པ་འགའ་རེས་ཐག་གིས་བཅད། །

ཨ་ཆེན་རི་དྲུག་བྱེ་མ་སྒང་དྲུག་འདི། །

སེར་པོ་ཧོར་ལ་མ་གཏོགས་མེད་དོ་ཟེར། །

གང་ལྟར་ད་ལྟའི་གོར་མོ་ན་འདི་ན།

བོད་མི་བྱི་ལོང་ཙམ་ཞིག་མཐོང་རྒྱུ་དཀོན། །

བོད་སྐད་ནེ་ལེའི་སྒྲ་ཙམ་ཐོས་རྒྱུ་དཀོན ། །

བོད་ཡིག་ནས་རྡོག་ཙམ་ཞིག་རིག་རྒྱུ་དཀོན། །

མེས་པོ་ཨུ་ཚུགས་ཅན་རྣམས་དྲན་གྱིན་བསྡད། །

རྟ་དམག་སྟོང་གི་རྨིག་བྲོར་ལྟ་བཞིན་བསྡད། །

འཁོར་གསུམ་འཐབ་པའི་ཁྲོག་སྒྲ་ཉན་གྱིན་བསྡད། །

འཛུམ་མདངས་ལྷུག་ལྷུག་དགོད་པ་ལྷག་ཏུ་དྲན། །

སང་ཉིན་ང་ཚོར་སུ་ཡིས་ཅི་ཞིག་བྱེད། །

ཇི་ལྟར་བྱེད་ཅིང་ཅི་ལ་བྱེད་ལ་སོགས། །

འདང་རེ་བརྒྱབ་ན་སྔངས་སྐྲག་ཁྲི་མ་འབུམ། །

ང་ལ་སྐྱེས་ཤིང་ང་ལ་ཡང་ཡང་བསྐོར། །

སང་ཉིན་ང་ཚོས་ཅི་ཞིག་བྱ་དགོས་དང་། །

ཇི་ལྟར་བྱེད་ཅིང་ཅི་ལ་བྱ་ལ་སོགས། །

འདང་རེ་བརྒྱབ་ན་རེ་བ་ཁྲི་མ་འབུམ། །

ང་ལ་ཡོད་ཅིང་ང་རང་ཡང་ཡང་སྤུར། །

ང་ཡི་ཁ་སང་ང་ཡི་དེ་རིང་འདི། །

འུ་ཀོའི་*ཁ་སང་འུ་ཀོའི་དེ་རིང་ཡིན། །

ང་ལ་མ་འཕྱ་ང་ལ་མ་དམོད་དང་། །

ང་ཡི་སེམས་འདི་ཁྱོད་ལ་རྗེན་པར་སྟོན། །

༢༠༡༤/༡༠/༡༣/ལ་རྡོ་ཁང་གྲུ་བཞི་རུ།

* ཨ་མདོའི་ཡུལ་སྐད་དེ་འུ་ཚང་གི་དོན།

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s