སེང་རྡོར།

ནགས་སིལ་ཏོག་གི་མགོ་ལྕོག་གཡོ་ཞིང་།།

རྩྭ་མེ་ཏོག་གི་ངམ་ཁ་འཕྱུར་བའི།།

གནས་གུ་ཡངས་དེ་ས་མཐའི་ས་མཐའ།།

དབེན་ལྷོ་བྲག་གི་སློབ་དཔོན་དྲན་ནོ།།

 

ཤིང་བེར་དཀར་གྱི་དབྱུག་པ་ལྕིག་རྒྱུན།།

སྐྲ་སྔོ་དཀར་གྱི་ལྕང་ལོ་ཉིལ་རྒྱུན།།

རི་ཟུར་གསུམ་གྱི་རྩེ་ཁ་འདེད་པའི།།

ལུས་ཚེ་གཅིག་གི་སྤྲང་བོ་དྲན་ནོ།།

 

རྩལ་ཐོགས་མེད་ཀྱི་རླུང་བུ་ཤིག་ཤིག།

གཞི་འཛིན་མེད་ཀྱི་ཆར་བ་ཤག་ཤག།

འོད་ཉག་མ་དང་ཉག་མ་འཐབ་པའི།།

ཞེ་ཕུ་བཅད་ཀྱི་རྣལ་འབྱོར་དྲན་ནོ།།

 

ལྗགས་མགུར་དབྱངས་ཀྱི་ཁ་བ་མར་འབབ།།

ཡིད་དབྱངས་རིག་གི་བྱེའུ་ཁྱུ་ཡར་འཕུར།།

སྙིམ་ཕྱག་བར་གྱི་དྲོད་ཐིག་ཚ་བའི།།

ཞིང་མཐའ་འཁོབ་ཀྱི་སྒོམ་ཆེན་དྲན་ནོ།།

 

འཁྱགས་གྲང་ངར་གྱི་རྟ་རྒོད་འཛིན་ནི།།

བཀྲེན་ཡི་དྭགས་ཀྱི་གནས་བབ་བསྲོན་ནི།།

བླའི་ཡང་རུམ་ན་འགྲེ་ལྡོག་བྱེད་པའི།།

དོན་ཉམས་ལེན་གྱི་བདག་པོ་དྲན་ནོ།།

 

རས་ཁེར་རྐྱང་གིས་མདའ་གྲི་ཁོག་འདུག།

ཟས་ཆུ་རྐྱང་གིས་རྣམ་ཤེས་སོས་འདུག།

སྙིང་ཡ་ཆུང་ན་ཟླ་བ་ཚེས་པའི།།

བློ་རྣམ་དཔྱོད་ཀྱི་སྨྱོན་པ་དྲན་ནོ།།

 

ཤྭ་རྭ་རིང་གི་མི་སྐད་དག་གི།

ཁྱི་དང་དཀར་གྱི་རྩེད་བྲོ་ཡག་གི།

སྐུ་ཀུན་རྫོབ་ཀྱི་གར་ལ་རོལ་བའི།།

རྐང་ཤ་རྗེན་གྱི་ཆོས་པ་དྲན་ནོ།།

 

ལྷ་སྟོན་པ་ཡི་ཆོས་ཚུལ་དེ་དང་།།

གཏམ་བདེན་པ་ཡི་གནས་ཚུལ་དེ་གཉིས།།

སེམས་ཡོལ་གོ་རུ་མེར་གྱིས་འཁྱིལ་བའི།།

གངས་ཉི་ཤར་གྱི་བླ་མ་དྲན་ནོ།།

 

བྱང་ས་ཆེན་གྱི་སངས་རྒྱས་རློན་པ།།

བདག་མི་བུ་དེས་མུན་པའི་དོང་ནས།།

ཁོང་ཤུགས་དྲག་གི་ཤུགས་དང་བཅས་ཏེ།།

མགུར་འདི་འདྲ་ཞིག་འདི་ལྟར་བཞེངས་སོ།།

༢༠༠༥ ༡༡ ༡༩

དཔྱད་མཆན་སྤེལ།

%d bloggers like this: