གཟུངས་ཕྱུག་སྐྱིད།
མཐོ་བ་ནམ་མཁའི་དབྱིངས་ལ་སྐས་ཤིག་བཙུགས།།
སྐས་རྐང་རེ་རེ་དུངས་པའི་དབྱངས་ལ་བསྲིངས།།
དབྱངས་ཀྱི་བླ་སྲོག་སླར་ཡང་རང་ལ་བསྲེས།།
རང་གི་ལུས་ཟུངས་མུན་པའི་ཁྱོན་ལ་བཏབ།།
འདི་ལྟར་རྨི་ལམ་བྱུང་བའི་སྣང་བ་བཙལ།།
འདི་ལྟར་འཚོ་བ་སྦྲུམ་པའི་ཁ་དོག་བཙལ།།
འདི་ལྟར་ཚེ་སྲོག་གསོ་བའི་མཛེས་པ་བཙལ།།
འདི་ལྟར་མཛའ་བརྩེ་རྟོགས་པའི་ཕུགས་བསམ་བཙལ།།
ཉི་ཤར་འཛུམ་པའི་ཀློང་ནས་དྲོད་སྣང་བཙལ།།
ས་སྲོད་གྲིབ་ཆེན་ངོགས་སུ་རྐང་རྗེས་བཙལ།།
ཆུ་བོའི་ཀློང་ནས་ཉམས་མེད་རོལ་དབྱངས་བཙལ།།
རི་བོའི་རྩེ་ནས་གནམ་སའི་བར་ཐག་བཙལ།།
རྟ་མཆོག་བང་གིས་རྒྱུག་པའི་ཤུལ་ལམ་ནས།།
དཔའ་བོའི་གད་རྒྱངས་སྙིང་གི་ལྟེབ་ལ་བླངས།།
འགག་འཕྲང་འཇིགས་རུང་ལམ་གྱི་བཞི་མདོ་ནས།།
ཐང་དཀར་མཁའ་ལ་ལྡིང་བའི་གཤོག་འགྱུར་བཙལ།།
མུན་པས་ས་ཆེན་གཡོགས་པའི་མཚན་གཞུང་ནས།།
གཤིས་པ་དབྱངས་ལ་འཐིམ་པའི་མིག་ཟུང་བཙལ།།
དེང་གི་གློག་རླབས་འོད་ཀྱི་གཞལ་ཡས་ནས།།
ཚ་དྲོད་འཇགས་མེད་སྙིང་གི་འཕར་རྩ་བཙལ།།
གང་དུ་བཙལ་ཀྱང་ཅི་ཡང་མ་རྙེད་པས།།
སྣང་བ་རླུང་ལ་བཅོལ་བའི་གླུ་ཞིག་བླངས།།
གླུ་ཡི་དབྱངས་འགྲོས་འཁོར་བའི་ཐང་ལ་སྟོར།།
དེ་ཡི་ཚིག་འགྲོས་སྟོང་བའི་དབྱིངས་ལ་བསྐུར།།
ཚིག་གི་ཞགས་སྣེ་སྣ་ཚོགས་ལས་ལ་གཏད།།
སེམས་ཀྱི་ཉམས་སྣང་འདོད་པའི་ཁམས་ལས་བཞེངས།།
ངེས་པ་ཚིག་གི་འགྲོས་ལས་དོན་ཞིག་བཙལ།།
མ་ངེས་ལྐོག་གྱུར་བར་ནས་ཚད་ཅིག་བླངས།།
འདི་ལྟར་རྒྱུག་ཅིང་འདུར་བའི་འཇིག་རྟེན་ནས།།
བདག་ལ་ངེས་ཤེས་གསལ་བོའི་བརྡ་ཞིག་འབྱོར།།
སྟོང་བ་བེམ་གཟུགས་ཤིག་གི་མཛེས་པ་མཐོང་།།
སྣང་བ་བྲག་ཆ་ལྡིར་བའི་རྔམ་སྒྲ་ཐོས།།
གཅིག་པུ་ཀུན་ཏུ་རྒྱུ་བའི་གདེང་ཞིག་ཐོབ།།
རང་སེམས་ནང་དུ་བསྡུ་བའི་ཐབས་ཤིག་བྱུང་།།
ཐོས་པ་སྣ་ཚོགས་སྣང་བའི་དབྱིངས་ལ་གཏོར།།
ཡོད་མེད་བདེ་སྡུག་སྙོམ་པའི་བློ་ཞིག་དྲན།།
མཛེས་པ་མཐར་ཐུག་རྒོད་པའི་གསང་བ་རྟོགས།།
དོན་གྱི་བྱུང་བ་བརྡོལ་བའི་གདངས་ཤིག་ཚོར།།
དེ་ཡི་སྟེང་དུ་ལྟ་བའི་མིག་ཅིག་བྱུང་།།
མིག་གི་རྒྱལ་མོ་སླར་ཡང་རང་ལས་རྙེད།།
༢༠༡༤ ༡ ༢༨ཉིན་བྲིས།
ངེད་དྲ་ཚིགས།