མནའ་མ་དང་བུ་མོ།
ཚོང་པ་ཞིག་གིས་ཉིན་གང་གོམ་པ་སྤོས་ནས་ཅ་ལག་འཚོང་གིན་བསྐྱོད་པར་གང་ཙམ་སོང་རྗེས་དགོང་དྲོ་ཆགས་སྐབས་གྲོང་གསེབ་ཆུང་ཆུང་ཞིག་གི་ནང་དུ་སླེབས་པ་རེད། ཡུལ་དེར་མགྲོན་ཁང་རྩ་བ་ནས་མེད་སྟབས་ཁོ་པས་ཁྱིམ་ཚང་ཞིག་གི་སྒོ་བརྡུངས་པས་ཁྱིམ་ཚང་དེ་ནས་ཕ་རྒན་ཞིག་ཐོན་ཏེ་ག་རེ་ཡིན་དྲིས་པར་ཚོང་པ་དེས། “དེ་རིང་ང་ལ་གནས་ཚང་ཞིག་གཡར་རོགས།” ལབ་པར་ཕ་རྒན་དེས། “ཡོང་གི་མ་རེད། ངའི་ནང་ལ་མནའ་མ་དང་བུ་མོ་གཉིས་ལས་གཞན་སུ་ཡང་བསྡད་མེད།” ཅེས་ལབ་སྟེ་སྒོ་བརྒྱབ་པ་རེད། དེ་ནས་ཚོང་པ་དེས་ཏོག་ཙམ་རིང་བསམ་བློ་བཏང་རྗེས་ཡང་མི་ཚང་གཞན་ཞིོག་གོ་སྒོ་བརྡུངས་པས་ཡང་བསྐྱར་ཕ་རྒན་གཅིག་ཐོན་ཡོང་སྟེ་ག་རེ་དགོས་འདྲི་སྐབས་ཚོང་པ་དེས། ཁྱེད་རང་གི་ནང་ལ་མནའ་མ་དང་བུ་མོ་གཉིས་ལས་གཞན་སུ་ཡང་བསྡད་མེད་པས། ཅེས་དྲིས་པར་ཕ་རྒན་ཁོང་ཁྲོ་ལངས་ནས་ཚོང་པ་དེར་ཁ་ཡ་བྱ་རྒྱུ་ཕར་བཞག་ད་དུང་གཤེ་གཤེ་རྒྱགས་ཚད་བཏང་པ་རེད།
ཤོག་གི་མིན།
རྒྱ་གར་དུ་སྐྱེས་པའི་ཨ་ཅག་འཛོམས་པ་ལགས་ཀྱི་ཁྱོ་ག་ནི་རྒྱ་གར་བ་ཡིན། ཨ་ཅག་མོ་རང་ནི་བོད་པའི་སྐད་དང་རིག་གཞུང་སོགས་ལ་དགའ་ཞེན་གྱི་གདུང་བ་མི་དམན་པ་ཞིག་ཡོད་མོད། ཁོང་ཁྱོ་ཤུག་གཉིས་ལ་བྱིས་པ་ལོ་གསུམ་ཧྲིལ་པོ་ཟིན་མ་ཟིན་གྱི་བུ་མོ་ཞིག་ཡོད་པ་དེས་ནང་གི་ཁོར་ཡུག་དང་རྟག་ཏུ་ཧིན་སྐད་ཐོག་ཀཱར་ཊུན་གློག་བརྙན་༼རབ་བཏགས་རི་མོའི་གློག་བརྙན།༽རྐྱང་ལྟ་ཡི་ཡོད་པའི་རྐྱེན་གྱིས་བོད་སྐད་མི་རྒྱག་པ་དེར་ཨ་ཅག་འཛོམས་པ་ལགས་སེམས་སྡུག་གཏན་དུ་ཡོང་གི་ཡོད། ཉིན་ཞིག་བོད་པའི་དུས་ཆེན་གྱི་འདུས་འཛོམས་ཤིག་གི་སྐབས་སུ་མ་བུ་གཉིས་ཀྱང་འབྱོར་ཡོད། སྐབས་དེར་བུ་མོ་རྩེད་མོ་ཞིག་ལ་མགོ་འཁོར་ནས་རྗེས་ལུས་ཐེབས་ཤིང་ཡ་བྲལ་པ་འཛོམས་པས་ཤེས་འཕྲལ། སེམས་ཁྲལ་ཆེན་པོས་མི་མང་གི་ཁྲོད་ནས་ “བུ་མོ་མགྱོགས་པོ་ཤོག་”ཅེས་སྐད་འབོད་ཐེངས་རེ་ཟུང་བྱེད་སྐབས། བུ་མོས་དེའི་ཨ་ལན་དུ་ “ཤོག་གི་མིན་”ཞེས་ཁྲོ་ཉམས་དང་བཅས་ལན་བཏབ་པས་དུས་ཆེན་ལ་ཕེབས་མི་རྣམས་ཀྱིས་ཐོས་མ་ཐག་ཚང་མ་གད་མོ་མི་ཤོར་ཀ་མེད་བྱུང་ནའང་། ཨ་ཅག་འཛོམས་པ་ལགས་ནས་ “ཤོག་གི་མིན་མ་རེད་ཡོང་གི་མིན་ཞེས་ལབ་དགོས་ཀྱི་རེད་” ཅེས་བུ་མོའི་ཆག་ཀྲུམ་གྱི་སྐད་ཆར་ཡོ་སྲང་བྱེད་ཀྱིན་ངོ་གནོང་གི་མདངས་ཤར།
ཡོང་ཁུངས་གཞན། ཡི་གེ་བ་གྲུ་ལྷོ་སྐལ་བཟང་ཕུན་ཚོགས།