སློབ་དཔོན་དཔའ་བོའི་སྙན་ངག་གྲགས་ཅན་ལྔ་ཅུང་་་་

སློབ་དཔོན་དཔའ་བོའི་སྙན་ངག་གྲགས་ཅན་ལྔ་ཅུང་ཟད་བཤད་པ།

རྩོམ་པ་པོ། འབྲོག་རུ་ཆོས་དར།

ནང་དོན་གནད་བསྡུས། འདིར་སློབ་དཔོན་དཔའ་བོའི་རྩོམ་རིག་བརྩམས་ཆོས་ལས་སྙན་ངག་ཐོག་མ་དང་མཐའ་མ། སྙན་ངག་ཆེན་པོ་གསུམ་བཅས་ཀྱི་བརྗོད་སྙིང་དང་ཁྱད་ཆོས། བོད་སྐད་དུ་བསྒྱུར་བའི་དུས་སྐབས། དེ་དག་ལ་གྲགས་པ་ཇི་ཙམ་རྒྱས་པ་བཅས་ལ་དཔྱད་པ་བྱས་ཡོད།

བརྡ་ཆད་གཙོ་བོ།  སློབ་དཔོན་དཔའ་བོ་དང་རྟ་དབྱངས། མ་ཏི་ཙི་དྲ། རྩོམ་རིག བརྩམས་ཆོས། སྙན་ངག  ནང་བསྟན་རྩོམ་རིག


གླེང་གཞི།

༄༅། །གནའ་བོའི་རྒྱ་གར་གྱི་ལེགས་སྦྱར་རྩོམ་རིག་དུས་སྐབས་སུ་བྱུང་བའི་སློབ་དཔོན་དཔའ་བོ་ (AD1—AD2) ཞེས་པའི་སྙན་གྲགས་ས་སྟེང་དུ་ཁྱབ་པའི་དམ་པ་འདི་ཉིད་ནང་བའི་བསྟན་པ་ལ་ཞུགས་རྗེས་རང་གི་ལུས་ངག་ཡིད་གསུམ་གྱི་སྡིག་བཤགས་ལ་བསྟོད་པ་བརྒྱ་རྩས་མཚོན་པའི་གནས་ལྔ་རིག་པའི་བསྟན་ཆོས་དཔག་ཏུ་མེད་པ་མཛད་པར་གྲགས། ཁོང་གི་འཁྲུངས་ཡུལ་དང་མཚན་གྱི་རྣམ་གྲངས་ལ་འཕགས་བོད་མཁས་པའི་བཞེད་པ་མི་མཐུན་པ་མང་དུ་མཆིས་མོད། འདིའི་ཐད་ཡིག་ཚོགས་སྐྱུང་ཕྱིར་རྒྱས་པར་མ་སྤྲོས། སློབ་དཔོན་འདིས་མཚན་གྱི་རྣམ་གྲངས་མ་འདྲ་བའི་སྒོ་ནས་མཛད་པའི་བརྩམས་ཆོས་དག་ནང་དོན་རིག་པ་དང་གསོ་བ་རིག་པ། རྩོམ་རིག་བཅས་ཀྱི་ཁྱབ་ཁོངས་སུ་འདུ་ལ། དེ་ལས་རྩོམ་རིག་དང་འབྲེལ་བའི་བརྩམས་ཆོས་སྡེ་དགེའི་བསྟན་འགྱུར་གྱི་བསྟོད་ཚོགས་དང་སྐྱེས་རབས་སྣ་ཚོགས་ཀྱི་ཆོས་སྐོར་ལས་འདི་པས་མཛད་པ་<<སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་བསྔགས་པར་འོས་པ་བསྔགས་པ་ལས་བསྟོད་པར་མི་ནུས་པར་བསྟོད་པ>>ཞེས་པ་དང་<<བསྔགས་འོས་བསྔགས་བསྟོད་ལེའུ་བཅུ་གསུམ་པ>> <<བསྟོད་པ་བརྒྱ་ལྔ་བཅུ་པ>> <<སྤེལ་མར་བསྟོད་པ>> <<དཀོན་མཆོག་གསུམ་ལ་བཀྲ་ཤིས་ཀྱི་བསྟོད་པ>> <<ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཚན་ལ་བསྟོད་པ>> <<གཅིག་ལས་འཕྲོས་པའི་བསྟོད་པ>> <<བདེ་བར་གཤེགས་པ་སུམ་བཅུ་རྩ་ལྔའི་བསྟོད་པ་མཚན་རིན་པོ་ཆེས་སྤྲས་པ>><<དཀོན་མཆོག་གསུམ་གྱི་བསྟོད་པ>> <<གཎྜིའི་བསྟོད་པ་ཚིགས་སུ་བཅད་པ>> <<དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྟོད་པ>> <<བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟོད་པ>> <<ཡོན་ཏན་མཐའ་ཡས་པར་བསྟོད་པ>> <<རྒྱལ་པོ་ཆེན་པོ་ཀ་ནིཥྐ་ལ་སྤྲིངས་པའི་ཕྲིན་ཡིག>> <<ནོར་བུ་གླིང་གི་ཐུགས་རྗེ་ཆེན་པོ་ལྷ་ལྔ་ལ་བསྟོད་པ>>བཅས་དང། སྐྱེས་རབས་སྣ་ཚོགས་ཀྱི་ཆོས་སྐོར་ན་<<སྐྱེས་རབས་སོ་བཞི་པ>> <<སངས་རྒྱས་ཀྱི་སྤྱོད་པ>> <<བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས་ཀྱི་ཆོས་ཀྱི་གཎྜིའི་སྒྲ་བསྒྲགས་པ>>བཅས་བཞུགས་ལ། ཉེ་ལམ་བོད་སྐད་དུ་བསྒྱུར་བ་ལ་<<མཛེས་དགའ་བོའི་སྙན་དངགས་ཆེན་པོ>>དང་<<རྡོ་རྗེའི་ཁབ>>བཅས་ནི་ད་སྔ་བོད་སྐད་དུ་འགྱུར་བའི་སློབ་དཔོན་འདི་པའི་རྩོམ་རིག་བརྩམས་ཆོས་དག་ཡིན་ལ། ད་དུང་ཤཱ་རིའི་བུའི་རྟོགས་བརྗོད་དང་ཟློས་གར་གྱི་བསྟན་བཅོས་བཅས་བོད་སྐད་དུ་མ་འགྱུར་བའི་སྒྱུ་རྩལ་བརྩམས་ཆོས་ཁག་ཅིག་ཀྱང་ཡོད་པར་སྣང། འདིར་ཁོང་གི་རྩོམ་རིག་བརྩམས་ཆོས་གྲགས་ཆེ་བ་ལྔ་དང་འབྲེལ་ནས་ཅུང་ཙམ་བརྗོད་པར་འདོད་པས་ན་གཞན་རྣམས་རེ་ཞིག་བཏང་སྙོམས་སུ་འཇོག་པར་འཚལ།


དང་པོ། སློབ་དཔོན་དཔའ་བོའི་བརྩམས་ཆོས་ཐོག་མ་དང་མཐའ་མ།

༡༽ སློབ་དཔོན་དཔའ་བོའི་རྩོམ་རིག་བརྩམས་ཆོས་ཐོག་མ་<< སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་བསྔགས་པར་འོས་པ་བསྔགས་པ་ལས་བསྟོད་པར་མི་ནུས་པར་བསྟོད་པ>> ཞེས་པའི་གཞུང་ཚད་ལེའུ་བཅུ་གསུམ་གྱི་བདག་ཉིད་ཅན་གྱི་བསྟོད་པ་འདི་ནི་ཡིད་འགྱུར་མཚོན་པའི་སྙན་ངག་ཅིག་ཡིན། འདི་སྡེ་དགེ་བསྟན་འགྱུར་གྱི་བསྟོད་ཚོགས་(ཀ་པར་)བཞུགས། འདི་ལ་བསྟོད་པ་བཞི་བརྒྱ་བ་ཞེས་ཀྱང་གྲགས། བསྟོད་པ་འདིའི་ལེའུ་དང་པོ་ནས་བཅུ་གཉིས་བར་དུ་རྒྱ་གར་གྱི་མཁན་པོ་སརྦ་དེ་བ་དང་བནྡེ་དཔལ་བརྩེགས་གཉིས་ཀྱིས་དུས་རབས་བརྒྱད་པའི་ནང་བསྒྱུར་བ་ཡིན་ལ། ལེའུ་བཅུ་གསུམ་པ་དཔེ་ལ་བསྟོད་པ་རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་དང་ལོ་ཆེན་རིན་ཆེན་བཟང་པོ་གཉིས་ཀྱིས་དུས་རབས་བཅུ་གཅིག་པར་བོད་སྐད་དུ་བསྒྱུར་ནས་ཁ་སྐོང་མཛད་ཡོད། སྔོན་བྱོན་མཁས་པས་དུས་རབས་བརྒྱད་པར་ལེའུ་གཅིག་ཆད་ལྷག་བྱུང་པའང་ལོ་ངོ་སུམ་བརྒྱ་ཙམ་གྱི་རྗེས་སུ་ཁ་སྐོང་མཛད་རྒྱུ་མ་བརྗེད་པར་བཀའ་དྲིན་བསྐྱངས་པ་ལ་རྗེས་སུ་ཡི་རང་བྱ་འོས།

         བསྟོད་པ་འདི་ནི་སློབ་དཔོན་དཔའ་བོ་ནང་པར་ཞུགས་རྗེས་སྔོན་ཕྱི་རོལ་བའི་དུས་སུ་བསྔགས་པར་མི་འོས་པ་བསྔགས་པ་ལ་འགྱོད་ཅིང་ནོངས་ཏེ། རང་གི་ངག་གི་སྡིག་བཤགས་ལ་བསྔགས་པར་འོས་པའི་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་གསུམ་དང་འཕྲིན་ལས་ཀྱི་མཛད་པ་ལ་མངོན་པར་དད་ནས་ཡིད་ཀྱི་འགྱུར་བ་མཚོན་པའི་རྩོམ་རིག་བརྩམས་ཆོས་ཐོག་མ་འདི་མཛད་པ་ཡིན་ལ། བསྟོད་པ་འདིའི་དབུར། ཞིང་དང་ཞིང་མིན་མ་འཚལ་ཏེ། །སྒྲ་ཙམ་གྱི་ནི་རྗེས་འབྲངས་ནས། །བདག་གིས་ནོངས་ཏེ་སྔོན་ཆད་ནི། །བསྔགས་མིན་བསྔགས་པ་བརྗོད་པ་གང་། །ངག་གི་འདམ་གྱིས་གོས་པ་དེ། །ཐུབ་པ་བསོད་ནམས་འབབ་ཀྱི་སྟེགས། །བཞུད་པ་ཁྱོད་ལ་བརྟེན་བཅའ་ནས། །རབ་ཏུ་བཀྲུ་བ་འདི་བརྩམ་མོ། ། ཞེས་བྱུང་བ་འདི་དང་བསྟོད་པ་འདིའི་མཚན་བྱང་གི་ཤུགས་བསྟན་བཅས་ལས་སློབ་དཔོན་མ་ཏི་ཙི་དྲ་རང་ཉིད་སྔོན་ཕྱི་རོལ་བ་དང་ཕྱིས་སུ་ནང་པ་སངས་རྒྱས་པར་ཞུགས་པའི་ལོ་རྒྱུས་ཀྱང་མཚོན་པར་བྱས་ཡོད།

         བསྟོད་པ་འདིའི་མཇུག་ཏུ་མཛད་པ་པོའི་མཚན་ལ་སློབ་དཔོན་མ་ཏི་ཙི་དྲ་ཞེས་བཀོད་འདུག་ལ། <<སྤེལ་མར་བསྟོད་པ>>འི་མཇུག་ཏུའང་སློབ་དཔོན་ཆེན་པོ་མ་ཏི་ཙི་ཊ་དང་། སློབ་དཔོན་ཕྱོགས་ཀྱི་གླང་པོ་དག་གི་ཞལ་སྔ་ནས་མཛད་པ་རྫོགས་སོ་ཞེས་བཀོད་འདུག་པས། མཁས་པ་ཁ་ཤས་ཀྱིས་སློབ་དཔོན་ཕྱོགས་གླང་དུས་རབས་དྲུག་པར་བྱོན་པའི་དབང་གིས་ཕྱོགས་གླང་དང་དུས་མཉམ་གྱི་མ་ཏི་ཙི་དྲ་ཞིག་ཡོད་པར་འདོད་དེ། བསྟན་བཅོས་འདི་གཉིས་ཀྱི་མཛད་པོ་མ་ཏི་ཙི་དྲ་གང་ཟག་སོ་སོ་བ་ཡིན་པའི་དོགས་སློང་བྱེད་བཞིན་ཡོད་ཅིང། དེ་ནི་མ་ཡིན་ཏེ། <<སྤེལ་མར་བསྟོད་པ>>ནི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་བསྟོད་པ་བརྒྱ་ལྔ་བཅུ་བའི་འགྲེལ་བ་ལས། “སློབ་དཔོན་ཕྱོགས་ཀྱི་གླང་པོས་<<བསྟོད་པ་བརྒྱ་ལྔ་བཅུ་པ>>འདི་ལ་གཞུང་གི་དོན་ཚན་རེ་རེ་ནས་དོན་ཁོང་ན་གནས་པ་སྦྱར་དགོས་པ་རྣམས་མགོ་མཇུག་གང་འོས་སུ་སྦྱར་བ་སྤེལ་མར་བསྟོད་པ་བྱ་བ་མཛད”1 ཅེས་སློབ་དཔོན་ཕྱོགས་གླང་གིས་མཛད་པར་གསུངས་པ་ལྟར།  སློབ་དཔོན་ཕྱོགས་གླང་གིས་སློབ་དཔོན་རྟ་དབྱངས་ཀྱི་<<བསྟོད་པ་བརྒྱ་ལྔ་བཅུ་བ>>འི་གཞུང་དོན་རྣམས་ཇེ་གསལ་དུ་བཏང་སྟེ་གཞུང་ཚིག་དང་བསྲེས་ནས་མཚན་བྱང་ལ་<<སྤེལ་མར་བསྟོད་པ>>ཞེས་བཏགས་པར་མངོན་ཏེ། བསྟོད་པ་དེར་གོ་རིམ་ཙམ་གྱིས་མ་གཏོགས་བརྒྱ་ལྔ་བཅུ་བའི་ཚིག་ཕལ་ཆེ་བ་ཐོན་འདུག་པས་ཀྱང་ཕྱིས་སུ་སྦྱར་བ་ཤེས་ཐུབ། བསྟོད་པ་བརྒྱ་ལྔ་བཅུ་བའི་བོད་འགྱུར་མའི་མཇུག་ཏུ་མཛད་པ་པོའི་མཚན་ལ་རྟ་དབྱངས་བྲིས་འདུག་ཅིང་ལེགས་སྦྱར་མ་དཔེར་མ་ཁོལ་བྲིས་ཡོད་པ་ལོ་ཙཱ་བ་བློ་བཟང་འཇམ་དཔལ་གྱིས་མཛེས་དགའ་བོའི་སྙན་དངགས་ཆེན་པོའི་གླེང་བརྗོད་དུ་བྲིས་ཡོད། དེས་ན་གོང་གསལ་དག་ལས་ང་ཚོས་ཅི་ཞིག་ལ་དབྱེ་ཞིབ་བྱ་ཐུབ་ཅེ་ན། <<སྤེལ་མར་བསྟོད་པ>>མཛད་པོ་སློབ་དཔོན་མ་ཏི་ཙི་དྲ་དང་<<བསྟོད་པ་བརྒྱ་ལྔ་བཅུ་བ་>>མཛད་པོ་རྟ་དབྱངས་སམ་སློབ་དཔོན་མ་ཁོལ་གཉིས་གང་ཟག་གཅིག་ཡིན་པ་གོང་གི་ལུང་དེ་དང་སྤེལ་མར་བསྟོད་པའི་གཞུང་ཚིག་ལས་ཤེས་ཐུབ་པ་བྱུང་བ་མ་ཟད་རྩ་རྒྱུད་ཀྱི་ལུང་དང་མཐུན་པས་ན། འདི་དང་<<བསྔགས་བསྟོད་>> མཛད་པོ་སློབ་དཔོན་མ་ཏི་ཙི་དྲ་བཅས་ཀྱང་གང་ཟག་གཅིག་ཡིན་པ་དོན་གྱིས་རྟོགས་ནུས་སོ། 

༢༽སློབ་དཔོན་འདིའི་བརྩམས་ཆོས་མཐའ་མ་<<སྨོན་ལམ་བདུན་ཅུ་པ་>>ཞེས་པའི་ཡིད་འགྱུར་མཚོན་པའི་སྨོན་ཚིག་འདི་ནི་དུས་རབས་དགུ་པའི་ནང་རྒྱ་གར་གྱི་མཁན་པོ་པཎྚི་ཏ་དྷརྨ་པྲ་བྷཱ་དང་ལོ་ཙཱ་བ་བནྡེ་དཔལ་གྱི་ལྷུན་པོའི་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ།

ལོ་རྒྱུས་ཁག་ཅིག་ཏུ་སྔོན་དེ་བཞིན་གཤེགས་པས་སློབ་པ་ལམ་གྱི་གནས་སྐབས་སུ་སྟག་མོ་ལ་ལུས་སྦྱིན་པའི་བྱ་དཀའ་བའི་སྤྱོད་པ་མཛད་པ་ལྟར། སློབ་དཔོན་འདི་ཉིད་ཀྱང་ནགས་སུ་ཕེབས་སྐབས་སྟག་མོ་བཀྲེས་པས་རང་གི་ཕྲུ་གུ་ཟ་བར་རྩོམ་པ་ཞིག་གཟིགས་ཏེ་བཟོད་དཀའ་བའི་སྙིང་རྗེ་ཡིས་ཀུན་ནས་སླངས་ཏེ་རང་གི་སྐུ་ལུས་ཀྱི་ཁྲག་གིས་ཉམ་ཐག་སྟག་མོ་ཕྲུ་གུ་དང་བཅས་པ་གསོས་ཤིང་། སྐབས་དེར་རང་གི་ཁྲག་ཡིག་གིས་སྨོན་ལམ་བདུན་ཅུ་པ་འདི་ཉིད་བརྩམས་ནས་མཐར་སྐུ་ལུས་ཀྱང་སྟག་མོ་དང་ཕྲུ་གུ་དེ་དག་ལ་སྦྱིན་ཏེ་ཞིང་གཞན་དུ་གཤེགས་པར་བརྗོད་པས། འདི་ནི་སློབ་དཔོན་གྱི་བརྩམས་ཆོས་མཐའ་མ་དེ་ཡིན་ཞིང། ཐེག་པ་མཆོག་གི་ལམ་གྱི་ལུས་ཚང་བའི་སྨོན་ལམ་འདི་ནི་བྱང་ཆུབ་མཆོག་ཏུ་བློ་སྦྱོང་བ་རྣམས་ཀྱིས་ཤིན་ཏུ་གལ་ཆེན་དུ་འཛིན་ཞིང་རྗེ་ཙོང་ཁ་བ་སོགས་ཀྱིས་རྒྱུན་དུ་ཞལ་འདོན་བགྱི་བའང་ཡིན་སྐད།


གཉིས་པ།  སློབ་དཔོན་དཔའ་བོའི་སྙན་ངག་ཆེན་པོ་གསུམ།

སྙན་གཞུང་མེ་ལོང་མའི་རྩ་བར་སརྒས་བཅིངས་པ་སྙན་ངག་ཆེ་ཞེས་པ་ལྟར་སློབ་དཔོན་འདིའི་རྩོམ་རིག་བརྩམས་ཆོས་ད་སྔ་བོད་སྐད་དུ་འགྱུར་བ་རྣམས་ལས།<<སྐྱེས་རབས་སོ་བཞི>>དང་<<སངས་རྒྱས་ཀྱི་སྤྱོད་པ་>>དང་<<མཛེས་དགའ་བོའི་སྙན་དངགས་ཆེན་པོ་>>གསུམ་ནི་ལེའུ་དང་བམ་པོའི་གྲངས་ཀྱིས་བཅད་པའི་སྙན་ངག་ཆེན་པོའི་རིགས་སུ་གཏོགས།

༡༽<<སྐྱེས་པའི་རབས་ཀྱི་རྒྱུད>>ཡོངས་གྲགས་སུ་<<སྐྱེས་རབས་སོ་བཞི>>ཞེས་པའི་གཞུང་ཚད་ཤློཀ་སུམ་སྟོང་ཕྱེད་དང་བཞི་སྟེ་བམ་པོ་བཅུ་གཉིས་ཙམ་གྱི་བདག་ཉིད་ཅན་འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་གཙོ་བོར་སྟོན་པའི་བཅད་ལྷུག་སྤེལ་མའི་སྙན་ངག་ཆེན་པོ་ཞིག་ཡིན་ལ། བོད་ཀྱི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་དུས་སུ་རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སཾི་ཧ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་མཉྫུ་ཤྲཱིཝརྨ་འམ་འཇམ་དཔལ་གོ་ཆ་གཉིས་ཀྱིས་བོད་སྐད་དུ་བསྒྱུར་ཏེ་སྡེ་དགེ་བསྟན་འགྱུར་གྱི་སྐྱེས་རབས་སྣ་ཚོགས་ཀྱི་ཆོས་སྐོར་ལས་པོད་ཧུ་ (23703168.PDF) བར་བཞུགས་ཤིང་། འདིའི་འགྲེལ་པ་རྒྱ་གར་གྱི་སློབ་དཔོན་ངྷརྨ་ཀིརྟིའམ་ཆོས་ཀྱི་གྲགས་པས་མཛད་པའི་<<སྐྱེས་པའི་རབས་ཀྱི་རྒྱ་ཆེར་བཤད་པ>>ཞེས་པ་རྒྱ་གར་གྱི་པནྜི་ཏ་ཛནཱར་དྷན་དང་། ཞུ་ཆེན་གྱི་ལོ་ཙཱ་བ་ཨི་བུ་དགེ་སློང་ཤཱཀྱ་བློ་གྲོས་གཉིས་ཀྱིས་བོད་སྐད་དུ་བསྒྱུར་ནས་བསྟན་འགྱུར་ཁྲོད་དུ་བཞུགས།

སྐྱེས་རབས་འདི་ནི་སློབ་དཔོན་དཔའ་བོས་སྟོན་པ་བཅོམ་ལྡན་འདས་ཀྱི་སྐྱེས་རབས་བརྒྱ་དང་བརྒྱད་མཛད་པར་དགོངས་ཏེ་སྟག་མོའི་སྐྱེས་པའི་རབས་ནས་བྱ་ཤིང་རྟ་མོར་སྐྱེས་པའི་རབས་ཀྱི་བར་དུ་སྐྱེས་རབས་སོ་བཞི་མཛད་རྗེས་རྩོམ་འཕྲོར་ལྷག་པར་གྲགས། འདི་ཉིད་ཀྱི་ཁ་སྐོང་དུ་དུས་རབས་བཅུ་གསུམ་པར་ཀརྨ་རང་བྱུང་རྡོ་རྗེས་<<སྐྱེས་རབས་བརྒྱ་བ་>>ཞེས་པའི་སྐྱེས་རབས་དྲུག་ཅུ་རེ་བདུན་གྱིས་ཁ་བསྐངས་ཏེ་རྫོགས་པར་མཛད་ཡོད། དེའི་མཚན་བྱང་དུ། “སྟོན་པ་ཐམས་ཅད་མཁྱེན་པའི་སྐྱེས་རབས་ཕྲེང་། །བཅུ་ཕྲག་གསུམ་དང་བཞི་ནི་དཔའ་བོའི་སྟེ། །ཕྱི་ནས་རང་བྱུང་རྡོ་རྗེས་བདུན་ལྷག་པའི། །དྲུག་ཅུ་བརྒྱ་རྩ་རྫོགས་པར་མཛད། ”2 ཞེས་གསུངས་པས་སྔ་ཕྱི་གཉིས་ལ་སྟོན་པའི་སྐྱེས་ཕྲེང་བརྒྱ་དང་གཅིག་མཛད། ད་དུང་འདི་ལ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་<<སྐྱེས་རབས་སོ་བཞི་པའི་རྣམ་བཤད་ཐེག་ཆེན་གསལ་བའི་སྒྲོན་མེ་>>གླེགས་བམ་གསུམ་ཅན་མཛད་པ་བཅས་བོད་ཀྱི་མཁས་པ་སྔ་ཕྱི་མང་པོས་འདིའི་འགྲེལ་བ་དང་ཁ་སྐོང་། བསྡུས་དོན་བཅས་མཛད་པ་མ་ཟད། སྐྱེས་ཚོམས་གཉིས་ཞེས་ཧ་ཅང་གཙིགས་ཆེན་དུ་འཛིན་ཞིང་བསླབ་པ་སློབ་གཉེར་གྱི་རྒྱུན་སྲིངས་པ་ལ་བརྟེན་ནས་<<སྐྱེས་རབས་སོ་བཞི་པ་>>འདི་བོད་དུ་དར་ཁྱབ་ཆེན་པོར་བྱུང་ཡོད། སྐྱེས་རབས་འདིས་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཀྱི་བྱ་བ་ལའང་གཞོགས་འདེགས་ཀྱི་ནུས་པ་ཤུགས་ཆེར་བསྐྲུན་པ་མ་ཟད་རྒྱ་དཀར་ནག་གི་ཡུལ་དུ་ཆེས་ཆེར་དར།

༢༽<<སངས་རྒྱས་ཀྱི་སྤྱོད་པ་>>ཞེས་པའི་གཞུང་ཚད་ལེའུ་ཉེར་བརྒྱད་ཀྱི་བདག་ཉིད་དུ་གྲུབ་ཅིང་རྩོམ་ལུས་ཚིགས་བཅད་རྐྱང་པའི་ལམ་ནས་མཛད་པའི་སྙན་ངག་ཆེན་པོ་འདི་ནི་དུས་རབས་བཅུ་གསུམ་པར་པཎྜི་ཏ་ས་དབང་བཟང་པོ་དང་ལོ་ཙཱ་བ་བློ་གྲོས་རྒྱལ་པོ་གཉིས་ཀྱིས་བོད་སྐད་དུ་བསྒྱུར་ཏེ་སྡེ་དགེ་བསྟན་འགྱུར་གྱི་སྐྱེས་རབས་སྣ་ཚོགས་ཀྱི་ཆོས་སྐོར་ལས་པོད་གེ་ (23703172.PDF) བར་བཞུགས།

ལོ་ཙཱ་བ་བློ་བཟང་འཇམ་དཔལ་གྱིས་མཛེས་དགའ་བོའི་སྙན་དངགས་ཆེན་པོའི་བོད་འགྱུར་མའི་གླེང་བརྗོད་དུ། སངས་རྒྱས་ཀྱི་སྤྱོད་པ་བསྒྱུར་བ་བོ་བློ་གྲོས་རྒྱལ་པོ་ཞེས་པ་ནི་ཟུར་མཁར་བ་བློ་གྲོས་རྒྱལ་པོ་ཡིན་པར་བཤད་འདུག་མོད། དེ་ནི་ཁོང་གིས་ཐུགས་མཉམ་མ་བཞག་པ་ཡིན་ལས་ཆེ་སྟེ། ཟུར་མཁར་བ་བློ་གྲོས་རྒྱལ་པོ་དུས་རབས་བཅུ་དྲུག་པར་འཁྲུངས་པ་ཡིན་ལ། ས་དབང་བཟང་པོ་དུས་རབས་བཅུ་གསུམ་པར་ཤོང་སྟོན་ལོ་ཙཱ་བའི་སློབ་དཔོན་དུ་བཞུགས་པ་ཤོང་སྟོན་ལོ་རྒྱུས་དག་ན་གསལ་བས། ཟུར་མཁར་བ་དང་དེ་གཉིས་བར་དུ་དུས་རབས་གསུམ་མམ་ལོ་ངོ་སུམ་བརྒྱའི་ཧེ་བག་ཡོད།

འདིའི་འགྱུར་བྱང་དུ། བླ་མ་དམ་པ་ཆོས་ཀྱི་རྒྱལ་པོའི་བཀའ་ལུང་གིས། །ཞེས་པ་ནས། ས་དབང་བཟང་པོ་དང་ནི་བློ་གྲོས་རྒྱལ་པོས་བསྒྱུར། །ཅེས་པ་ནི་ཆོས་རྒྱལ་འགྲོ་མགོན་འཕགས་པས་བཀའ་གནང་སྟེ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་དང་འཕགས་པའི་གཟིམ་གཡོག་པ་ཁམས་པ་བློ་གྲོས་རྒྱལ་པོ་གཉིས་བལ་ཡུལ་དུ་བྱོན་(སྤྱི་ལོ་༡༢༦༥ལོར་)ནས་པནྚི་ཏ་ས་དབང་བཟང་པོ་ལས་ལོ་ཙཱ་སྦྱངས་ཚུལ་ཡིག་ཆ་ཁག་ཏུ་འཁོད་ཡོད་པས། གོང་གསལ་ལོ་ཙཱ་བ་ནི་ཁམས་པ་བློ་གྲོས་རྒྱལ་པོ་ཡིན་པར་ངེས་ལ། ཁོང་གིས་ད་དུང་ཙནྡྲ་གོ་མིས་མཛད་པའི་<<དཔལ་ཆེན་སྒྲོལ་མའི་བསྟོད་པ་>>ཞེས་པའང་བསྒྱུར་ཡོད། བོད་གཞིས་སྡོད་མཁས་པ་རྒྱ་ཡེ་བཀྲ་བྷོ་ལགས་ཀྱིས་བསྟན་བཅོས་འདིའི་ལེགས་སྦྱར་གྱི་མ་རྩོམ་ད་ལྟའི་བར་བཞུགས་པར་བཤད་ཀྱང། ཁོང་གིས་གང་དུ་མཇལ་བར་མ་ཤེས་མོད། ད་ལྟ་རྒྱ་གར་དུ་འདིའི་མ་རྩོམ་ཆ་ཚང་མེད་པ་འདྲ། འདིའི་ལེགས་སྦྱར་མ་དཔེ་ལེའུ་དང་པོའི་ཚིགས་བཅད་བརྒྱད་པ་ནས་ལེའུ་བཅུ་བཞི་པ་བར་དུ་རྙེད་པའི་སྐོར་ལོ་ཙཱ་བ་བློ་བཟང་འཇམ་དཔལ་གྱིས་མཛེས་དགའ་བོའི་སྙན་དངགས་ཆེན་པོ་བོད་འགྱུར་མའི་གླེང་བརྗོད་དུ་བྲིས་འདུག

འདི་དང་མཛེས་དགའ་བོའི་སྙན་དངགས་ཆེན་པོ་གཉིས་ལ་འབྲེལ་བ་ཅུང་ཟད་ཡོད་ཚུལ་འོག་ཏུ་དགའ་བོའི་སྙན་དངགས་ཆེན་པོའི་སྐབས་སུ་གླེང་བར་བྱ། དབྱིན་ཇིའི་མཁས་པ་འཇོན་སེ་ཏོན་(Johnston)ལགས་ཀྱིས་རྣམ་ཐར་འདིའི་བོད་འགྱུར་མ་གཞིར་བཟུང་སྟེ་དབྱིན་བསྒྱུར་བྱས་པ། (Aśvaghoa’s Buddhacarita, Or, Acts of the Buddha: Complete Sanskrit Text  …   By Aśvaghoṣa, Edward Hamilton Johnston) ༡༩༣༦ ལོར་རྒྱ་གར་དུ་པར་བསྐྲུན་བྱས། རྗེས་སུ་པེ་རིག་ཨོ་ལི་ཝེ Patrick Olivelleཟེར་བ་ཞིག་གིས་ཀྱང་བསྟན་བཅོས་འདིའི་མཚན་བྱང་ལ་སངས་རྒྱས་ཀྱི་རྣམ་ཐར་ (Life of the Buddha) ཞེས་པ་དབྱིན་བསྒྱུར་བྱས་ཏེ་༢༠༠༩ལོར་ནིའུ་ཡོག་སློབ་གྲྭ་ཆེན་མོར་པར་བསྐྲུན་བྱས། ད་དུང་རྣམ་ཐར་འདི་དུས་རབས་བཞི་བའི་དུས་མཇུག་ཙམ་ལ་རྒྱ་ནག་གི་སྐད་དུ་བསྒྱུར་ཏེ་རྒྱའི་བཀའ་བསྟན་དུའང་བསྡུས་འདུགརྣམ་ཐར་འདིར་སངས་རྒྱས་སྐུ་བལྟམས་པ་ནས་སྐུ་གདུང་རང་བསྲེལ་བགོས་པའི་བར་གྱི་སྤྱོད་པ་ཆ་ཚང་ཞིང་གོ་རིམ་ལྡན་པར་ཚིགས་བཅད་ཀྱི་ལམ་ནས་མཛད་ཡོད་ལ། ད་སྔ་བོད་ཀྱི་བཀའ་བསྟན་གཉིས་ཀྱི་ཁྲོད་ན་སངས་རྒྱས་ཀྱི་རྣམ་ཐར་འགོ་མཇུག་ཆ་ཚང་བ་འདི་ལས་ལྷག་ཅིག་མེད་ཅིང། བོད་དུ་རྣམ་ཐར་འདི་ལ་སྐྱེས་རབས་སོ་བཞི་ལྟ་བུའི་འཕྲིན་ལས་དེ་ཙམ་མ་རྒྱས་མོད། རྣམ་ཐར་འདི་རྒྱ་གར་ཙམ་དུ་མ་ཟད་འཛམ་གླིང་ཤར་ནུབ་ཀུན་ཏུ་དར་ཁྱབ་ཆེ་བའི་ནང་བསྟན་རྩོམ་རིག་ལས་སྙན་ངག་ཆེ་ཤོས་དེ་ཡིན་པར་སྙམ།

༣༽<<མཛེས་དགའ་བོའི་སྙན་དངགས་ཆེན་པོ་>>ཞེས་པའི་གཞུང་ཚད་ལེའུ་བཅོ་བརྒྱད་དང་ཤློ་ཀ་ཆིག་སྟོང་བརྒྱ་མེད་དྲུག་ཅུ་རེ་གཉིས་ཀྱི་བདག་ཉིད་དུ་གྲུབ་པའི་སྙན་ངག་རིང་མོ་འདི་ནི་དུས་རབས་ཉི་ཤུའི་ལོ་རབས་དགུ་བཅུ་སྟེ་སྤྱི་ལོ་༡༩༩༢ལོར་ལོ་ཙཱ་བ་བློ་བཟང་འཇམ་དཔལ་གྱིས་བོད་སྐད་དུ་བསྒྱུར་ཞིང། ༡༩༩༩ལོར་ཝཱར་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་པར་བསྐྲུན་བྱས། བོད་འགྱུར་མ་དེར་ལེགས་སྦྱར་གྱི་རྩ་བའི་མ་དཔེ་དང་ཤན་སྦྱར་དུ་བཀོད་འདུག དབྱིན་ཇིའི་མཁས་པ་འཇོན་སེ་ཏོན་(Johnston)གྱིས་དབྱིན་བསྒྱུར་བྱས་ཡོད།

རྟོགས་བརྗོད་འདིའི་བརྗོད་བྱ་གཙོ་བོ་རྒྱལ་པོ་སྲས་གཙང་གི་བཙུན་མོ་ཆུང་བ་སྐྱེ་དགུའི་བདག་མོའི་སྲས་སུ་འཁྲུངས་ཤིང་སྟོན་པ་ཤཱཀྱ་ཐུབ་པའི་གཅུང་དགའ་བོ་དེ་ཉིད་རང་གི་དགའ་མ་ལ་ལྷག་པར་ཆགས་ཏེ་བག་མེད་ཀྱི་དབང་དུ་ཡོད་པ་ལ། སྟོན་པ་བཅོམ་ལྡན་འདས་ཀྱིས་ཐབས་དང་མཛད་པ་སྣ་ཚོགས་ཀྱི་སྒོ་ནས་ཆོས་ལ་སྐུལ་ཏེ་རྗེས་སུ་བཟུང་ཞིང་། མཐར་དེ་ཉིད་ཀྱིས་འཕགས་པའི་བདེན་པ་ལ་ངེས་པ་རྙེད་ནས་རབ་ཏུ་བྱུང་ཞིང་དཀའ་བ་སྤྱད་དེ་ཞི་བ་མྱང་འདས་ཀྱི་གོ་འཕང་བརྙེས་པའི་ཚུལ་སོགས་རྨད་དུ་བྱུང་བའི་ཚིགས་བཅད་སྙན་ངག་གི་ལམ་ནས་བརྗོད་འདུག་ལ།  འདིར་འདོད་ཆགས་ཀྱི་དབང་དུ་ཆེས་ཆེར་ཕྱིན་ཏེ་ཆོས་ལ་འཇུག་པར་མི་སྤྲོ་བའི་སྐྱེས་བུ་ཞིག  མཐར་ཆགས་པ་དང་བྲལ་ཞིང་ཐར་བའི་ལམ་དུ་ཞུགས་པའི་མཛད་པ་དེ་ཉིད་ལ། ཉན་པ་པོ་རྣམས་འཇུག་པར་སྤྲོ་བའི་ཕྱིར་དུ་སྙན་ངག་མཁན་པོས་རོ་ཁ་བའི་སྨན་ལ་སྦྲང་རྩི་བསྲེས་ཏེ་ཟས་ཀྱི་དང་ག་འདྲེན་པ་ལྟ་བུའི་སྙན་ངག་སྦྱར་བ་ནི་རྟོགས་བརྗོད་འདིའི་མཇུག་ཏུ། “ཐར་པ་ལས་གཞན་འདི་ན་བདག་གིས་གང་ཞིག་སྙན་དངགས་ཆོས་ལས་བྱས་པ་དེ་ཉིད་ཇི་ལྟར་ཡིན། །སྨན་ནི་ཁ་བ་བཏུང་བར་བྱ་ཕྱིར་སྦྲང་རྩི་བསྲེས་པ་ཇི་ལྟར་བྲོ་བ་ཞིམ་པོར་འགྱུར་བ་བཞིན། ” ཞེས་སྦྱར་བ་ལ་ཡིད་དབང་མི་འཕྲོག་པའི་སྐྱེས་བོ་སུ་ཞིག་གདའ། རྟོགས་བརྗོད་འདིར་མུ་སྟེགས་པའི་ལྷ་དང་དྲང་སྲོང་གི་མཚན་དང་རིག་བྱེད་གཏམ་རྒྱུད་ཀྱི་ཐ་སྙད་མང་པོ་བྱུང་བས་གྲུབ་མཐའི་དབང་གིས་སྔ་དུས་སུ་བོད་སྐད་དུ་མ་བསྒྱུར་བར་ལྷག་པ་འདྲ། དུས་ད་ལྟའང་རྒྱ་གར་དམངས་ཁྲོད་དུ་སངས་རྒྱས་ཀྱི་སྤྱོད་པ་དང་རྟོགས་བརྗོད་འདི་གཉིས་ཀྱི་དབྱངས་རྟ་འཐེན་མཁན་ཡང་ཡོད་སྐད།

འདིའི་ལེགས་སྦྱར་རྩ་བར་ཤློ་ཀ་ཆིག་སྟོང་བརྒྱ་མེད་དྲུག་ཅུ་རེ་གཉིས་(༡༠༦༢)ཡོད་མོད། བོད་འགྱུར་མའི་ཁྲོད་དུ་འཆི་བ་མེད་པ་བརྙེས་པ་ཞེས་པའི་ལེའུ་དེར་ཤློ་ཀ་ལྔ་བཅུ་ང་བཞི་བའི་འགྱུར་ཆད་ལྷག་བྱུང་སྟེ་ཤློ་ཀ་ང་གསུམ་པ་བསྐྱར་ལྡབ་བྱས་འདུག་པས་བོད་འགྱུར་མ་ལ་ཁྱོན་ཤློ་ཀ་ཆིག་སྟོང་བརྒྱ་མེད་དྲུག་ཅུ་རེ་གཅིག་༡༠༦༡)མ་གཏོགས་མེད། ཤློ་ཀ་དེ་གཅིག་པུ་ཁ་སྐོང་མཛད་རྒྱུའི་རེ་བ་ཤིན་ཏུ་ཆེ།

ད་དུང་ལེའུ་བཅུ་བདུན་པའི་མཚན་བྱང་ལ་‘‘འཆི་བ་མེད་པ་བརྙེས་པ’’ཞེས་ནང་བ་སངས་རྒྱས་པའི་ལྟ་སྤྱོད་དང་མི་མཐུན་པར་བསྒྱུར་བ་ནི་བློ་ལ་དེ་ཙམ་བདེ་བོ་མིན་པས་‘‘མྱང་འདས་ཀྱི་གོ་འཕང་བརྙེས་པ་’’ཞེས་བསྒྱུར་བ་ཡིན་ན་བརྗོད་བྱའི་དོན་དང་མཐུན་པར་སྣང་བས་ཞོར་འཕྲོས་སུ་སྨྲས་པ་ཡིན།

<<སངས་རྒྱས་ཀྱི་སྤྱོད་པ་>>དང་<<མཛེས་དགའ་བོའི་སྙན་དངགས་>>གཉིས་སྤྱིར་བཏང་གཅེན་གཅུང་གཉིས་ཀྱི་རྣམ་ཐར་བརྗོད་བྱ་བྱས་པའི་སྙན་ངག་ཆེན་པོ་གཉིས་ཡིན་ཡང་། དེ་གཉིས་བར་དུ་འབྲེལ་བ་དམིགས་བསལ་བ་ཞིག་ཡོད་པ་ནི་དཔེར་ན། སངས་རྒྱས་ཀྱི་སྤྱོད་པ་ན་བུད་མེད་ཀྱིས་གེགས་བྱས་ཚུལ་ཤློ་ཀ་བརྒྱ་ལྷག་གིས་རྒྱས་པར་བརྗོད་འདུག་ལ། མཛེས་དགའ་བོའི་སྙན་དངགས་ནང་བུད་མེད་ཀྱིས་གེགས་བྱས་ཚུལ་ཤློ་ཀ་དྲུག་ཅུ་ལྷག་ཙམ་དུ་བསྡུས་ནས་བརྗོད་ཡོད། གཞན་ཡང་སངས་རྒྱས་ཀྱི་སྤྱོད་པ་ན་རྒྱལ་པོ་སྲས་གཙང་དང་དྲང་སྲོང་སེར་སྐྱའི་གནས་ལ་བསྔགས་པ་མདོར་བསྡུས་ཙམ་ལས་མེད་པ་དང་། མཛེས་དགའ་བོའི་སྙན་དངགས་སུ་དེ་དག་གི་བསྔགས་པ་ལེའུ་དང་པོ་དང་གཉིས་པར་རྒྱས་པར་བསྟན་པ་བཅས་ནི་ཕན་ཚུན་ཁ་སྐོང་གི་ཚུལ་དུ་མཛད་མིན་མི་ཤེས་མོད། གཤིབ་སྡུར་གྱི་སྒོ་ནས་དབྱེ་ཞིབ་བྱེད་དུས་ཕན་ཚུན་གྱི་བརྗོད་དོན་ལ་གཞོགས་འདེགས་ཀྱི་ནུས་པ་ཆེན་པོ་ཐོན་འདུག

མཇུག་གཏམ།

        སྤྱིར་སློབ་དཔོན་འདི་ཉིད་བསྟན་བཅོས་རྩོམ་པ་ལ་མཆོག་ཏུ་གྱུར་ཅིང་སྒོས་སུ་སྙན་ངག་གི་ཚིག་སྦྱོར་ཕུན་སུམ་ཚོགས་ལ་ཉམས་འགྱུར་རྨད་དུ་བྱུང་བས། དཔལ་ཆོས་ཀྱི་གྲགས་པའི<<རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པའི་དྲིས་ལན>>དུ། “ཙནྡྲ་གོ་མི་བརྗོད་པ་རྣམ་པར་དག།།སྙན་ངག་དཔའ་བོ་ལས་བྱུང་སྡེབ་སྦྱོར་མཁས། ”3ཞེས་བསྔགས་པ་མཛད་མྱོང། དེ་ཡང་སློབ་དཔོན་འདི་ཉིད་ཀྱིས་རྒྱུ་ཕུན་སུམ་ཚོགས་པ་ཐུབ་པའི་སྤྱོད་པ་རྨད་དུ་བྱུང་བ་རྣམས་བརྗོད་བྱར་བཟུང་སྟེ། རྗོད་བྱེད་ཉམས་འགྱུར་སྟོང་གིས་ཕྱུག་པའི་སྙན་ངག་གི་ཕྲེང་བར་བརྒྱུས་པའི་རྩོམ་རིག་བརྩམས་ཆོས་འདི་དག་མཛད་པས་ན། སློབ་དཔོན་འདིའི་སྙན་ངག་ཆེས་ཆེར་དར་ཞིང་རྒྱས་ཏེ་སྐྱེས་འགྲོ་ཀུན་ལ་ཕན་པར་གྱུར་བའི་འབྲས་བུ་ཕུན་སུམ་ཚོགས་པ་འདི་བྱུང་བ་ཡིན་ལ། དེ་ནི་སློབ་དཔོན་གྱིས་སྙན་དངགས་བརྩམས་པའི་རེ་འདོད་ཀྱི་ཆ་ཙམའང་གྲུབ་པ་ཡིན་ཏེ།<<སྐྱེས་རབས་སོ་བཞི་བར>>“འཇིག་རྟེན་མཆོག་གི་སྤྱོད་པ་དམ་པ་ཕྱོགས་ཙམ་གྱིས། །བདག་གི་སྙན་དངགས་མཉན་དུ་རུང་བར་བྱ་བའི་ཕྱིར། །ལུང་དང་གཙུག་ལག་རིག་པར་མི་འགལ་ལམ་བདག་གིས། །དེ་ལྟར་འཇིག་རྟེན་དོན་གྱུར་སྙམ་ནས་འདི་བརྩམས་སོ། ”4 ཞེས་གསུངས་པ་བཞིན་རྩོམ་པ་ལ་དགའ་བའི་སྐྱེས་བོ་རྣམས་ཀྱི་སྙན་དབང་གསོས་པར་གྱུར། ཁོང་གི་རྩོམ་གཤིས་ཀྱིས་ཤར་ནུབ་སྤྱི་དང་ལྷག་པར་དུ་རྒྱ་གར་ལེགས་སྦྱར་རྩོམ་རིག་དང་བོད་ཀྱི་རྩོམ་རིག་བཅས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ་དུས་ད་ལྟའང་གྲགས་པ་མ་ཉམས་པར་གནས་པ་ལགས་ན་ཁོང་ནང་བསྟན་རྩོམ་རིག་གི་ཡབ་ཆེན་ལ་ངོས་འཛིན་བྱས་ཆོག་པར་སྙམ་པ་བཅས་འདི་ཙམ་གྱིས་འཐུས་པར་བྱའོ།། །།

ཞེས་འབྲོག་རུ་ཆོས་དར་གྱིས་ཡུལ་རྒྱ་གར་བྱང་ཕྱོགས་རང་ཤག་ཏུ་སྦྱར།

བོད་རྒྱལ་ལོ་༢༡༤༡རབ་བྱུང་བཅུ་བདུན་ཤིང་ཕོ་རྟའི་ལོ།  སྤྱི་ལོ་༢༠༡༤ལོའི་ཟླ་༥ཚེས་༥ཉིན།

ལུང་ཁུངས།

(1) <<བསྟོད་པ་བརྒྱ་ལྔ་བཅུ་བའི་རྣམ་བཤད་ལམ་བཟང་གསལ་བྱེད་རིན་ཆེན་སྒྲོན་མེ>>  ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ་པོད་ཆ་པ།

(2) <<རྩོམ་ཡིག་གསེར་གྱི་སྦྲམ་བུ>>སྟོད་ཆ། ཤོག་ངོས ༡༩༡     མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང།  ༡༩༨༨

(3) <<གསོ་རིག་སྨན་གྱི་ཁོག་འབུགས>> སྡེ་སྲིད་སངས་རྒྱས་རྒྱ་མཚོ།  ཤོག་ངོས ༡༤༦   ཀན་སུའུ་མི་རིགས་དཔེ་སྐྲུན་ཁང།   ༡༩༨༢

(4) <<སྐྱེས་རབས་སོ་བཞི>> སྡེ་བསྟན་སྐྱེས་རབས་སྣ་ཚོགས་ཀྱི་ཆོས་སྐོར་ལས་པོད་ཧུ་པ།  ཤོག་ངོས་དང་པོ།

དཔྱད་གཞིའི་རྒྱུ་ཆ།

(1) སྡེ་དགེ་བསྟན་འགྱུར་སྐྱེས་རབས་སྣ་ཚོགས་ཀྱི་ཆོས་སྐོར།  པོད་ཧུ། (23703168.PDF)

(2) སྡེ་དགེ་བསྟན་འགྱུར་གྱི་སྐྱེས་རབས་སྣ་ཚོགས་ཀྱི་ཆོས་སྐོར།  པོད་གེ (23703172.PDF)

(3) སྡེ་དགེ་བསྟན་འགྱུར་གྱི་བསྟོད་ཚོགས།  པོད་ཀ་པ།

(4) <<མཛེས་དགའ་བོའི་སྙན་དངགས་ཆེན་པོ>> ལོ་ཙཱ་བ་བློ་བཟང་འཇམ་དཔལ། ཝཱར་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་པར་བསྐྲུན་བྱས།  ༡༩༩༩ 

(5) <<བསྟོད་པ་བརྒྱ་ལྔ་བཅུ་བའི་རྣམ་བཤད་ལམ་བཟང་གསལ་བྱེད་རིན་ཆེན་སྒྲོན་མེ>>  ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ་པོད་ཆ་པ།

(6) <<རྩོམ་ཡིག་གསེར་གྱི་སྦྲམ་བུ>>སྟོད་ཆ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང།  ༡༩༨༨

(7) <<གསོ་རིག་སྨན་གྱི་ཁོག་འབུགས>> སྡེ་སྲིད་སངས་རྒྱས་རྒྱ་མཚོ།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང།   ༡༩༨༢

(8) <<རྡོ་རྗེའི་ཁབ>> སློབ་དཔོན་རྟ་དབྱངས་ཀྱིས་མཛད།  བློ་བཟང་ནོར་བུ་དང་བློ་བཟང་རྡོ་རྗེ་གཉིས་ཀྱིས་བསྒྱུར། ཝཱར་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་པར་བསྐྲུན་བྱས།  ༢༠༠༦

(9) <<རྒྱ་གར་ཆོས་འབྱུང>> ཇོ་ནང་ཏཱ་ར་ནཱ་ཐ།   བོད་གཞུང་ཤེས་རིག་དཔར་ཁང།  ༢༠༠༡

(10) <<གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང>> ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་སྒྱུར་ཅུའུ་ཡིས་བསྒྲིགས།  མཚོ་སྔོན་མི་རིགས་པར་སྐྲུན་ཁང།  

(11) <<གངས་ཅན་མཁས་གྲུབ་རིམ་བྱོན་མིང་མཛོད>> ཀོ་ཞུལ་གྲགས་པ་འབྱུང་གནས་དང་རྒྱལ་བ་བཟང་མཁས་གྲུབ་གཉིས་ཀྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང།  ༡༩༩༢

(12) << སློབ་དཔོན་དཔའ་བོའི་རྣམ་ཐར་མདོར་བསྡུས།>> པཎ་ཆེན་བསྟན་པའི་ཉི་མ། རྩོམ་ཡིག་གསེར་གྱི་སྦྲམ་བུ། སྨད་ཆ།    མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང།  ༡༩༨༨

ངེད་དྲ་ཚིགས།

1 Comment on སློབ་དཔོན་དཔའ་བོའི་སྙན་ངག་གྲགས་ཅན་ལྔ་ཅུང་་་་

  1. ཁོ་བོས་ཉེ་སྔོན་སློབ་དཔོན་དཔའ་བོའི་སྙན་ངག་ཁག་ཅིག་ལ་རགས་ལྟ་ཙམ་བྱས་ཁུལ་ཡིན།
    ད་དུང་སློབ་དཔོན་དཔའ་བོ་དང་སློབ་དཔོན་རྟ་དབྱངས་གཉིས་མི་གཅིག་ཡིན་མིན་དང། རྒྱ་གར་ལ་དཔའ་བོ་ཟེར་བའི་མཁས་པ་གཞན་ཞིག་ཡོད་མེད་སོགས་ཀྱི་དཔྱད་པ་མི་ཉུང་བ་ཞིག་ལྷག་ཡོད་པ་རེད།
    ཀློག་པ་པོའི་ཁྲོད་ན་ཕྲན་ལ་དཔྱད་གཞིའི་རྒྱུ་ཆ་རེ་མཁོ་སྤྲོད་གནང་མཁན་ཡོད་ན་བཀའ་དྲིན་བླ་ན་མེད་པ་ཞུ་ངེས་ཡིན།
    འབྲོག་རུ་ཆོས་དར་ནས།

    Like

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s