སྨྱུག་མདའ།
སྐྱབས་འཇུག་ཞུ་སའི་མཆོད་གྲལ་ན།།
འཇའ་ཚོན་མེ་ཏོག་སྤར་ཁ་ཕྱེས།།
ས་སྨུག་སྐྱ་བོས་བསྒྲིབས་འོག་ཏུ།།
ཉི་མའི་ལག་པ་གཞན་དུ་བརྐྱངས།།
བདག་ནི་རི་བོ་གངས་ནས་ཡོང་།།
འདོད་ཡོན་སྒྱུ་མའི་གླིང་ལ་འཕྲད།།
ཕོ་བྲང་རྒྱབ་ཏུ་ཀི་ཤེད་བྱས།།
གསང་དོར་དམར་པོའི་མཚན་མོར་འཁྲུལ།།
མགོ་བོ་དབྱིངས་སུ་བཏེགས་པ་ལ།།
རྨི་ལམ་ནང་ལ་འོངས་དོན་ཅི།།
སོམས་དང་སྐུད་པ་འགུལ་བའི་ཚེ།།
འཆའ་གཏམ་གནག་པོས་སྐྲ་ཡང་གཟེངས།།
སྲུང་མ་ཀན་ན་མིག་ཡོད་དམ།།
དགེ་སློང་ན་བཟའ་ཕྱི་ཤུན་གྱུར།།
ཨ་ཅེ་ཡག་མའི་མཆུ་སྒྲོས་ཀྱིས།།
སྟོན་པ་གཉིད་ལ་བཏབ་པས་སོ།།
དྲྭ་ངོར་ཞུགས་པའི་མགོ་རིལ་སྡེ།།
བ་སྤུའི་འདབ་མ་ཆགས་པས་བརླན།།
བདག་པོ་མེད་པའི་བསྟན་པ་ལ།།
དངུལ་གྱི་གཤོག་པས་བཀྱགས་ཙམ་བྱས།།
མིང་བྱང་རྫོབ་པོ་ལང་ལོང་འཕུར།།
བྱེ་མའི་གདོང་དུ་ཡི་གེ་ངོམ།།
ས་ཐིག་བརྒལ་བའི་སྔ་གཞུག་ཀུན།།
སྣང་བ་གར་ལ་སྐྱོད་ཀྱིན་ནོ།།
དགྱེས་ཞལ་ལོ་ཟླ་སུབ་ཀྱིན་ན།།
འགུག་མེད་སྐྱོ་བ་བྲང་ལ་ཟགས།།
ཁྱི་རྒན་ལྟོགས་པས་སྒོ་འགྲམ་གཅར།།
སྙིང་རྗེ་ཞེས་པའི་ཤོམ་བཤད་བརླགས།།
རྣམ་ཤེས་མཛེས་པ་མཚར་མཚར་ཡང་།།
དེ་རིང་སང་ཉིན་གང་དུ་ཡལ།།
སྐྱ་མདའ་མ་གསལ་འདུར་འདུར་ནས།།
དད་པའི་རྒན་པོས་སེམས་རྩ་འདྲོགས།།
མུན་པའི་འོད་དུ་འགྲེལ་བཤད་ཙམ།།
རི་བོའི་ཕར་ཚུར་དཔར་བ་ཙམ།།
ལང་ཤོར་ཤོག་ཁ་ང་ཡིས་རྙེད།།
ཤཱཀྱའི་མདོག་ལ་ནག་རྩི་ཤན།།
༢༠༡༤ ༡༠ ༡༨ ཉིན།
ངེད་དྲ་ཚིགས།