གསལ་འགྲེལ། འདི་ནི་འོད་དཀར་དྲ་ཚིགས་ཀྱིས་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེར་བཅར་འདྲི་གནང་བ་ཞིག་ཡིན།

CCTV ནས་བོད་མིའི་མེར་སྲེག་དོན་རྐྱེན་སྐོར་ལ་ལོག་འགྲེལ་བྱས་པའི་ཐད་ྋསྐྱབས་རྗེ་ཀིརྟི་རིན་པོ་མཆོག་ལ་དྲི་བ་ཞུས་ཡོད།


༡༽ དྲི་བ། ཉེ་ཆར་རྒྱལ་སྤྱིའི་ཐོག་ CCTVབརྙན་འཕྲིན་བརྒྱུད་ལམ་ནས་བོད་ནང་གི་རང་སྲེག་གི་ལས་འགུལ་རིམ་པ་བྱུང་དང་འབྱུང་བཞིན་པའི་གནས་ཚུལ་དང་འབྲེལ་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། བོད་གཞུང༌། ལྷག་པར་རིན་པོ་ཆེ་བཅས་ལ་སྐྱོན་འཛུགས་སྣ་ཚོགས་ཞུས་ཡོད། རིན་པོ་ཆེ་མཆོག་གིས་སྐྱོན་བརྗོད་འདི་དག་གསར་ཁང་གིས་སྤེལ་བའི་མཐོང་ཚུལ་ཙམ་ལ་ངོས་འཛིན་གནང་གི་ཡོད་དམ། རྒྱ་གཞུང་གི་བསམ་ཚུལ་ཡིན་པར་ངོས་འཛིན་གནང་གི་ཡོད།

   དྲིས་ལན། སྤྱིར་རྒྱ་བོད་གཉིས་ཕན་ཚུན་དགག་བཞག་ལྟ་བུས་བཤད་རེས་བྱས་པས་ཕན་ཐོགས་ཡོད་པ་ཞིག་མ་མཐོང༌། བདེན་པ་ལ་ངོས་ལེན་མ་བྱས་དུས་ནོར་འཁྲུལ་ཡོ་བསྲང་བྱེད་མི་ཐུབ་ནའང་རྒྱ་ནག་གི་མི་མང་པོ་མགོ་སྐོར་འོག་ཏུ་མི་ཚུད་པའི་ཆེད་ཁྱེད་ཀྱི་དྲི་བར་ལན་འདེབས་ཕྲན་བུ་རེ་བཤད་འདོད་བྱུང༌།

    རྒྱ་ནག་གི་གསར་འགོད་པར་སྨྲ་བརྗོད་ཀྱི་རང་དབང་མེད་པ་ནི་ཡོངས་གྲགས་རེད། ལྷག་པར་ CCTV གསར་འགྱུར་ཁང་ནི་རྒྱ་ནག་དབུས་གཞུང་གི་ཐད་ཀའི་སྟངས་འཛིན་འོག་ཏུ་ཡོད་པའི་གསར་ཁང་ཞིག་ཡིན་དུས་རྒྱ་ནག་གཞུང་གི་བསམ་ཚུལ་དང་རྒྱ་དམར་སྲིད་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་ལངས་ཕྱོགས་ཁོ་ན་མ་གཏོགས་རྒྱ་ནག་གཞུང་གི་ལྟ་ཚུལ་དང་མི་མཐུན་པའི་དངོས་ཡོད་བདེན་པའི་གནས་ཚུལ་གང་ཡང་བཤད་ཐུབ་ཀྱི་མེད་པ་གསལ་པོ་རེད། ཕྱིའི་རྣམ་འགྱུར་ལ་གསར་འགོད་པས་སྤེལ་བ་ཡིན་མདོག་ཙམ་ལས་དོན་ལ་རྒྱ་ནག་དམར་པོའི་སྲིད་གཞུང་གི་དྲིལ་བསྒྲགས་ཀྱི་སྐད་ཆ་རང་རེད། རྒྱ་ནག་གི་གསར་འགོད་པ་ཚོར་རང་དབང་གི་ཐོག་ནས་བདེན་པ་དང་དངོས་ཡོད་གནས་ཚུལ་བཤད་ཐུབ་པའི་གོ་སྐབས་དང་ཐོབ་ཐང་ཡོད་ན་ཕྱིའི་རྒྱལ་ཁབ་ཀྱི་གསར་འགོད་པ་རྣམས་བོད་ཀྱི་ས་ཁུལ་སྤྱི་དང་ལྷག་པར་ཛ་དྲག་གི་གནས་ཚུལ་འབྱུང་སའི་ས་གནས་ཁག་ཏུ་མི་གཏོང་བའི་རྒྱུ་མཚན་མེད། མདོར་བསྡུས་ན། ཉེ་ཆར་ CCTV བརྙན་འཕྲིན་བརྒྱུད་ནས་བོད་ནང་གི་རང་ལུས་མེར་སྲེག་གི་སྐོར་འགྲེལ་བཤད་སྣ་ཚོགས་བྱས་པ་ཡོངས་རྫོགས་གསར་ཁང་གིས་རང་གི་རྣམ་དཔྱོད་དང་གསར་འགོད་པའི་རང་དབང་བེད་སྤྱོད་ཀྱིས་དངོས་ཡོད་དྲང་བདེན་གྱི་ཐོག་ནས་སྤེལ་བའི་གནས་ཚུལ་ཞིག་མིན་པར། རྒྱ་ནག་གཞུང་གི་བསམ་ཚུལ་ལྟར་རྩོམ་བསྒྲིགས་བྱས་པའི་དྲིལ་བསྒྲགས་ཀྱི་གནས་ཚུལ་སྒྲོག་སྦྱང་བྱས་པ་ཙམ་རེད།


༢༽ དྲི་བ། རང་སྲེག་གི་དོན་རྐྱེན་བསྟུད་མར་འབྱུང་བཞིན་པ་འདིས་ཕྱི་སྡོད་བོད་རང་བཙན་སྟོབས་ཤུགས་ཀྱི་བྱེད་ཕྱོགས་ཐལ་དྲགས་པའི་ཕྱོགས་སུ་བསྐྱོད་ཀྱི་ཡོད་པ་མཚོན་གྱི་ཡོད་ཟེར་ནས་བཤད་ཀྱི་ཡོད། འདིའི་ཐད་རིན་པོ་ཆེ་མཆོག་གིས་དགོངས་པ་གང་འདྲ་བཞེས་ཀྱི་ཡོད།

   དྲིས་ལན། གནས་ཚུལ་འདིའི་ཐད་ངས་ཕྱི་རྒྱལ་གྱི་གསར་འགོད་པ་མང་པོར་སྔ་ཕྱིར་སྐད་ཆ་བཤད་མྱོང༌། རྒྱ་ནག་གཞུང་གིས་དུས་རབས་ཉི་ཤུ་པའི་སྟོད་ཀྱི་གཡོ་ཐབས་ཅན་གྱི་སྲིད་བྱུས་རྙིང་པ་དེ་ད་ལྟའང་ལག་ལེན་དུ་བསྟར་གྱི་ཡོད། དཔེར་ན། རྒྱ་ནག་ནང་ཁུལ་དུ་བཀྲ་མ་ཤིས་པའི་དཀའ་ངལ་གང་བྱུང་ཐམས་ཅད་ཀྱི་འབྱུང་རྩའམ་སྐུལ་སློང་བྱེད་མཁན་ཕྱི་ལོགས་ཀྱི་ལོག་སྤྱོད་པ་དང་ཁ་བྲལ་རིང་ལུགས་པས་བྱས་པ་རེད་ཅེས་ནག་ཉེས་ཕྱི་ལོགས་ལ་གཡོགས་ནས་ནང་ཁུལ་དུ་མཐུན་ལམ་ཡོང་ཐབས་བྱེད་ཀྱི་ཡོད། ད་ལོ་ཡང་ཕྱི་སྡོད་བོད་རང་བཙན་སྟོབས་ཤུགས་ཀྱི་བྱེད་ཕྱོགས་ཐལ་དྲགས་པའི་ཕྱོགས་སུ་སྐྱོད་ཀྱི་ཡོད་པ་མཚོན་གྱི་ཡོད་ཅེས་ཕྱིའི་བཙན་འཛུལ་པས་ཀྲུང་གོ་ལ་འཇིགས་སྐུལ་བྱས་པ་མཚོན་གང་ཐུབ་བྱས་ཏེ་རྒྱ་མི་རིགས་ལ་ངར་ཤུགས་སློང་ཐབས་ཁོ་ན་བྱས་ཡོད། སྲིད་བྱུས་འཁྲབ་སྟངས་འདི་དུས་རབས་ཉི་ཤུ་པའི་མགོ་སྟོད་དེར་འཚམ་པོ་ཡོང་ཡོད་སྲིད་ཀྱང༌། དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་རྒྱ་ནག་མི་དམངས་སྔར་ལས་མཐོང་རྒྱ་དང་ཐོས་རྒྱ་ཆེན་པོ། རྣམ་རིག་གྲུང་པོར་ཆགས་ཟིན་པས་དངོས་ཡོད་ཀྱི་གནས་ཚུལ་བདེན་པ་དེ་དུས་ཚོད་ཐུང་ངུའི་ནང་དུ་གསལ་པོར་ཤེས་འགྲོ་གི་རེད་བསམ་པའི་ཚོད་དཔག་རྒྱ་ནག་གཞུང་གིས་བྱེད་ཀྱི་མེད། རྒྱ་ནག་གི་མཁས་པ་མང་པོས་བོད་མིར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཚན་རིག་ལག་རྩལ་དང་ཐབས་ཤེས་སྣ་ཚོགས་པས་བདེན་རྫུན་གྱི་དབྱེ་བ་ལམ་སང་ཤེས་ཐུབ་པས། གཡོ་བྱུས་ཀྱི་འཁྲབ་སྟོན་འདིའི་རིགས་ཀྱིས་རྒྱ་བོད་ཀྱི་ཕྱོགས་གཉིས་ཀར་ཕན་ཐོགས་མེད་ལ། རྒྱལ་ཁབ་ནང་ཁུལ་ཞི་བདེ་ལྷིང་འཇགས་ཡོང་བ་དང་དཀའ་རྙོག་སེལ་བྱེད་ཀྱི་ཐབས་ལམ་ཞིག་གཏན་ནས་མིན།


༣༽ དྲི་བ། རང་སྲེག་གི་དོན་རྐྱེན་མང་པོ་བྱུང་ས་སི་ཁྲོན་རྔ་པ་ཀིརྟི་དགོན་པ་སོགས་ཀྱི་ས་ཆའི་ནང་རེད། གལ་ཏེ་བོད་ཀྱི་གནད་དོན་འདི་བོད་མི་སྤྱི་ཡོངས་ཀྱི་གནད་དོན་ཞིག་ཡིན་ན། ཐལ་དྲགས་པའི་བྱ་སྤྱོད་འདི་རིགས་ས་ཆ་གཅིག་རང་ལ་འབྱུང་གི་མ་རེད་ཟེར་ནས་བཤད་ཡོད། འདིའི་ཐད་རིན་པོ་ཆེ་མཆོག་ལ་གསལ་བཤད་གང་འདྲ་གནང་རྒྱུ་ཡོད།

    དྲིས་ལན། རང་ལུས་མེར་སྲེག་གི་ལས་འགུལ་ཐོག་མ་དང་མང་ཆེ་ཤོས་རྔ་པའི་ས་ཁུལ་དུ་བྱུང་བ་བདེན་པ་རེད། སྐབས་དེ་དུས་རྒྱ་ནག་གཞུང་གིས་ས་གནས་གཅིག་གི་གནས་ཚུལ་ཡིན་པ་ལྟ་བུའི་ཚོད་དཔག་གིས་སྲིད་བྱུས་ནོར་འཁྲུལ་ཅན་ཞིག་ལག་བསྟར་བྱས་པས་ལས་འགུལ་དེ་བོད་ཀྱི་ས་ཁུལ་མང་པོར་ཁྱབ་པ་རེད། ངས་སྔོན་མ་རྒྱལ་སྤྱིའི་གསར་འགོད་པ་མང་པོ་ལ་འདིའི་སྐོར་བཤད་མྱོང༌། རྒྱ་ནག་གཞུང་གིས་བོད་མི་རིགས་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ཀྱི་འོག་བོད་ས་སྟོད་སྨད་ཡོངས་རྫོགས་ལ་མནར་གཅོད་མྱོང་བཞིན་ཡོད་དུས། རང་ལུས་མེར་བསྲེགས་ཀྱིས་མཚོན་པའི་བོད་ཀྱི་བདེན་མཐའ་རྩོད་པའི་ལས་འགུལ་འདི་བོད་ས་སྟོད་སྨད་ཡོངས་རྫོགས་ལ་རིམ་པས་ཁྱབ་འགྲོ་གི་ཡོད། རྒྱུ་མཚན་ནི་རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་ཐོག་ཡོངས་ཁྱབ་ཏུ་དྲང་སྙོམས་མེད་པའི་སྲིད་བྱུས་གདུག་རྩུབ་ཅན་སྣ་ཚོགས་ལག་བསྟར་བྱེད་ཀྱི་ཡོད་པས་རེད་ལ། གནས་སྟངས་དེས་རྐྱེན་པས་བོད་མི་རིགས་ཡོངས་རྫོགས་ཀྱིས་བསམ་ཚུལ་གཅིག་དང་དམིགས་ཡུལ་གཅིག་གི་འོག་རྒྱ་ནག་གཞུང་ལ་རྣམ་འགྱུར་མ་འདྲ་བ་སྣ་ཚོགས་པའི་ཐོག་ནས་ངོ་རྒོལ་མ་བྱས་ཀ་མེད་བཟོས་པ་རེད།

  ལྷག་པར་རྔ་པའི་ས་ཁུལ་དུ་རྒྱ་ནག་གཞུང་གིས་དྲག་གནོན་གྱི་སྲིད་བྱུས་སྣ་ཚོགས་ལག་བསྟར་གྱིས་དགོན་པ་བཙོན་ཁང་ལྟ་བུའི་ངོ་བོར་བསྒྱུར་ནས་བཙན་གནོན་དམིགས་བསལ་ཅན་དང་འཇིགས་སྐུལ་སྣ་ཚོགས་ཀྱིས་ནག་ཉེས་ཡོད་མེད་ཐམས་ཅད་རྒྱུག་པ་ལེབ་རྡུང་གིས་ས་གནས་ཀྱི་བོད་རིགས་མི་མང་འུ་ཐུག་ཏུ་བཅུག་པས་ས་ཁུལ་གཞན་དང་མ་འདྲ་བའི་ཛ་དྲག་གི་གནས་ཚུལ་རིམ་པ་འདི་དག་བྱུང་བ་རེད། དེ་ཡང་བོད་མི་རིགས་ཐོག་སྲིད་བྱུས་འཛིན་སྟངས་ནོར་འཁྲུལ་བྱུང་བའི་སྐྱོན་རེད། ཁ་གསལ་པོ་བྱས་ནས་བཤད་ན་བོད་ནང་གི་ས་ཁུལ་མང་པོར་རྒྱུན་མ་ཆད་པར་རང་ལུས་མེར་བསྲེགས་ཀྱིས་མཚོན་པའི་ཛ་དྲག་གི་གནས་ཚུལ་སྣ་ཚོགས་འབྱུང་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི། རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་ཐོག་དྲང་བདེན་མིན་པ། བོད་མི་ཞིག་ཡིན་ཕྱིན་དོགས་པ་ཟ་ས་དང་ནག་ཉེས་ཡོད་མེད་ཐམས་ཅད་རྒྱུག་པ་ལེབ་རྡུང་གི་སྲིད་བྱུས་དངོས་སུ་ལག་ལེན་དུ་བསྟར་ནས་ཆེད་མངགས་བོད་མི་རིགས་ལ་རྒྱ་གཞུང་གིས་ངར་ཤུགས་འཕར་བཅུག་པའི་མཇུག་འབྲས་ཡིན་པ་གསལ་པོ་རེད།


༤༽ དྲི་བ། རིན་པོ་ཆེ་མཆོག་གིས་འཛིན་སྐྱོང་བྱས་པའི་ཕྱི་སྡོད་ཀིརྟིའི་དགོན་པར་ཆེད་དུ་ཛ་དྲག་ཚོགས་ཆུང་ཞིག་བཙུགས་ཡོད། ཚོགས་ཆུང་འདི་ནི་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༤ རྗེས་སུ་བཙུགས་པ་དང༌། ཚོགས་ཆུང་འདིའི་ལས་འགན་གཙོ་བོ་རྔ་པ་ས་ཁུལ་དུ་ཟིང་ཆ་བཟོ་རྒྱུར་ཇུས་འགོད་ལམ་སྟོན་བྱེད་པ་རེད་ཅེས་སོགས་ཟེར་ནས་བཤད་ཡོད་པར་མ་ཟད། ཚོགས་ཆུང་འདིའི་ཕུགས་སུ་རིན་པོ་ཆེ་བཞུགས་ཡོད་པའི་རྣམ་འགྱུར་བསྟན་གྱི་ཡོད། འདིའི་དངོས་ཡོད་གནས་ཚུལ་གང་འདྲ་རེད་དམ།

    དྲིས་ལན། ང་རྡ་རམ་ས་ལར་མེད་པའི་སྐབས་དེར་བོད་ནང་དུ་གློ་བུར་ཛ་དྲག་གི་གནས་ཚུལ་སྣ་ཚོགས་བྱུང་སྐབས་ཕྱི་རྒྱལ་གསར་འགོད་པ་མང་པོ་ཞིག་འབྲེལ་ཡོད་ཀིརྟིའི་བྱེས་པ་གྲྭ་ཚང་ལ་ཡོང་ནས་བོད་ནང་གི་གནས་ཚུལ་འདྲི་དུས། བོད་ནང་གི་དངོས་ཡོད་གནས་ཚུལ་དྲང་པོ་ཤོད་ཐུབ་དགོས་ཀྱི་འདུག་ཅེས་མི་འགའ་ཤས་མཉམ་རུབ་ཀྱི་ཐོག་ནས་བཙུགས་པའི་བོད་གནས་འབྲེལ་མཐུད་པ་རེད། ངས་བཀོད་མངགས་འོག་ཏུ་བཙུགས་པའི་ཚོགས་ཆུང་མ་རེད་ལ་ད་ལྟ་བོད་གནས་འབྲེལ་མཐུད་པ་མི་གཉིས་མ་གཏོགས་མེད། བོད་གནས་འབྲེལ་མཐུད་པ་གཉིས་ཀྱིས་བོད་ནང་གི་འབྲེལ་ཡོད་མང་ཚོགས་ཁྲོད་ཟིང་ཆ་སློང་རྒྱུར་ཇུས་འགོད་ལམ་སྟོན་བྱས་པའི་དཔང་རྟགས་ཡོད་ན་རྒྱལ་སྤྱིའི་མདུན་དུ་བཞག་ན་ལེགས། མི་རྒྱུ་གཉིས་ཀྱི་ཐོག་ནས་ཟིང་ཆ་སློང་ཐུབ་པའི་མཐུན་རྐྱེན་དང་ནུས་པ་གཉིས་ཀ་མེད་མཁན་ཞིག་ལ་དོགས་པ་ཟ་བྱེད་ཙམ་བཤད་པ་ནི་འབྲེལ་ཡོད་རྒྱ་མི་རིགས་ཚོ་མགོ་སྐོར་གཏོང་བའི་དཀྲོག་གཏམ་རེད།

   བོད་ནང་ཛ་དྲག་གི་གནས་ཚུལ་བྱུང་བའི་སྐབས་རྒྱལ་སྤྱིའི་གསར་འགོད་པ་མང་པོས་འབྲེལ་ཡོད་ཀིརྟིའི་བྱེས་པ་གྲྭ་ཚང་ལ་གནས་ཚུལ་འདྲི་བར་ཡོང་དུས་བོད་ནང་དུ་གནས་ཚུལ་གང་བྱུང་བ་ལ། འཁྱོག་བཤད་དང་སྒྲོ་སྐུར་མེད་པར། བདེན་པ་དང་དངོས་ཡོད་གནས་ཚུལ་གྱི་གསར་འགྱུར་གང་ཤེས་པ་དེ་སྤྲད་པ་རེད། རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་ལ་དམ་བསྒྲགས་བྱས་པའི་རྐྱེན་གྱིས་བོད་ནང་གི་གནས་ཚུལ་ཤེས་ཐུབ་ཀྱི་མེད་དུས་བདེ་སྡུག་གི་གནས་ཚུལ་དྲང་པོ་བཤད་དགོས་པ་ནི་རང་དབང་ལུང་པར་ཡོད་པའི་འབྲེལ་ཡོད་བོད་མི་ཚོའི་ལས་འགན་རེད། རྒྱལ་སྤྱིའི་གསར་འགོད་པར་བོད་ནང་གི་གནས་ཚུལ་བདེན་པ་ཤེས་ཐུབ་པའི་གོ་སྐབས་རྒྱ་གཞུང་གིས་སྤྲོད་ཀྱི་མེད་པར་མ་ཟད། གནད་དོན་ཡོད་མེད་ཀྱི་གསར་འགྱུར་ཆེ་ཆུང་ཐམས་ཅད་གསང་བར་ངོས་འཛིན་གྱིས་དེ་ཕྱི་ལ་བཤད་ན་རྒྱལ་ཁབ་མགོ་རྟིང་སློག་མཁན་རེད་ཅེས་ཉེས་མིང་བཏགས་ནས་ཕྱི་ལ་སྒོ་བརྒྱབས་པ་རེད། རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་པར་འདྲི་དུས་ཧ་གོ་མ་སོང་ཟེར་བ་དང་གནས་ཚུལ་དེ་འདྲ་བྱུང་མེད་ཅེས་མངོན་སུམ་ལ་བསྙོན་པ་དང༌། སྐབས་འགར་ཆེད་མངགས་བཟོས་པའི་གནས་ཚུལ་རྫུན་སྒྲིག་སྣ་ཚོགས་ཁྱབ་བསྒྲགས་བྱས་པར་བརྟེན། རྒྱལ་སྤྱིའི་གསར་འགོད་པས་རང་བཞིན་གྱིས་གནས་ཚུལ་དངོས་ཡོད་དང་བདེན་པ་མཁོ་སྤྲོད་བྱེད་མཁན་ལ་ཆ་འཇོག་དང་མཐོང་ཆེན་པོ་བྱས་པ་རེད། གལ་སྲིད་རྒྱ་གཞུང་གིས་རྒྱལ་སྤྱིའི་གསར་འགོད་པ་བོད་ནང་རང་དབང་གིས་བཏང་སྟེ་དངོས་ཡོད་གནས་ཚུལ་རྟོག་ཞིབ་བྱེད་ཆོག་པའི་གོ་སྐབས་སྤྲད་ཡོད་ཚེ་འདིའི་བོད་གནས་འབྲེལ་མཐུད་པས་མཚོན་པའི་ལས་དོན་མང་པོ་ཞིག་དགོས་མེད་ཆགས་རྒྱུ་གཏན་འཁེལ་བ་རེད།

   བོད་གནས་འབྲེལ་མཐུད་པས་བཤད་པའི་གནས་ཚུལ་དེ་ཚོ་བདེན་པ་ཡིན་མིན་བརྟག་དཔྱད་བྱས་ཏེ་ནོར་བ་ཡོ་བསྲང་བྱེད་དགོས་པ་དང༌། རྫུན་པ་ཡིན་ཚེ་རྫུན་པའི་ཁུངས་སྐྱེལ་རྒྱལ་སྤྱིའི་མདུན་ལ་བཞག་སྟྟེ་འབྲེལ་མཐུད་པས་སྤྲད་པའི་རྫུན་རྐུབ་བརྡོལ་ནས་ཆ་འཇོག་མེད་པར་བཟོ་དགོས། འདི་སུས་བཙུགས་པ་རེད་ཅེས་རྩད་གཅོད་བྱེད་ཁུལ་གྱིས་ནག་ཉེས་གཞན་ལ་འགེབ་ཐབས་བྱས་པས་ཕན་ཐོགས་མེད།


༥༽ དྲི་བ། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༤ ཚེས་ ༡༣ དང་ཚེས་ ༢༢ བཅས་ལ་ཀིརྟི་རིན་པོ་ཆེས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཀྲུང་གོར་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་བྱས་ཡོད་ཟེར་ནས་སྐྱོན་འཛུགས་ཞུས་ཡོད། དེ་ནི་རིན་པོ་ཆེས་གོང་གསལ་གྱི་ཚེས་གྲངས་སོ་སོར་རྒྱ་ནག་གཞུང་གི་དཔོན་རིགས་རྣམ་པ་དང༌། རྒྱལ་སྤྱིའི་ཐོག་གསུང་འཕྲིན་རེ་གནང་བ་དེ་གཉིས་ཀྲུང་གོ་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཡིན་པར་ངོས་འཛིན་བྱས་ཡོད། གསུང་འཕྲིན་དེ་གཉིས་ཀྱི་ནང་དུ་ཀྲུང་གོར་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་གནང་བ་ཡོད་དམ།

   དྲིས་ལན། གོང་གསལ་གྱི་ཚེས་གྲངས་སོ་སོར་འབོད་སྐུལ་གྱི་ཞུ་ཡིག་རེ་ཕུལ་ཡོད། འདིའི་ནང་དོན་གཙོ་བོ་ནི། རྒྱ་ནག་དབུས་གཞུང་དང༌། འབྲེལ་ཡོད་ཞིང་ཆེན། ཁུལ། རྫོང་བཅས་ཀྱི་དཔོན་རིགས་རྣམས་ལ་ད་ལྟར་བོད་མིའི་ཐོག་ལག་བསྟར་བྱེད་བཞིན་པའི་དྲག་གནོན་དེ་མཚམས་འཇོག་གནང་རོགས། རྒྱ་བོད་ཀྱི་གནས་ཚུལ་ཞི་མོལ་གྱི་ལམ་ནས་ཐག་གཅོད་ཡོང་ཐབས་གནང་རོགས། ྋགོང་ས་ྋསྐྱབས་མགོན་ྋརྒྱལ་བ་རིན་པོ་ཆེའི་ཐུགས་དགོངས་ལྟར་རྒྱ་བོད་གཉིས་ཀྱི་དཀའ་ངལ་དེ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་ནས་འགྲིག་ཐབས་ཡོང་བར་རྒྱ་ནག་གཞུང་གི་ངོས་ནས་འབད་བརྩོན་གནང་དགོས་ཀྱི་འདུག་ཅེས་འབོད་སྐུལ་ཞུས་ཡོད།

   འབྲེལ་ཡོད་དམངས་ཚོགས་ལ་ཡང་ཛ་དྲག་གི་དུས་སྐབས་འདིར་ལས་འགུལ་གང་འདྲ་ཞིག་སྤེལ་བ་ཡིན་ནའང་ཞི་བའི་ལས་འགུལ་མ་གཏོགས། དྲག་པོའི་ལས་འགུལ་གྱི་རིགས་གཏན་ནས་སྤེལ་མི་རུང་བའི་འབོད་སྐུལ་ཞུས་ཡོད། ཞི་འཇམ་ཡོང་ཐབས་སུ་འབྲེལ་ཡོད་བོད་མི་རིགས་རང་གི་ངོས་ནས་ཐབས་ཤེས་གང་ཡོད་གནང་དགོས་པའི་རེ་སྐུལ་ཞུས་ཡོད།

   འཛམ་གླིང་རྒྱལ་སྤྱིའི་ཐོག་གི་དྲང་བདེན་ལ་དགའ་བའི་དབུ་ཁྲིད་རྣམ་པ་དང་གཞུང་དང་མང་ཚོགས་བཅས་ཀྱིས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱེད་བཞིན་པ་དེ་མཚམས་འཇོག་ཡོང་བའི་ཆེད་དུ་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུ་རྒྱུས་མཚོན་པའི་བོད་མིར་རྒྱབ་སྐྱོར་གནང་རོགས་ཞེས་རེ་འདུན་ཞུས་པ་མ་གཏོགས་ཀྲུང་གོར་གནོན་ཤུགས་སྤྲོད་དགོས་ཞེས་བཤད་མེད། རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་ནས་བོད་མིར་ཁེ་ཕན་རག་ཐབས་མེད་པ་གསལ་པོ་རེད། དུས་རབས་ཉི་ཤུ་རྩ་གཅིག་པ་འདིར་གནས་ལུགས་དང་རྒྱུ་མཚན་བཤད་པའི་ཐོག་ནས་གཉིས་མོས་ཀྱི་ལམ་ཁ་ཞིག་བཙལ་ཏེ་ཕྱོགས་གཉིས་འགྲིག་ཐབས་བྱ་དགོས་པ་རེད་མ་གཏོགས། གཅིག་གིས་གཅིག་ལ་གནོན་ཤུགས་སྤྲད་པའི་འོག་ནས་འཆམ་མཐུན་གྱི་སྤྱི་ཚོགས་ཡོང་ཐབས་མེད་པ་གསལ་པོ་རེད། ངའི་ཡི་གེ་དེ་ཚོ་ཡོངས་གྲགས་བྱས་ནས་བཀྲམས་ཡོད་ནའང་རྒྱ་ནག་ནང་ཁུལ་ལ་སྦས་སྐུང་བྱས་ཡོད་སྲིད་པས་དོན་གཉེར་ཅན་ཚོས་ཐབས་འཚོལ་བྱས་ན་རང་གཞན་ཀུན་གྱིས་ལྟ་ཀློག་བྱེད་ཐུབ། དེའི་ནང་དུ་ཀྲུང་གོར་གནོན་ཤུགས་སྤྲོད་དགོས་ཞེས་བཤད་ཡོད་མེད་ཀློག་ན་ཤེས་ཐུབ།


༦༽ དྲི་བ། རིན་པོ་ཆེ་མཆོག་གིས་རང་སྲེག་བྱས་པའི་གྲྭ་བཙུན་སོགས་ལ་མི་རིགས་ཀྱི་དཔའ་བོ་དང༌། རང་དབང་གི་འཐབ་རྩོད་པ་ཞེས་སོགས་ཀྱི་མིང་བཏགས་ཡོད་ཟེར་ནས་སྐྱོན་འཛུགས་ཞུས་ཡོད། དེ་འདྲ་རེད་དམ།

   དྲིས་ལན། མི་རིགས་ཀྱི་དཔའ་བོ་དང༌། རང་དབང་གི་འཐབ་རྩོད་པ་ཟེར་བའི་མིང་ཚིག་འདི་འགོ་ཁྲིད་ཅིག་གིས་བཏགས་ནས་བསྒྲགས་པ་ཞིག་མིན་པར། སུས་བཏགས་དང་འདི་བཏགས་མེད་པར་གཞིས་བྱེས་ཀྱི་བོད་མིའི་ཁྲོད་ནས་རང་བཞིན་གྱིས་ཁྱབ་སྤེལ་སོང་བའི་མིང་གནས་ཤིག་རེད།

   རང་དོན་མིན་པར་མི་དམངས་གི་དོན་དུ་རང་གི་ལུས་སྲོག་མེར་སྲེག་གཏོང་ཐུབ་མཁན་འདི་ཚོ་སྙིང་སྟོབས་ཅན་དང་དཔའ་ངར་ཆེན་པོ་ཅན་ཡིན་པ་གསལ་པོ་རེད། རང་ལ་ཁབ་གཅིག་བཙུགས་ནའང་བཟོད་མི་ཐུབ་པ་ནི་མྱོང་བའི་ཐོག་ནས་གསལ་པོ་ཤེས་དུས། བོད་མི་རིགས་དང་མི་མང་པོའི་ཆེད་དུ་རང་གི་གཅེས་པའི་ལུས་སྲོག་མེར་བསྲེགས་ནས་བོད་མི་རིགས་ཀྱི་བདེ་སྡུག་གི་ཆེད་དུ་ཞུ་འབོད་བྱེད་མཁན་ཁོང་ཚོའི་སྙིང་སྟོབས་ནི་ཕུལ་དུ་བྱུང་བ་ཞིག་ཡིན་པ་གསལ་པོ་རེད། སོ་སོའི་མི་དམངས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་བྱེད་མཁན་རྒྱ་བོད་སུ་ཞིག་ཡིན་ནའང་དཔའ་བོ་རེད་ཅེས་མང་ཚོགས་ནས་བསྟོད་བསྔགས་བྱེད་འོས་པ་ཞིག་རེད། རང་གི་ལུས་ཕུང་ཡོངས་རྫོགས་ལ་མེ་མཆེད་བཞིན་པའི་སྐབས་སུ་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་མི་རིགས་ལ་རང་དབང་དགོས་ཞེས་ཞུ་འབོད་བྱེད་ཀྱི་ཡོད། འགའ་ཤས་ཀྱིས་ཞལ་ཆེམས་ཡི་གེ་བཞག་ཡོད། སྙིང་སྟོབས་ཆེན་པོ་དང་དཔའ་ངར་ལྡན་པ་ཞིག་མིན་ན་ལུས་ཕུང་ཡོངས་རྫོགས་མེས་འཚིག་བཞིན་པའི་སྐབས་འདི་འདྲའི་ཞུ་འབོད་ཅིག་ཁ་ནས་ཐོན་གྱི་མ་རེད་ལ་སེམས་ནང་ཡང་དྲན་ཐུབ་ཀྱི་མ་རེད། ཁོང་ཚོ་མིང་ཙམ་ལ་ཆགས་ནས་རང་སྲོག་བློས་གཏོང་མཁན་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད།


༧༽དྲི་བ། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡༡ ཚེས་ ༡༡ ཉིན། ཀིརྟི་རིན་པོ་ཆེས་གསར་འགོད་པའི་བཅར་འདྲི་དང་ལེན་ཞིག་གི་སྐབས་སུ་རང་སྲེག་དོན་རྐྱེན་ནི་བོད་མི་ས་ཡ་དྲུག་གི་བདེ་སྡུག་ཁེ་ཕན་དང༌། ནང་པས་སྐུལ་སྤེལ་བྱེད་པའི་གཞན་ཕན་བྱ་སྤྱོད་ཅིག་རེད་ཅེས་གསུངས་ཡོད་པ་རེད་ཟེར་བའི་སྐྱོན་འཛུགས་བྱས་འདུག་པའི་ཐད་གསལ་བཤད་གནང་རྒྱུ་ཅི་ཞིག་ཡོད།

   དྲིས་ལན། ཚེས་གྲངས་དེའི་ཉིན་གསར་འགོད་ལས་རིགས་དེ་འདྲ་གཏན་ནས་མེད་ཀྱང༌། གང་ལྟར་རང་ལུས་མེར་སྲེག་གཏོང་མཁན་མང་ཆེ་བས་མེར་བསྲེགས་གཏོང་དགོས་པའི་རྒྱུ་མཚན་ནི་ཁོང་ཚོས་མེར་བསྲེགས་སྐབས་སྐད་འབོད་ཞུས་ཡོད་ལ། མང་པོ་ཞིག་གིས་ཞལ་ཆེམས་ཀྱི་ཡི་གེ་བཞག་ཡོད། ཁོང་ཚོའི་འབོད་ཚིག་དང་ཁ་ཆེམས་ཀྱི་ཡི་གེའི་ནང་དུ་ཁོང་ཚོས་རང་ལུས་མེར་སྲེག་གཏོང་དགོས་པ་ནི་བོད་མི་རིགས་ཀྱི་བདེ་དོན་ཆེད་ཡིན་པ་གསལ་པོ་བཤད་ཡོད། གཞན་དོན་དང་མི་མང་པོའི་ཆེད་དུ་ལྷག་བསམ་རྣམ་དག་གིས་རང་གི་ལུས་སྲོག་བློས་གཏོང་ཐུབ་པའི་སྙིང་སྟོབས་ནི་ཐེག་པ་ཆེན་པོའི་ཉམས་ལེན་དང་རྗེས་སུ་མཐུན་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དམར་པོའི་ལྟ་བའི་ནང་དུ་ཡིན་ནའང་དམངས་ཚོགས་དང་གྲལ་རིམ་གྱི་འཐབ་རྩོད་ཆེད་རང་ཉིད་བློས་གཏོང་མཁན་དེ་ཚོ་རླབས་ཆེན་དུ་བརྩི་གི་ཡོད་པ་དང་གཅིག་མཚུངས་རེད། ལས་འགུལ་འདི་འཚེ་བ་རེད་དམ་ཟེར་ན། འཛམ་གླིང་ནང་ཡོངས་སུ་གྲགས་པའི་ཆབ་སྲིད་ཀྱི་ཚིག་དམིགས་བསལ་ཅན་འཚེ་བ་མེད་པའི་ལས་འགུལ་ཟེར་བ་དེ་རེད། རང་གིས་རང་ཉིད་བསྲེགས་པ་ཙམ་མ་གཏོགས་གཞན་ཕ་རོལ་པ་སུ་ལའང་འཚེ་བའི་ལས་བྱས་མེད།


༨༽ དྲི་བ། རིན་པོ་ཆེ་མཆོག་གིས་གཏམ་བཤད་ཅིག་གི་སྐབས་སུ། མེ་འོད་ནམ་མཁར་མཆེད་པ་མཐོང་ཚེ། ང་ལ་དགའ་ཚོར་ཆེན་པོ་སླེབས་ཀྱི་འདུག ཅེས་གསུངས་ཡོད་པ་རེད་ཟེར་ནས་རྒྱ་གཞུང་གིས་སྒྲོག་གི་ཡོད། རིན་པོ་ཆེས་འདི་འདྲ་ཞིག་གསུངས་མྱོང་བ་རེད་དམ།

   དྲིས་ལན། ཚིག་འདི་ནི་ངའི་ཁ་ལ་གོམས་པའི་ཚིག་བརྗོད་ཅིག་གཏན་ནས་མ་རེད། ཚིག་འདིའི་བྱུང་རིམ་ལ་བལྟས་ན་རྒྱ་སྐད་ནང་ཡོད་པའི་ཡོངས་གྲགས་ཀྱི་ཚིག་ཅིག་བོད་སྐད་སྟེང་ཕབ་པ་ཞིག་མ་གཏོགས་བོད་སྐད་ཀྱི་འགྲོ་སྟངས་དང་མཐུན་པའི་ཚིག་སྦྱོར་ཞིག་མ་རེད། ངས་འདི་འདྲའི་ཚིག་སྦྱོར་ཅན་ཞིག་བཟོས་ནས་བཤད་པའང་དྲན་གྱི་མི་འདུག་ལ་བཤད་དགོས་པའི་རྒྱུ་མཚན་ཡང་མེད། བོད་ནང་དུ་བོད་མི་ཞིག་མེར་བསྲེགས་བཏང་སྟེ་ཤི་འདུག་ཟེར་བའི་གསར་འགྱུར་རེ་རེ་བཞིན་གོ་བའི་སྐབས་སེམས་ནང་བོད་མིའི་ལས་དབང་ལ་སྐྱོ་སྣང་དང་ཕངས་སེམས་ཆེན་པོ་ཡོང་གི་འདུག་ལ། གཤིན་པོ་དེ་ཚོའི་ཆེད་དུ་བསྔོ་བ་སྨོན་ལམ་བྱེད་རྒྱུ་མ་གཏོགས་བོད་རིགས་སྤུན་ཟླ་སེམས་ཤུགས་ཡོད་མཁན་ཞིག་ཤི་བར་ང་ལ་དགའ་ཚོར་ཆེན་པོ་ཞིག་ག་ནས་སྐྱེ་སྲིད། ངས་སྐད་ཆ་དེ་འདྲ་ཞིག་བཤད་ཡོད་མེད་ལ་རྒྱ་ནག་གཞུང་གིས་བརྟག་དཔྱད་ཙམ་ཡང་བྱས་ཡོད་ཚོད་མི་འདུག

   སྤྱིར་གོང་རིམ་ལས་བྱེད་གནད་ཡོད་ཚོས་འོག་ནས་ཕུལ་བའི་གནས་ཚུལ་བདེན་པ་ཡིན་མིན་ལ་ཞིབ་འཇུག་བྱེད་ཐུབ་ཀྱི་མེད་པ་གསལ་པོ་རེད། དེ་ནི་ཧ་ལས་པའི་འཐུས་ཤོར་དང་ཛ་དྲག་ཆེ་ལ་ཉེན་ཁའི་རང་བཞིན་ཅན་ཞིག་རེད། དཔེར་ན། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡༢ ཚེས་ ༡༢ ཉིན་རྒྱ་ནག་དབུས་གཞུང་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཆུན་ཟེར་བ་རྒྱ་གཞུང་གི་གནད་ཡོད་གོ་གནས་མང་པོ་ཁུར་མཁན་དེར་ཤེས་རྒྱ་དང་མཐོང་རྒྱ་མེད་དུས་འོག་རིམ་ནས་ཡར་ཕུལ་བའི་གནས་ཚུལ་ཐམས་ཅད་བདེན་པ་ཡིན་ཤག་གིས་ལུང་ཁུག་ནང་གི་དཔོན་ཆུང་གི་དཔེ་ལྟར་Ms་རན་སིའི་རྒྱལ་ས་ཕེ་རི་སིར་གཞུང་འབྲེལ་གྱི་གཏམ་བཤད་འདི་འདྲ་སྤེལ་ཡོད། དཔེར་ན་ངའི་ལོ་རྒྱུས་ཐོག་སྐྱོན་འཛུགས་བྱེད་སྐབས། “”ཕམ་ཉེས་བྱུང་རྗེས་རྒྱལ་ཕྱིར་བྲོས་བྱོལ་དུ་སོང་ནས་དུས་ཡུན་རིང་པོར་ཏཱ་ལའི་རུ་ཚོགས་ཀྱི་ཡུལ་གྱར་སྲིད་གཞུང་གི་བདེ་འཇགས་པུའུ་ཀྲང་གི་འགན་ཁུར་བ་རེད། ཅེས་པའི་གཞུང་འབྲེལ་གྱི་གཏམ་བཤད་དེ་འཛམ་གླིང་ལ་བསྒྲགས་གཏམ་གྱི་ཚུལ་དུ་སྤེལ་ཡོད། ངས་ཆོས་རིག་བཀའ་བློན་བྱས་པ་མ་གཏོགས་ལོ་མང་རིང་བདེ་སྲུང་བཀའ་བློན་བྱེད་རྒྱུ་ཕར་ཞོག་བདེ་སྲུང་གི་ཁྱབ་ཁོངས་ཀྱི་ཚན་པ་ཞིག་གི་སློབ་སྟོན་པ་ཙམ་ཡང་བྱས་མྱོང་མེད་པ་ཡོངས་གྲགས་རེད། དེ་བཞིན་དུ་ལྕགས་ལྟ་བུའི་དཔང་རྟགས་ཡོད་ཟེར་བ་སོགས་ཀྱི་གཞུང་འབྲེལ་གཏམ་བཤད་ལ་ཕྱི་རྒྱལ་གྱི་མི་སྣས་ཡིད་ཆེས་མི་ཡོང་བ་རང་ཉིད་ཀྱིས་བཟོས་ཡོད། རྒྱ་ནག་གི་མི་སེར་དཀྱུས་མ་འགའ་རེས་ཡིན་ཤག་གིས་ཡིད་ཆེས་བྱེད་མཁན་ཡོད་སྲིད་པ་ཙམ་རེད། འདི་ལྟ་བུའི་བདེན་པ་མིན་པའི་གནས་ཚུལ་ཆེས་མང་པོ་ཁྱབ་བསྒྲགས་བྱས་པས་རྒྱལ་ཁབ་ཀྱི་མཚན་སྙན་ལ་གནོད་ཀྱི་ཡོད་པ་མཁྱེན་དགོས་པ་ཞིག་རེད།


༩༽ དྲི་བ། རིན་པོ་ཆེའི་གསུང་རྩོམ་བསླབ་བྱ་སོ་གཉིས་མའི་ནང་ནས་སྲོག་གཅོད་སྐོར་གྱི་ཚིག་ཁ་ཤས་དྲངས་ནས། ཀིརྟི་རིན་པོ་ཆེའི་བྱེད་སྟངས་དེ་རིགས་ནི་ཁོང་རང་ཉིད་ཀྱིས་བརྩམས་པའི་ཉམས་མྱོང་རྒན་པོའི་བསླབ་བྱ་སོ་གཉིས་ཞེས་པ་དང་རྦད་དེ་རྒྱབ་འགལ་བྱས་པ་ཞིག་རེད་ཅེས་བཤད་འདུག དེའི་སྐོར་གཟིགས་ཚུལ་གང་འདྲ་ཡོད།

   དྲིས་ལན། དེ་ནི་ཞིབ་ཚགས་པོ་བྱས་ནས་མ་བལྟས་པའི་སྐྱོན་ཞིག་ཡིན། བསླབ་བྱ་སོ་གཉིས་ནང་གཞན་གྱི་སྲོག་གཞན་གྱིས་བཅད་པ་དང་གཞན་སྲོག་གཅོད་པའི་ཐབས་ཚུལ་སྐོར་མ་གཏོགས་རང་སྲོག་རང་གིས་བཅད་ན་སྡིག་པ་ཡོད་མེད་སྐོར་བཤད་མེད། གཞན་སྲོག་གཅོད་ཐབས་སུ་ཕ་རོལ་པོ་དེ་ལ་ཤི་ན་ལེགས་ཚུལ་གྱི་བསྔགས་བརྗོད་བྱེད་པ་མི་འགྲིག་ཚུལ་བཤད་ཡོད། གཞན་དོན་དུ་ཤི་བ་ལ་བསྔགས་བརྗོད་བྱེད་པ་འགྲིག་མིན་གྱི་སྐོར་ཡང་བཤད་མེད། འོན་ཀྱང་གཞན་དོན་དུ་རང་སྲོག་བློས་བཏང་ནས་ཤི་བའི་ཚེ་དེའི་སྙིང་སྟོབས་དང་དེའི་ལྷག་བསམ་ལ་བསྔགས་བརྗོད་བྱེད་པ་ནི་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གཉིས་ཀར་མཐུན་པ་ཞིག་རེད། སྤྱིར་རང་སྲོག་རང་གིས་གཅོད་པ་དང་གཞན་སྲོག་གཅོད་པ། གཞན་དོན་དུ་རང་སྲོག་གཅོད་པ་སོགས་སྲོད་གཅོད་པའི་ལས་སུ་འགྱུར་མིན་དང༌། དགེ་སྡིག་གང་དུ་འགྱུར་མིན་སོགས་ནི་ནང་ཆོས་ཀྱི་གཞུང་ལུགས་གཏིང་ཟབ་མོའི་དགོངས་དོན་ལ་མཁས་པར་སྦྱངས་པ་ཞིག་གིས་མཁྱེན་ཐུབ།


༡༠༽ དྲི་བ། ཀིརྟིའི་དགོན་ཁག་ཡོངས་ཀྱི་བསམ་བློའི་དབུ་ཁྲིད་ཀིརྟི་རིན་པོ་ཆེས་ནང་པའི་བསླབ་བྱ་དང་རང་ཉིད་ཀྱིས་གཏན་ལ་ཕབ་པའི་དགོན་པའི་ཁྲིམས་སྲོལ་བརྩི་སྲུང་བྱ་དགོས་པ་རེད། ཡིན་ནའང༌། ཁོང་གིས་རང་བསྲེགས་བཏང་བ་དེ་ཚོའི་ཆེད་དུ་རྒྱུན་ཆད་མེད་པར་སྨོན་ལམ་འདོན་གྱི་ཡོད་ལ། རང་སྲེག་པ་ཚོར་བསྔགས་བརྗོད་ཚད་མེད་བྱེད་ཀྱི་ཡོད་ཅེས། རིན་པོ་ཆེ་མཆོག་གིས་འདས་པོ་ཚོའི་ཆེད་དུ་མཆོད་འབུལ་སྨོན་ལམ་གསུངས་པ་རང་སྲེག་བྱེད་མཁན་ཚོར་སྐུལ་མ་བཏང་བ་ཡིན་པའི་ངོས་འཛིན་བྱེད་ཀྱི་འདུག འདིའི་ཐད་རིན་པོ་ཆེ་མཆོག་ལ་དགོངས་ཚུལ་གང་འདྲ་ཡོད་དམ།

   དྲིས་ལན། སྐད་ཆ་འདི་དག་ལ་ནི་བོད་ཀྱི་རིག་གཞུང་དང་བོད་མི་རིགས་ཀྱི་གོམས་གཤིས་ཀྱི་འགྲོ་སྟངས་གཏན་ནས་མི་ཤེས་མཁན་ཞིག་གིས་བཤད་པའི་རྣམ་པ་གསལ་པོ་ཡོད། བོད་པའི་རིག་གཞུང་དང་ཆོས་ལུགས་ཀྱི་འགྲོ་སྟངས་ཤེས་མཁན་ཞིག་ཡིན་ན། བོད་མི་རིགས་ལ་མིར་མ་ཟད་ཐ་ན་འབུ་ཞིག་ཤི་བ་མཐོང་ནའང་དེའི་ཆེད་དུ་མཎི་ཞིག་བཏོན་ནས་སྨོན་ལམ་རྒྱག་པའི་གོམས་གཤིས་ཡོད། ང་ཚོས་གཤིན་པོའི་ཆེད་དུ་བསྔོ་བ་སྨོན་ལམ་དང་མཆོད་འབུལ་བྱས་ནས་དགེ་བ་བྱས་པ་འདི་གཤིན་པོའི་རྗེས་འཇུག་ཏུ་དགེ་བ་བྱས་པ་ཞིག་རེད་མ་གཏོགས། མི་མང་རང་སྲེག་གི་ལས་འགུལ་ནང་ཞུགས་དགོས་པར་རྟིང་སྐུལ་བྱས་པའི་བྱ་སྤྱོད་རེད་ཅེས་པའི་ཆབ་སྲིད་བཤད་སྟངས་འདི་ནི་བོད་མིའི་གཤིས་ཀར་རྒྱུས་མཻད་ཅིག་གིས་བཤད་པ་གསལ་པོ་རེད། རྒྱ་ནག་གཞུང་ནི་ཡོད་ཚད་ཆབ་སྲིད་དང་འབྲེལ་བ་བཙན་གྱིས་སྒྲུབ་པའི་སྲིད་བྱུས་ལ་གོམས་ཡོད་པས་རྒྱ་མི་རིགས་ལ་ཐེ་ཚོམ་དང་ངར་ཤུགས་སླེབས་པའི་ཆེད་བསྒྲགས་པ་ཞིག་ཡིན་སྲིད་ནའང༌། བོད་མིའི་བསམ་བློ་གཏོང་སྟངས་དང་གོམས་གཤིས་ལ་གཤིན་པོའི་རྗེས་འཇུག་དགེ་བ་བྱེད་རྒྱུ་འདི་ལྷག་བསམ་རྣམ་དག་གིས་བྱེད་པ་མ་གཏོགས་དེ་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱེད་པའི་གཤིས་ཀ་མེད།


༡༡༽ དྲི་བ། བཙན་བྱོལ་བོད་གཞུང་དང༌། བོད་དམངས་ཚོགས་ཀྱིས་རང་སྲེག་གི་ལས་འགུལ་སྤེལ་མཁན་ཚོར་བསྟོད་བསྔགས་བྱས་པ་ལ་བརྟེན་ནས་བོད་ནང་དུ་གྲྭ་པ་མང་པོས་བསྟུད་མར་རང་བསྲེགས་བྱེད་པའི་གནས་ཚུལ་ཡོང་གི་ཡོད། བྱ་སྤྱོད་འདི་ནི་མིའི་ཚེ་སྲོག་ལ་གནོད་པ་སྐྱེལ་བའི་བྱ་སྤྱོད་ཅིག་ཡིན་པ་དང༌། བྱ་སྤྱོད་འདི་ས་གནས་སྲིད་གཞུང་གིས་ཚེ་སྲོག་ལ་མཐོང་ཆེན་དང་གཅེས་སྤྲས་བྱས་པར་ཡོངས་སུ་འགལ་བར་ཆགས་ཀྱི་ཡོད་ཟེར། འདིའི་ཐད་རིན་པོ་ཆེས་གསལ་བཤད་ཅིག་གནང་རོགས།

   དྲིས་ལན། སོ་སོའི་སྒེར་གྱི་ཁེ་ཕན་དང་ལས་དོན་ཞིག་གི་ཆེད་དུ་མིན་པར། བོད་སྤྱི་པ་དང་བོད་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་མཁན་ཞིག་ལ་བོད་མི་རིགས་ཀྱི་ངོས་ནས་བསྔགས་བརྗོད་དང་བསྟོད་བསྔགས་བྱེད་པ་དེ་འོས་པ་ཞིག་རེད། བོད་མིའི་རང་དབང་གི་ཆེད་རང་སྲོག་བློས་གཏོང་མཁན་ལ་བོད་མིས་སྐྱོན་བརྗོད་བྱེད་དགོས་པའི་རྒྱུ་མཚན་མེད། དཔེར་ན། རྒྱ་ནག་གི་གསར་བརྗེའི་ལས་འགུལ་དང་གྲལ་རིམ་འཐབ་རྩོད་ཀྱི་ནང་རང་སྲོག་བློས་བཏང་ནས་ཤི་མཁན་ཚོ་ལ་རྒྱ་ནག་གཞུང་དང་མང་ཚོགས་གཉིས་ཀས་བསྟོད་བསྔགས་བྱེད་པ་ལས་སྐྱོན་བརྗོད་བྱས་མེད་པ་དང་གཅིག་མཚུངས་རེད། སྐབས་དེར་ཕྱོགས་གཉིས་ཀར་མི་མང་གྲངས་ལས་འདས་པ་བསད་རེས་བྱས་ཏེ་ཁྲག་གི་གཙང་པོ་བཞུར་བའི་ལོ་རྒྱུས་བྱུང་ཡོད་ལ། རང་ཕྱོགས་ཀྱི་དམག་དང་མི་དམངས་ཤི་མཁན་དེ་ཚོ་ནི་མིའི་རིགས་གཅིག་པ་ཆེས་མང་པོའི་ཚེ་སྲོག་འཕྲོག་རེས་བྱེད་མཁན་གྱི་ལག་དམར་པ་ཞིག་ཡིན་ནའང་རང་གི་མི་དམངས་དང་གྲལ་རིམ་གྱི་ཆེད་དུ་རང་སྲོག་བློས་བཏང་བ་ཡིན་པའི་རྒྱུ་མཚན་གྱིས་བསྟོད་བསྔགས་ཚད་མེད་བྱས་པ་ལས་བྱ་སྤྱོད་འདིས་སྲིད་གཞུང་གིས་ཚེ་སྲོག་ལ་མཐོང་ཆེན་དང་གཅེས་སྤྲས་བྱས་པར་འགལ་གྱི་འདུག་ཅེས་རྒྱ་གཞུང་གིས་སྐྱོན་བརྗོད་བྱས་མྱོང་མེད། དེ་བཞིན་དུ་བོད་མི་རིགས་དང་བོད་མིའི་རང་དབང་གི་ཆེད་དུ་རང་སྲོག་བློས་གཏོང་མཁན་ཚོར་བོད་མི་དམངས་ཀྱིས་བསྟོད་བསྔགས་བྱེད་འོས་པ་ཞིག་དང་བསྟོད་བསྔགས་ཞུས་ན་རྒྱུ་མཚན་ལྡན་པ་རེད།

   རྒྱ་ནག་གི་གོམས་གཤིས་ལ་མི་རིགས་ཀྱི་དཔའ་བོ་ཞེས་ཕུང་པོ་དང་དུར་སྒམ་སོགས་ཀྱི་མདུན་དུ་མྱ་ངན་གུས་འདུད་ཞུས་ཏེ་ཁོང་ལ་བསྟོད་བསྔགས་ཞུས་པ་དང་ཆབས་ཅིག གཞན་དག་གིས་ཀྱང་དེ་ལྟར་བྱེད་དགོས་པའི་སློབ་གསོ་དང་སྐད་འབོད་བྱེད་པ། དེ་ལྟར་བྱ་རྒྱུ་ཡིན་པའི་དམ་བཅའ་འཇོག་པའི་སྒོ་ནས་ངར་ཤུགས་སློང་བའི་གོམས་སྲོལ་ཡོད་ནའང༌། བོད་མི་ཚོས་དེ་ལྟར་མི་བྱེད་པར་བོད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་བློས་བཏང་བའི་གནས་ཚུལ་རེ་བྱུང་བ་གོ་མ་ཐག ཁོང་གིས་གཅེས་པའི་ལུས་སྲོག་བོད་མི་རིགས་ཀྱི་ཆེད་དུ་མེ་ལ་བཞུས་པ་དོན་མེད་འབྲས་མེད་དུ་མི་འགྲོ་བར་བོད་མི་རིགས་ལ་བདེ་སྐྱིད་ཡོང་བའི་རྒྱུར་འགྱུར་བར་ཤོག སྐྱེ་བ་ཕྱི་མར་ངན་སོང་དུ་མི་སྐྱེ་བར་མི་ལུས་བཟང་པོ་ཞིག་ལོན་པར་ཤོག ཅེས་གསོལ་འདེབས་སྨོན་ལམ་ཞུ་བ་ལས། ཤུལ་ལུས་གཞན་དག་གིས་ཀྱང་དེ་ལྟར་བྱེད་དགོས་པའི་སློབ་གསོ་དང་སྐད་འབོད་བྱེད་པ་དང༌། དམ་བཅའ་འཇོག་པ་སོགས་བྱེད་པའི་གོམས་གཤིས་མེད་ལ་དེ་ལྟར་སྐུལ་སློང་བྱེད་མཁན་མེད་ནའང་རྒྱ་ནག་གཞུང་གིས་དྲག་གནོན་དང་མི་རིགས་དབྱེ་འབྱེད་ཀྱིས་མི་མང་པོ་ཞིག་ལམ་ཁ་དེར་མ་བུད་ཀ་མེད་བཟོ་བཞིན་པ་རེད།

   བོད་ཕྱི་ནང་གཉིས་ཀ་ལ་གོང་རིམ་ནས་རང་སྲེག་བྱ་དགོས་པར་སྐུལ་སློང་བྱས་པའི་དཔང་རྟགས་ཡོད་ན་རྒྱལ་སྤྱིའི་མིག་ལམ་དུ་བསྟན་དགོས། ཡོད་མདོག་མདོག་བཤད་པས་རྒྱ་ནག་མི་མང་ཁག་ཅིག་ལ་ཐེ་ཚོམ་དང་ངར་ཤུགས་སྐྱེ་རུ་བཅུག་སྟྟེ་མགོ་སྐོར་བཏང་ཐུབ་པ་ཙམ་ལས་རྒྱ་ནག་གི་ཕྱི་ལོགས་ལ་སྐད་ཆ་དེ་བདེན་པ་ཡིན་པར་ཆ་འཇོག་བྱེད་མཁན་མེད། རྒྱ་ནག་གཞུང་ལ་ད་ལྟའི་རང་སྲེག་ལྟ་བུའི་གནས་ཚུལ་ཚབས་ཆེན་མང་པོ་འདི་རིགས་མ་ཡོང་ན་སྙམ་པའི་ཐུགས་འདོད་ཡོད་ན་རྒྱ་ནག་གཞུང་གི་ངོས་ནས་མི་ཡོང་ཐབས་གནང་ན་གནང་ཐུབ་པ་ཞིག་རེད། རྒྱ་ནག་གཞུང་གིས་བོད་མི་ཚོ་ཕྱི་བཀག་ནང་བཀག་བྱས་ནས་ངར་ཤུགས་སླེབ་ཏུ་མ་བཅུག་པར་བོད་མི་རིགས་ཀྱི་ཐོག་ཞི་འཇམ་གྱི་སྲིད་བྱུས་ཤིག་འཛིན་དགོས་པའི་འབོད་སྐུལ་ད་དུང་ཡང་ཞུ་གི་ཡོད། ངའི་ནུས་པ་ལ་དཔག་ནས་ལག་ལེན་དངོས་ཀྱི་ཐོག་ཞི་འཇམ་ཡོང་བར་འབད་བརྩོན་བྱེད་པ་ལས་རྒྱ་བོད་ཀྱི་དཀའ་རྙོག་ཚབས་ཆེ་རུ་འགྲོ་རྒྱུར་སྐུལ་སློང་ད་ལྟའི་བར་བྱས་མྱོང་མེད་ལ་བྱེད་དགོས་པའི་རྒྱུ་མཚན་ཡང་མེད།


༡༢༽ དྲི་བ། རང་སྲེག་བྱས་པའི་ཁྲོད་དུ་ཕལ་ཆེ་བ་ལོ་ན་ཉི་ཤུ་ཡས་མས་རེད། དེའི་ཁྲོད་ལོ་ན་ཆེས་ཆུང་ཤོས་ནི་ལོ་ ༡༦ རེད། ཅེས་དང༌། ཁོང་ཚོས་རང་སྲེག་བྱས་པ་འདི་ཀུན་ཕྱི་ལོགས་སུ་ཡོད་པའི་ཆོས་ལུགས་དབུ་ཁྲིད་དེ་ཚོས་ཟིང་ཆ་བསླངས་པ་ཤ་སྟག་རེད་ཅེས་བཤད་ཀྱི་ཡོད། དངོས་ཡོད་གནས་ཚུལ་ལ་དེ་འདྲ་རེད་དམ།

   དྲིས་ལན། བོད་ནང་དུ་སྔ་ཕྱིར་བྱུང་དང་འབྱུང་བཞིན་པའི་མེར་སྲེག་གི་དོན་རྐྱེན་འདི་དག་དོན་དངོས་སུ་ཕྱི་ལོགས་སུ་ཡོད་པའི་ཆོས་ལུགས་ཀྱི་དབུ་ཁྲིད་ཚོས་སེམས་མ་ཤེས་མཁན་ལོ་ཆུང་བསམ་མེད་ཚོར་སྐུལ་སློང་བྱས་པ་ལ་བརྟེན་ནས་བྱུང་བ་རེད་ཅེས་པའི་འཁྱོག་བཤད་དང་དངོས་ཡོད་གནས་ཚུལ་ཕྱི་ནང་གི་གསར་འགོད་པར་སྦས་བསྐུང་སྣ་ཚོགས་བྱས་ཏེ་རྒྱ་ནག་མི་དམངས་ལ་ཐེ་ཚོམ་དང་ངར་ཤུགས་སྐྱེ་ཐབས་ཀྱི་དྲིལ་བསྒྲགས་སྟོང་པས་མགོ་སྐོར་གཏོང་ཐབས་བྱས་ཀྱང༌། རྒྱ་ནག་མི་དམངས་ཉུང་ཤས་མ་གཏོགས་ད་ལྟའི་བར་རྒྱ་ནག་གི་གཟུར་གནས་ཤེས་ཡོན་པ་དང༌། རྒྱལ་སྤྱིའི་ཐོག་གི་མང་ཚོགས་དང་སྲིད་གཞུང་ཁག་སུ་གཅིག་ཀྱང་རྒྱ་ནག་གི་གཡོ་ཐབས་འོག་ཏུ་འགུགས་ཐུབ་རྒྱུར་ཕར་ཞོག་ཐེ་ཚོམ་ཙམ་ཡང་བསྐྱེད་ཐུབ་མེད། ཕྱི་ལོགས་སུ་ཡོད་པའི་ཆོས་ལུགས་ཀྱི་དབུ་ཁྲིད་སུ་ཞིག་གིས་མེར་སྲེག་གི་ལས་འགུལ་ལ་སྐུལ་སློང་བྱས་པའི་བདེན་དཔང་ཡིད་ཆེས་འཕེར་བ་ཡོད་ན་རྒྱལ་སྤྱིའི་ཐོག་མིག་སྟོན་བྱ་དགོས། མགོ་སྐོར་རྫུན་བསྒྲིགས་ཀྱི་སྐད་ཆ་ཤོད་སྟངས་དེ་ཚོ་ནི་རྒྱ་བོད་མི་རིགས་བར་དཀྲུག་ཤིང་དུ་འགྲོ་བའི་སྲིད་བྱུས་ཐེབས་ཆག་ཅིག་རེད། གཡོ་ཐབས་འདིས་གནས་སྐབས་རིང་རྒྱ་ནག་གི་མི་འགའ་ཤས་བོད་མི་རིགས་ལ་མི་དགའ་བའི་ཁོང་ཁྲོ་སློང་ཐུབ་སྲིད་ཀྱང་ནམ་ཞིག་ན་རྒྱ་ནག་གཞུང་གི་འཁྱོག་བཤད་ཀྱི་རྫུན་རྐུབ་རྡོལ་དུས་རྒྱ་ནག་མི་དམངས་ཀྱིས་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ལ་ཡིད་ཆེས་བརླགས་ནས་ཞེ་ལོག་འབྱུང་མི་སྲིད་པ་ཞིག་མིན། གཡོ་ཐབས་འདི་ཚོས་ཕུགས་རྒྱང་རིང་པོར་རྒྱ་ནག་གཞུང་ལ་ཕན་ཐོགས་པ་ལས་གནོད་པ་མང་བ་སྐྱེལ་རྒྱུ་ཡིན་པ་ང་ཚོས་ཚོད་དཔག་བྱེད་ཐུབ།

   རང་སྲེག་གི་ལས་འགུལ་སྤེལ་མཁན་ཆུང་ཤོས་ལོ་བཅུ་དྲུག་ཡིན་པ་སོགས་རྒྱུ་མཚན་ལ་བཀོད་ནས་སེམས་མ་ཤེས་མཁན་ཚོར་མགོ་སྐོར་བཏང་བ་མཚོན་ཐབས་བྱས་ཡོད། ལོ་ ༡༦ ཡིན་མིན་གང་ལྟར་ཡང་རང་སྲོག་བློས་གཏོང་བྱེད་མཁན་མང་ཆེ་བ་རྒྱ་ནག་དམར་པོའི་གཞུང་གིས་ཆབ་སྲིད་ཀྱི་སློབ་སྦྱོང་བཙན་དབང་གིས་སྤྲད་ནས་གསོ་སྐྱོང་བྱས་པ་དང༌། ཁོང་ཚོ་ནི་དར་ཆ་དམར་པོའི་འོག་ཏུ་སྐྱེས། དར་ཆ་དམར་པོའི་འོག་ཏུ་འཚར། དར་ཆ་དམར་པོའི་འོག་ཏུ་ཆབ་སྲིད་ཀྱི་སློབ་སྦྱོང་ཐོབ་པ་ཤ་སྟག་ཡིན་པས། མི་གཞན་ཞིག་གིས་ཤི་ཤོག་ཟེར་ན་ཤི་མཁན་དང༌། མི་གཞན་པ་ཞིག་གིས་གསོན་ཤོག་ཟེར་ན་གསོན་མཁན་ཞིག་གང་ནས་ཡིན།

    ཕྱོགས་གཞན་ཞིག་ནས་བཤད་ན་བསམ་བློ་གཏོང་ཤེས་མཁན་ཞིག་ཡིན་ན་ལོ་བཅུ་དྲུག་ལས་ཆུང་བ་ལོ་བཅུ་གསུམ་གྱི་ཐོག་ནས་བསམ་བློ་གཏོང་ཤེས་པའི་སྐད་གྲགས་ཅན་ཡོང་གི་ཡོད། ལོ་ཆེ་བ་ལོ་བཞི་བཅུ་ལྔ་བཅུ་ལོན་ནའང་བསམ་བློ་གཏོང་མི་ཤེས་མཁན་ཡང་མང་པོ་ཡོད། བསམ་བློ་གཏོང་ཤེས་དང་མི་ཤེས། བསླུ་བྲིད་བྱེད་ཐུབ་དང་མི་ཐུབ་ནི་ལོ་ཆེ་ཆུང་གིས་དབྱེ་འབྱེད་བྱེད་ཐུབ་པ་ཞིག་མ་རེད། དངོས་ཡོད་གནས་ཚུལ་ལ་དར་ཆ་དམར་པོའི་འོག་ནས་འཚར་ལོངས་བྱུང་བའི་ན་གཞོན་མང་པོ་གཅིག་འཕྲོར་གཉིས་མཐུད་ཀྱིས་རང་ལུས་མེར་བསྲེགས་བཏང་བ་འདིས་དར་ཆ་དམར་པོའི་འོག་གི་སྲིད་བྱུས་སྐྱོང་སྟངས་ལ་ནོར་འཁྲུལ་ཡོད་པ་དང་རྒྱལ་ཁབ་གྱི་རྩ་ཁྲིམས་དང་མཐུན་པ་ཞིག་གནང་གི་མེད་པའི་རྟགས་གསལ་པོར་བསྟན་པ་རེད། ནོར་འཁྲུལ་ངོས་ལེན་མི་བྱེད་པར་ནོར་འཁྲུལ་གཞན་ལ་གཡོགས་ཐབས་དང་དྲག་གནོན་བྱེད་རྒྱུ་འདི་ད་ལྟའི་རྒྱ་ནག་གཞུང་འཛིན་པའི་སྲིད་བྱུས་གཙོ་བོ་ལྟ་བུ་རེད། གཞུང་གི་དྲིལ་བསྒྲགས་ལ་བདེན་པར་འཛིན་མཁན་ནི་ཁོང་ཚོའི་དཔོན་རིགས་ནང་དུའང་ཉུང་ཉུང་ལས་མེད།


༡༣༽ དྲི་བ། རང་སྲེག་གི་ལས་འགུལ་ཐད་ཏཱ་ལའི་བླ་མས་ཡིན་ལ་མིན་ལའི་རྣམ་འགྱུར་བསྟན་གྱི་ཡོད་པ་དང༌། འདི་འཚེ་བ་ཡིན་མིན་ཀུན་སློང་དང་དམིགས་ཡུལ་ལ་ཐུག་ཡོད་པས་འགྲིག་མིན་དབྱེ་འབྱེད་བྱེད་དཀའ། དེ་ལས་ཅང་མི་སྨྲ་བར་འདུག་རྒྱུ་ནི་གདམ་ག་བཟང་ཤོས་སུ་མཐོང་ཞེས་གསུངས་ཡོད་པ་རེད་ཟེར་ནས་ཉེས་འཛུགས་ཞུས་ཡོད། རིན་པོ་ཆེ་མཆོག་གིས་གཟིགས་ན། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་འདི་ལས་གཞན་པའི་ཅི་ཞིག་གསུང་རྒྱུ་ཡོད་པ་རེད།

    དྲིས་ལན། གཞན་གྱི་དོན་དུ་རང་ལུས་མེར་བསྲེགས་བཏང་བ་འདི་ནང་པའི་གཞུང་ལུགས་དང་འགལ་གྱི་ཡོད་མེད་ནི་ནང་པའི་གཞུང་ལུགས་གཏིང་ཟབ་པོ་ཤེས་མཁན་ཞིག་གིས་གསལ་པོ་བཤད་ཐུབ་པ་ཞིག་རེད་མ་གཏོགས། སྤྱིར་ཆོས་ཙམ་ཡང་ཁས་མི་ལེན་ཞིང་ནང་པའི་གཞུང་ལུགས་ལ་སློབ་སྦྱོང་གཏན་ནས་མེད་མཁན་འགའ་ཤས་ཀྱིས་སོ་སོའི་ཆབ་སྲིད་ཀྱི་དགོས་མཁོ་དང་མཐུན་པར་བསྒྱུར་ནས་ནང་ཆོས་ཤེས་མདོག་གིས་ཚོད་ཚོད་བཤད་ནས་ཁ་ཚོན་བཅད་ཐུབ་པ་ཞིག་ག་ནས་ཡིན། སྤྱིར་ཆོས་དང་ལྷག་པར་ནང་ཆོས་ནི་ལྟ་གྲུབ་གཏིང་ཟབ་མོ་ལ་བརྟེན་ནས་བྱུང་བ་དང༌། རང་བཞིན་དང་ཆོས་ཉིད་ཀྱི་གནས་ལུགས་ལ་རིགས་པས་བརྟག་དཔྱད་བྱེད་པའི་ཕུལ་དུ་བྱུང་བའི་ཆོས་ལུགས་ཚན་རིག་དང་མཐུན་པ་ཞིག་ཡིན་དུས། དམར་པོའི་ཆབ་སྲིད་ཀྱི་དགོས་མཁོས་ཆོས་ལུགས་ཀྱི་ལྟ་གྲུབ་རྣམ་པ་གཞན་དུ་བསྒྱུར་ཐུབ་པ་ཞིག་ག་ནས་ཡིན། དཔེར་ན། ཆུ་གྱེན་དུ་རྒྱུགས་པ་དང་མེ་ཐུར་དུ་འབར་དགོས་པའི་བཙན་བཀའ་གཏོང་ཐབས་མེད་པ་ལྟ་བུ་རེད། ྋགོང་ས་མཆོག་གིས་གསུངས་པ་ལྟར་བྱ་བ་ཞིག་བཟང་ངན་གང་ཡིན་ཀྱང་རུང་དགེ་སྡིག་གང་དུ་འགྲོ་བའི་དབྱེ་མཚམས་ནི་ཕྱིའི་མཐོང་ཚུལ་ཙམ་མིན་པར་བྱ་བ་བྱེད་མཁན་སོ་སོའི་ཀུན་སློང་གི་ཁྱད་པར་ལ་ལྟ་དགོས་པ་ཞིག་རེད། བསམ་པའི་ཀུན་སློང་གི་ཁྱད་པར་མི་འདྲ་བ་ལ་བརྟེན་ནས་བྱ་བའི་ངོ་བོ་གཅིག་ཡིན་ནའང་དགེ་བ་དང་མི་དགེ་བར་འགྱུར་འགྲོ་གི་ཡོད། ཆོས་ཀྱི་གནད་དོན་གཏིང་ཟབ་མོ་མ་ཤེས་བར་དུ་ནང་ཆོས་དང་མཐུན་མི་མཐུན་གྱི་ཐག་གཅོད་བྱེད་མི་ཐུབ། ད་ལྟའི་སྐྱོན་བརྗོད་བྱེད་མཁན་ཚོས་མཐའ་ན་སྐུ་མདུན་གྱི་བཀའ་ལན་ཆ་ཚང་བ་ལ་གོ་བ་ལོན་མ་ཐུབ་པར་བཤད་འདུག ྋགོང་ས་མཆོག་གིས་ལྷག་བསམ་རྣམ་དག་གིས་གང་གསུང་བ་ཐམས་ཅད་ལ་རྒྱ་གཞུང་གིས་བདག་སྤྲོད་སྣེ་གཅིག་ཀྱང་བྱས་མྱོང་མེད་པར་མ་ཟད། དགོངས་པ་ཕྱིན་ཅི་ལོག་ཏུ་འགྲེལ་གང་ཐུབ་བྱས་ནས་རྒྱ་ནག་མི་དམངས་མགོ་སྐོར་གཏོང་ཐབས་བྱས་ཡོད་དུས། དངོས་གནས་སྐུ་མདུན་གྱིས་དགོངས་པ་གང་འདྲ་ཡིན་པ་གསལ་པོར་ཤེས་འདོད་ཀྱི་ཡོད་ན་བཀའ་སློབ་ཡོངས་རྫོགས་ལ་སློབ་སྦྱོང་གཏིང་ཟབ་མོ་བྱས་ན་གཞི་ནས་དགོངས་པ་ངོ་མ་རྟོགས་ཐུབ་ཀྱི་རེད།


༡༤༽ དྲི་བ། རྒྱུན་དུ་འདི་ལྟར་བྱས་ན་བོད་མི་ཁག་ཅིག་འཇིགས་སྐུལ་བའི་ལམ་ཁའི་ཐོག་ལ་བསྐྱོད་རྒྱུ་ཡིན་པ་ལྡོག་ཐབས་མེད་པ་ཞིག་རེད་ཅེས་བཤད་ཡོད། སྐད་ཆ་འདི་སུས་སུ་ལ་བཤད་དགོས་པའི་སྐད་ཆ་ཞིག་རེད། རྒྱ་བོད་ཀྱི་དཀའ་རྙོག་འདི་ཛ་དྲག་གི་ཕྱོགས་སུ་འདེད་མཁན་སུ་རེད།

     དྲིས་ལན། ད་ལྟའི་རྒྱ་ནག་གཞུང་གིས་དྲག་ཤུགས་དང་བཙན་གནོན་བྱས་པའི་སྲིད་བྱུས་འདིས་རྒྱལ་ཁབ་འཛིན་སྐྱོང་བྱེད་ཟེར་བ་དེ་ཉི་མ་འཁྱོལ་ཐབས་ཙམ་རེད། བཙན་ཤུགས་དང་དྲག་གནོན་ལ་བརྟེན་ནས་ཟླ་བ་དང་ལོ་འགའ་ཤས་རིང་དམར་པོའི་གཞུང་གནས་ཐུབ་ཐབས་ཤིག་ཡོང་སྲིད་ནའང་དེ་འཕྲལ་སེལ་ཙམ་རེད། བྱེད་ཐབས་འདིས་བོད་མི་རིགས་ཙམ་མ་ཟད་རྒྱ་ནག་ཧན་མི་རིགས་ཀྱིས་མཚོན་པའི་མི་རིགས་ལྔ་བཅུ་ང་དྲུག་པོའི་གཞི་རིམ་གྱི་མི་དམངས་ནང་དུ་གཞུང་གི་ཆབ་སྲིད་མི་སྣས་སྲིད་སྐྱོང་སྟངས་ལ་སེམས་ཁ་མ་ཁེངས་པ་དང་དྲང་བདེན་མིན་པའི་ཁྲིམས་ལུགས་ཀྱིས་སེམས་ནད་ཀྱི་རྨ་ཁ་མང་པོ་བཟོས་ཡོད་པ་གསལ་པོ་རེད། རྨ་ཁ་དེ་དག་གསོ་ཐབས་ཀྱི་སྨན་བཅོས་མི་བྱེད་པར་དྲག་ཤུགས་དང་བཙན་གནོན་ཁོ་ནས་རྨ་ཁ་དེ་ཇེ་ངན་ཇེ་སྡུག་ཏུ་ལོ་ནས་ལོ་མཐུད་དེ་བཏང་ཡོད། ཉིན་གཅིག་ལ་རྨ་ཁ་ཡོངས་རྫོགས་དུས་གཅིག་ཏུ་བརྡོལ་སྲིད་ཀྱི་རེད། ལོ་མང་རིང་བསགས་པའི་རྨ་ཁ་ཡོངས་རྫོགས་དུས་གཅིག་ཏུ་བརྡོལ་སོང་ན་དེ་དུས་སྐྱོབ་ཐབས་མེད་པའི་གནས་ཚུལ་ཚབས་ཆེན་པོ་ཞིག་འབྱུང་ངེས་རེད། འདི་ནི་འཛམ་གླིང་སྤྱི་ཡོངས་ཀྱི་མི་ཡི་གཤིས་ཀའི་འགྲོ་སྟངས་རེད། མཐའ་ན་དུད་འགྲོ་སེམས་ཅན་ཞིག་ཡིན་ན་ཡང་བཙུར་གནོན་བྱ་རྒྱུ་མང་དྲགས་ན་ཡང་ན་ཤི་རྒྱུའམ་ཡང་ན་སྨྱོན་པར་ཆགས་རྒྱུ་རེད། གང་ལྟར་བཙན་ཤུགས་དང་དྲག་གནོན་ལ་མཇུག་འབྲས་བཟང་པོ་ཞིག་ད་ལྟའི་བར་བྱུང་མྱོང་མེད།

    བོད་མིའི་ཐོག་དྲག་གནོན་དང་རྩུབ་སྤྱོད། བཙོན་ཁང་དང་དྲག་པོའི་བདེ་འཇགས་ལས་བྱེད། ཞིབ་བཤེར་གྱི་ས་ཚིགས་སོགས་མང་དུ་བཏང་ནས་བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་བཀག་འགོག་བྱས་ཏེ་རྒྱ་ནག་དམར་པོའི་སྲིད་གཞུང་བརྟན་པོར་གནས་ཐབས་གཙོ་བོར་བྱེད་པའི་སྲིད་བྱུས་འདི་ལ་འགྱུར་བ་བཏང་ནས་རྒྱ་གཞུང་གིས་གཞི་རིམ་མང་ཚོགས་ཀྱི་དོན་དམ་པའི་སེམས་ཁམས་ཤེས་ཐུབ་པ་དང༌། མང་ཚོགས་ཀྱི་བདེ་སྡུག་གཞུང་ལ་ཞུ་ས་ཡོད་པ། མང་ཚོགས་གཞུང་ལ་དགའ་བ་ནི་ཕྱིའི་རྣམ་པའི་འཁྲབ་སྟོན་ཙམ་མིན་པའི་སེམས་གཏིང་ནས་དགའ་ཐུབ་པའི་བག་ཆགས་ཟབ་མོ་ཞིག་འཇོག་ཐབས་བྱེད་དགོས། རྒྱ་ནག་གཞུང་གིས་གཞི་རིམ་མང་ཚོགས་ཀྱི་འདོད་པ་མ་ཁེངས་པའི་རྨ་ཁ་དེ་ཚོ་ཆེས་ཚབས་ཆེན་པོར་མ་གྱུར་པའི་གོང་ནས་སོ་སོའི་མང་ཚོགས་ཀྱི་མངོན་འདོད་ལ་སྲུང་སྐྱོབ་གནང་ནས་སྔ་མོའི་སྲིད་བྱུས་རྙིང་པ་རུལ་སུངས་ཅན་ལ་ཛ་དྲག་གིས་འགྱུར་བ་གཏོང་དགོས་པ་དེ་གལ་ཆེན་པོ་རེད། བོད་རིགས་མི་དམངས་འུ་ཐུག་ཏུ་འཇུག་པ་དང་ངར་ཤུགས་ཇེ་ཆེར་གཏོང་མཁན་ཡང་རྒྱ་ནག་དབུས་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་སྲིད་བྱུས་དེ་ལག་བསྟར་བྱེད་མཁན་ས་གནས་དཔོན་རིགས་ཤེས་འཇོན་མེད་པ། མཐོང་རྒྱ་ཐོས་རྒྱ་མེད་མཁན་ཚོ་རེད། དཔོན་པོ་འདིའི་རིགས་ལ་དབང་ཆ་སྤྲོད་རྒྱུ་མང་དྲགས་པས་རང་ཉིད་ཀྱིས་གང་བསམ་པ་དེ་ཁྲིམས་ལ་ངོས་འཛིན་བྱས་ཏེ་མི་མང་ཐོག་གང་བྱུང་གིས་གཉའ་གནོན་དང་མནར་གཅོད་གཏོང་བཞིན་ཡོད་པར་དབུས་གཞུང་གིས་ཞིབ་འཇུག་གནང་དགོས། དབང་འཛིན་པ་འདི་ཚོས་རང་ཉིད་ཀྱི་ནོར་འཁྲུལ་ཁས་ལེན་གྱིས་འགྱུར་བ་མ་བཏང་བར་དུ་ཛ་དྲག་གི་གནས་ཚུལ་འཐོན་རྒྱུ་ཡིན་པ་ཆོས་ཉིད་ཡིན་དུས་ནམ་ཞིག་རལ་པ་ལྷན་པས་མི་འཁེབ་པ་ཟེར་བ་ལྟ་བུ་འབྱུང་སྲིད་པ་རེད། ཅེས་ལྷག་བསམ་རྣམ་དག་གིས་ཞུ་འདོད་བྱུང༌། སྐྱོན་བརྗོད་བྱས་འདུག་ཅེས་ངར་ཤུགས་ཀྱིས་མི་གཟིགས་པར་ཞིབ་འཇུག་གནང་བའི་རེ་བ་ཞུ་ལགས།


༡༥༽ དྲི་བ། རིན་པོ་ཆེ་མཆོག་གིས་འོད་དཀར་དྲ་ཚིགས་འདི་བརྒྱུད་ནས་བོད་ནང་གི་འབྲེལ་ཡོད་མང་ཚོགས་ལ་ལམ་སྟོན་བཀའ་སློབ་འདྲ་གནང་རྒྱུ་གང་ཡོད།

  དྲིས་ལན། གཞི་བྱེས་གཉིས་སུ་ཡོད་པའི་འབྲེལ་ཡོད་མང་ཚོགས་ལ་བརྒྱུད་ལམ་སྣ་ཚོགས་ཀྱི་ཐོག་ནས་སྐད་ཆ་ལན་མང་བཤད་ཟིན་པ་ཡིན་དུས་དེ་ལས་ལྷག་ཞུ་རྒྱུ་མེད། བོད་མི་སུ་འདྲ་ཞིག་གིས་བོད་སྤྱི་བ་དང་བོད་ཀྱི་རྩ་དོན་གྱི་ཆེད་དུ་ལས་འགུལ་གང་འདྲ་ཞིག་སྤེལ་ནའང་མགྱོགས་པོར་གྲུབ་འབྲས་ཐོན་རྒྱུ་རེད་སྙམ་པའི་བློ་སྣ་ཐུང་ཐུང་ཞིག་གཏན་ནས་གནང་མི་ཉན། དམིགས་རྒྱང་ཡངས་པོ་དང་ངང་རྒྱུད་རིང་པོ་གནང་དགོས།
ངས་ལན་མང་བཤད་མྱོང་བ་ལྟར་འཚེ་མེད་ཞི་བའི་རྒྱ་ལས་མ་བརྒལ་བ་ཞིག་དགོས་པ་འདི་གལ་ཆེན་པོ་རེད་ལ། ལྷག་པར་རྒྱའི་དཔུང་དམག་དང་དྲག་པོའི་ལས་བྱེད་ཀྱི་རིགས་ལ་གདོང་ཐུག་ཏུ་མ་སོང་བ་ཞིག་བྱ་དགོས། རྒྱ་དམག་དང་གདོང་ཐུག་སོང་ན་རང་གཞན་གཉིས་ཀར་གྲུབ་འབྲས་ཡག་པོ་ཞིག་ཡོང་རྒྱུ་མེད་པས་བོད་མི་དམངས་ཀྱི་ངོས་ནས་གཟབ་གཟབ་གནང་དགོས། འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་གང་འདྲ་ཞིག་ཏུ་ལྷུང་ནའང་རྒྱའི་དཔུང་དམག་དང་གདོང་ཐུག་མི་འགྲོ་བའི་ཐབས་ཤེས་གནང་དགོས།

   གནའ་སྔ་མོ་རྒྱ་དང་བོད་གཉིས་ཁྱིམ་མཚེས་རྒྱལ་ཁབ་བྱས་ནས་ལོ་ངོ་བརྒྱ་ཕྲག་མང་པོར་གནས་ཡོད་ནའང་དེང་སྐབས་རྒྱ་བོད་མི་རིགས་འདྲེས་ནས་མ་བསྡད་ཀ་མེད་ཡིན་དུས་རྒྱ་བོད་མི་རིགས་ཕན་ཚུན་མཐུན་པོ་ཡོང་ཐབས་བྱ་དགོས་པ་འདི་གལ་ཆེན་པོ་རེད། ང་ཚོའི་ངོས་ནས་ནམ་ཡིན་ཡང་རྒྱ་བོད་མི་རིགས་ཕན་ཚུན་བར་འཆམ་མཐུན་ཡོང་བར་ཤུགས་སྣོན་དང་ཐབས་ཤེས་གང་ཡོད་བྱེད་དགོས། ལྷག་པར་བོད་ཀྱི་བདེན་དོན་ངོ་མ་དེ་རྒྱ་མི་རིགས་ལ་ཤེས་སུ་འཇུག་རྒྱུ་གལ་ཆེ།
   བོད་ས་སྟོད་སྨད་ཀུན་ཏུ་བོད་ཀྱི་བསྟན་སྲིད་དང་བོད་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་གིས་ལས་འགུལ་སྣ་ཚོགས་སྤེལ་དང་སྤེལ་བཞིན་པའི་སྐབས་འདིར། བོད་རིགས་ནང་ཁུལ་ལ་རྩྭ་ས་རྩོད་གླེང་གིས་མཚོན་པའི་ལས་དོན་ཆུང་ཚགས་འདྲ་མིན་གྱི་ཐོག་ནས་མི་མཐུན་པའི་གནས་ཚུལ་རེ་ཟུང་ཡོང་བཞིན་པ་ནི་ཕྱི་ནང་གཉིས་ཀ་ལ་ངོ་ཚ་དགོས་པ་ཞིག་རེད། ༧ གོང་ས་ྋསྐྱབས་མགོན་རིན་པོ་ཆེ་དང་བོད་ཀྱི་དབུ་ཁྲིད་རྣམ་པ་ཕྱི་ཕྱོགས་སུ་ཕེབས་ནས་མི་རིགས་འཆམ་མཐུན་དང་མཐུན་ལམ་སྐོར་གསུང་བཤད་གནང་རྒྱུར་གཉའ་དམའ་དགོས་པ་ཞིག་བཟོ་གི་ཡོད་པས། བོད་རིགས་སྤུན་ཟླ་ནང་ཁུལ་མི་འཆམ་པའི་གནས་ཚུལ་ཆུང་ཚགས་རིགས་གང་ཡོད་རྒྱབ་ཏུ་བསྐྱུར་ནས་མཐུན་ལམ་དམ་ཚིག་རྡོག་རྩ་ཆིག་སྒྲིལ་བྱེད་དགོས་པ་འདི་ཤིན་ཏུ་གལ་ཆེན་པོ་རེད།

   བོད་མི་རིགས་ལ་དམིགས་བསལ་གྱིས་འགན་དུ་འཁྲི་བའི་ལས་འགན་ནི། བོད་ཀྱི་སྐད་ཡིག་དང་བོད་ཀྱི་ཆོས་དང་རིག་གཞུང༌། ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་བཟང་པོ་རྒྱུན་འཛིན་དང་མི་ཉམས་གོང་སྤེལ་བྱ་དགོས་པ་འདི་ཡིན། ལས་དོན་གལ་ཆེན་འདི་བོད་མི་རང་ངོས་ནས་རྒྱུན་འཛིན་དང་དར་སྤེལ་གནང་དགོས་པ་མ་གཏོགས་མི་རིགས་གཞན་ཞིག་གིས་ང་ཚོའི་ཚབ་བྱེད་ཐུབ་པ་ཞིག་གཏན་ནས་མ་རེད། བོད་མི་རང་ཉིད་ཀྱི་ངོས་ནས་བོད་མི་རིགས་ཀྱིས་སྐད་ཡིག་དང་རིག་གཞུང་གོམས་གཤིས་བཟང་པོ་རྒྱུན་འཛིན་བྱ་རྒྱུར་ནུས་ཤུགས་གང་ཡོད་འདོན་དགོས་པ་མ་གཏོགས། ང་ཚོ་ལ་རང་གི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་བྱ་རྒྱུར་ཐོབ་ཐང་མེད་པའི་ཐོག་འགོག་རྐྱེན་སྣ་ཚོགས་འཕྲད་ཀྱི་ཡོད་ནའང་དེ་ལ་ཁ་གཡར་ནས་མི་སྡོད་པར་རང་དང་རང་གི་ཁྱིམ་ཚང་གི་ཉིན་རེའི་འཚོ་བའི་ནང་བོད་ཀྱི་སྐད་ཡིག་དང༌། ཡ་རབས་སྤྱོད་བཟང༌། ཐ་ན་ཆས་གོས་ཆ་ལུགས། སྐྲ་ལུགས། གླུ་གཞས་ཞབས་བྲོ་ཚུན་ཆད་བོད་ཀྱི་ཐུན་མོང་མ་ཡིན་པའི་གོམས་གཤིས་བཟང་པོ་རྒྱུན་འཛིན་དང་མི་རབས་ཕྱི་མའི་ནང་དར་སྤེལ་དང་རྒྱུན་འཛིན་ཡོང་བར་ནུས་ཤུགས་གང་ཡོད་འདོན་དགོས།

   ལྷག་པར་ཕྲུ་གུ་ཚོར་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུར་བོད་ཀྱི་མི་རབས་རྒན་པ་རྣམས་ཀྱིས་འགན་ལེན་དགོས། བོད་མི་རིགས་ཀྱི་མ་འོངས་པའི་མདུན་ལམ་གང་འདྲ་ཞིག་ཡོང་མིན་ནི་བོད་ཀྱི་མི་རབས་ཕྱི་མ་ཁོ་ན་ལ་རག་ལས་པས། མ་འོངས་པའི་སོན་རྩ་ཡིན་པའི་ཕྲུ་གུ་ཚོར་སྐད་ཡིག་གཉིས་ལྡན་གྱི་སློབ་སྦྱོང་སྤྲོད་རྒྱུ། ཡ་རབས་སྤྱོད་བཟང་ཅན་དང༌། ཤེས་འཇོན་ལྷག་བསམ་ལྡན་པ་ཞིག་ཡོང་བ་ལ་ང་ཚོ་མི་རབས་རྒན་པ་རྣམས་ཀྱིས་འགན་ལེན་དགོས། གཞན་གྱིས་ང་ཚོའི་མི་རབས་རྗེས་མ་རྣམས་ཤེས་ཡོན་མེད་པ། ཆང་འཐུང་ར་བཟི་ཅན་དང༌། ཐ་མག་དཀར་ནག་འཐེན་མཁན། ལས་ཀའི་འཇོན་ཐང་མེད་པ། ཤོ་བག་རྒྱན་རྩེད་ལ་དགའ་བ། ངོ་ཚ་ཁྲེལ་གཞུང་དང༌། ཡ་རབས་སྤྱོད་བཟང་མེད་པའི་མི་རབས་ཤིག་ཏུ་བསྒྱུར་ཐབས་ཀྱི་གཡོ་བྱུས་ལག་ལེན་བསྟར་བཞིན་པ་ལྟར་གྱུར་སོང་ན་བོད་མི་རིགས་ཀྱི་མ་འོངས་པའི་མདུན་ལམ་ཐམས་ཅད་རྩ་བརླག་ཏུ་འགྲོ་རྒྱུ་རེད། དེས་ན་བོད་མིའི་ཁྱིམ་ཚང་མི་རེ་ངོ་རེའི་རང་ལག་ཏུ་ཡོད་པའི་ལས་འགན་མི་རབས་རྗེས་མ་དེ་ཡག་པོ་ཡོང་ཐབས་ལ་ཤུགས་བསྐྱོན་རོགས་ཞེས་ནན་ཏན་གྱིས་ཞུ་རྒྱུ་ཡིན།

བདག་དབང་ངེད་དྲ་ཚིགས་ལ་ཡོད།

3 thoughts on “སྐྱབས་རྗེ་ཀིརྟི་རིན་པོ་ཆེར་ངེད་དྲ་བས་བཅར་འདྲི།

  1. lobsang Dakpa ཕྱི་ལོ། ༢༠༡༥ ཟླ། ༡༠ ཚེས། ༠༦ at ༥:༢༡ pm

    བཀའ་དྲིན་ཆེ།་
    རིན་པོ་ཆེ།
    རྒྱ་ཡིག་ལ་བསྒྱུར་རྒྱུ་གལ་ཆེན་པོ་རེད

  2. loyag ཕྱི་ལོ། ༢༠༡༥ ཟླ། ༡༠ ཚེས། ༠༨ at ༡༡:༡༩ pm

    འདི་རྒྱ་ཡིག་དང་དབྱིན་ཡིག་ལ་བསྒྱུར་ནས་ཁྱབ་བསྒྲགས་མང་ཙམ་བྱ་ཐུབ་ན་ཧ་ཅང་ལེགས། དེ་མིན་ཕན་ཐོགས་ཡོད་ཀྱང་ཆེན་པོ་མེད། མང་ན་མི་སྟོང་ཕྲག་འགས་བལྟ་སྲིད། དེ་དག་ཀྱང་བོད་པ་ཡིན་པར་ཐག་ཆོད། ཁྱབ་བསྒྲག་བྱ་་ཡུལ་བོོད་པ་མིིན། བོོད་དང་རྒྱ་ཡི་གནས་སྟངས་་མི་ཤཻས་མཁན་ཕྱི་པ་མི་རིགས་ཚོ་ཡིན།

  3. loyag ཕྱི་ལོ། ༢༠༡༥ ཟླ། ༡༠ ཚེས། ༠༨ at ༡༡:༢༢ pm

    བཀའ་ལན་རིན་ཐང་ལྡན་པས་བོད་ཡིག་ཁོོ་ནའི་སྟེང་བསྐྱུར་ནས་མི་འཇོག་པར་མཁྱེན། ཐུགས་རྗེ་ཆེ། རྒྱ་དབྱིན་སྐད་དུ་བསྒྱུར་ནས་ཁྱབ་སྤེལ་རྒྱ་ཆེར་གནང་རོགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading