རྡོ་རྗེ་རིན་ཆེན།
བདག་གིས་ཆོས་ལུགས་ལ་ཚན་རིག་གི་ངོས་ནས་རིན་ཐང་ཅི་ཞིག་བདོག་མིན་གཏན་ནས་མི་ཤེས་ལ། ཚན་རིག་གིས་ནམ་དུའང་ཆོས་ལུགས་ལ་དཔང་སྐྱེལ་བྱ་མི་སྲིད། ཆོས་ལུགས་ཀྱི་གྲུབ་དོན་ཞིག་ཚན་རིག་དང་མཐུན་ཙམ་གྱིས། ཆོས་ལུགས་ལ་ཚན་རིག་གི་རིན་ཐང་ཡོད་པ་ཞིག་ཏུ་འགྱུར་བར་གཞར་ནས་མི་འདོད་དོ།།
ཆོས་ལུགས་ནི་གཏན་ཚིགས་རིག་པ་དང་མཚན་ཉིད་རིག་པའི་ཁོངས་སུ་མི་གཏོགས་པས། གང་བཤད་པ་ཐམས་ཅད་བདེན་པ་ཡིན་པའི་ངེས་པ་མེད། རྒྱུ་མཚན། བདེན་པ་ནི་མཚན་ཉིན་རིག་པའི་འཆད་བྱ་དང་འཚོལ་སྙེག་ཅིག་ཡིན་པ་ལས། ཆོས་ལུགས་ཀྱི་ཕུགས་འདུན་དང་ལས་སྐལ་ཞིག་མ་ཡིན་ནོ།།
དེའི་ཕྱིར། ཆོས་ལུགས་ལ་ཡང་དག་དང་མ་དག་པའི་རྣམ་གཞག་གང་ཡང་མེད་ཅིང་། དེ་ནི་མིའི་སྤྱི་ཚོགས་ཀྱི་ངོས་ནས་མེད་ཐབས་མེད་པའི་དགོས་ངེས་ཤིག་ཆགས་ཡོད། དེའི་དོན་ཅི་ལགས་ཞེ་ན། ཆོས་ལུགས་ནི་གཏན་ཚིགས་རིག་པས་དཔྱད་བཟོད་པ་ཞིག་གཏན་ནས་མ་ཡིན་མོད། གཏན་ཚིགས་རིག་པས་དཔྱད་མ་བཟོད་པ་ཙམ་གྱིས་འདོར་བར་ག་ལ་རིགས།
བདག་གིས<<འཆི་གསོན་གྱི་གདམ་ག>>འི་ནང་དུ་འདི་ལྟར་བརྗོད་མྱོང་སྟེ། “གང་དེ་ཆོས་ལུགས་གང་ལའང་གཏན་ཚིགས་ཀྱི་རིག་པ་ཡོད་མིན་ལ་མ་ལྟོས་པར་དེ་ནི་མིའི་སྤྱི་ཚོགས་ཀྱི་ངོས་ནས་དགོས་ངེས་ཤིག་དང་། མི་སྒེར་ཀྱི་ངོས་ནས་དེ་ལ་རྒྱུས་ལོན་དང་སློབ་སྦྱོང་གནང་དགོས་པ་ཞིག་ལགས”ཅེས་པའོ།།
ཤེས་རིག་འཕེལ་བའི་གོ་རིམ་གྱི་ངོས་ནས་གཟིགས་རྟོག་བགྱིས་ཚེ། དེང་གི་ཚན་རིག་ནི་སྔ་མོའི་མཚན་ཉིད་རིག་པ་ལས་འཕེལ་ཞིང་། སྔ་མོའི་མཚན་ཉིད་རིག་པ་དེའང་། གདོད་མའི་ཆོས་ལུགས་ནས་འཕེལ་སྐྱེད་བྱུང་བར་རང་ཅག་ཚོས་གསལ་བོར་མཁྱེན་རྟོགས་ཐུབ་ངེས།
འཕེལ་རིམ་འདི་ནི་སྤྱིར་བཏང་གི་འཕེལ་རིམ་ཙམ་མ་ཡིན་པར། མིའི་ནང་སེམས་ཀྱི་བསམ་འདུན་གྱི་འཕེལ་རིམ་ཞིག་དང་མངོན་རྟོགས་ཤིག་ལགས་ཤིང་། འདིས་རིག་གནས་ནི་མིའི་མཁོ་འདུན་ལས་བྱུང་བར་མ་ཟད། མིའི་མཁོ་འདུན་དང་བསྟུན་ནས་འཕེལ་འགྱུར་འགྲོ་བཞིན་པའང་མཚོན་ནོ།།
ཆོས་ལུགས་དང་ཆོས་ལུགས་ནས་བཤད་པའི་རྣམ་གཞག་མང་བོ་ཞིག མིའི་རིགས་ཀྱི་དགོས་མཁོ་ཞིག་གི་ཕྱིར་དུ་འཇིག་རྟེན་འདིར་བྱོན་ཞིང་། ནམ་ཞིག་མིའི་རིགས་ལ་དགོས་མཁོ་མེད་དུས་དེ་ཉིད་ཐལ་བ་བཞིན་དུ་དོར་ཡང་ཆོག
འོན་ཀྱང་། ཆོས་ལུགས་ནི་ད་དུང་ཤེས་ཡོན་ཅན་ནམ། མཚན་ཉིད་རིག་པ་བ་ཁ་ཅིག་ལ་མ་གཏོགས། མི་དམངས་དཀྱུས་མ་རྣམས་སུ་དགོས་མིན་གྱི་གྲོས་གླེང་བྱ་རྒྱུ་མེད་དོ།།
གཅིག་ན། མིའི་རིགས་ནི་གཏན་དུ་ཆོས་ལུགས་དང་ཁ་འབྲལ་མི་བཏུབ་པར་སྲིད་དེ། རྒྱུ་མཚན། མིའི་རིགས་ཀྱི་སེམས་ཁོངས་སུ་ནམ་ཡང་སྟོང་སྣང་གི་ཆ་ཞིག་ལྷག་ཡོད་པ་འདྲ་ཞིང་། དེ་ནི་ཆོས་ལུགས་ཁོ་ནས་བསྐང་ཐུབ་པ་ལས་གཞན་གང་གིས་ཀྱང་མི་ཐུབ་པས་སོ།།
སྤྱིར་ན། རིག་གནས་ཡོངས་མིའི་དགོས་མཁོའི་ཕྱིར་བྱུང་ཞིང་འཕེལ་བ་ཡིན་པ་བདེན་མོད། འོན་ཀྱང་། ཆོས་ལུགས་ཀྱིས་ནམ་ཡང་མིའི་རིགས་ཀྱི་ཤེས་རྟོགས་ལས་འགོང་བའི་འཇིགས་སྣང་དང་། བཟློག་ཏུ་མེད་པའི་དཀའ་ངལ་མང་བོ་ཞིག་ལ་གདོང་གཏོད་བཞིན་འདུག་གོ།
དེར་མ་ཟད། ཆོས་ལུགས་ཀྱིས་གཏིང་མཐའ་མི་དཔོག་པའི་མིའི་སེམས་གཏིང་དུ་ཟུག་པའི་སྡུག་བསྔལ་དང་སྐྱོ་གདུང་དག་སེལ་ཏེ། འཇིག་རྟེན་གྱི་སྐྱེ་བོ་རྣམས་ལ་སེམས་གསོ་ཐོབ་ཏུ་འཇུག་ཅིང་། ཁོང་ཅག་ལ་ནོངས་འགྱོད་མེད་པར་བགྱིས་ནས་མུ་མཐུད་གསོན་དུ་འཇུག་པ་རེད་ཨང་།
འདི་ནི་ད་གཟོད་ཆོས་ལུགས་ཀྱི་བླ་ན་མེད་པའི་དགེ་བ་དང་། མིའི་རིགས་ནམ་ཡང་ཆོས་ལུགས་མེད་པའི་འཇིག་རྟེན་ཞིག་ཏུ་འཚོ་མི་བཏུབ་པའི་རྒྱུ་མཚན་ཡང་དག་དེ་ཡིན་ཡང་སྲིད།
དེ་བས་ན། ཆོས་ལུགས་ནི་ནང་སེམས་ཀྱི་གཅོང་ནད་སངས་བྱེད་ཀྱི་གསོ་རིག་ཅིག་དང་། མིའི་རིགས་ཁོ་ནར་བདག་པའི་ནོར་བུ་ཞིག་གོ།
༢༠༡༤།༥།༡༥།
ངེད་དྲ་ཚིགས།