ཙོང་ཁ་ཚེ་བརྟན་རྒྱལ།
གཅིག་ཤོས་ནི་འཕུར་སོང་པ་དང
གཅིག་ཤོས་ནི་མ་འཕུར་པ
མི་འདོད་པའི་བར་ཆད་དུ་བཀོད་པས
ངས་འོད་སྣང་ལ་ཅི་ཞུ
ངས་མུན་ནག་ལ་ཅི་སྦས
གང་ལྟར ཐ་སྙད་འདི་ཚོ་ང་ལ་མ་འཇོག
ཁ་ཆར་དང་བུ་ཡུག་གི་འདུ་འཛི
མིག་ལམ་དུ་མ་འཁོར་པའམ
ཡང་ན་གཏམ་རྒྱུད་དུ་བཞུར་པའི་མཛེས་སྡུག་འཁྲུལ་ཏེ
ཤུགས་རིང་ཞིག
དྲན་གདུང་ཞིག
ཅི་ཞིག་དང་གང་ཞིག་འདྲ་པར་གོར་གོར་དུ་བསྐོར
གལ་ཏེ་མེ་ཏོག་འཛུམ་ཙམ
མེ་ཏོག་ལ་མཁོ་པ་ནི་སྙིང་གཏམ་རེད
གལ་ཏེ་རྩྭ་ལྗང་གཡོ་ཙམ
རྩྭ་ལྗང་ལ་བཅོལ་པ་ནི་ལྷན་འཛོམས་རེད
ཕྱི་རོལ་ན་མུན་ནག་འཁྲིགས་པས
འཕུར་དང་མ་འཕུར
སྨོན་ལམ་དང་མངགས་བཅོལ་དུ་བསྒྲིགས་ཆོག
བར་ཐག་གི་དབང་གིས
ཇི་ལྟར་གཤོག་ཟུང་བརྐྱངས
ཐག་ཉེ་རུ་ཁ་བ་འཁྱིལ
ཐག་རིང་ན་ཆར་བ་འཇོ
མི་མངོན་པའི་མནར་གཅོད་ཡ
ཅི་ཞིག་དང་གང་ཞིག་ལ་འཐིམ་ན
འོད་སྣང་ནི་གཞན་ལ་ཤོར་སྲིད
མུན་ནག་ནི་རང་ལ་དབང་སྲིད
༢༠༡༤། ༠༦། ༢༦ ༢༧ བར་མར་ཡུལ་ལ་དགས་ནས།
ངེད་དྲ་ཚིགས།
མར་ཡུལ་ནས་རྙེད་པའི་ལོ་རྒྱུས་ཀྱི་སྐྱོ་གར་ཞིག་ཡིན་ཆོག་ལ། ལ་དགས་ནས་བཏུས་པའི་སེམས་ཚོར་གཤའ་མ་ཞིག་ཀྱང་ཡིན་ཆོག གལ་ཏེ་སྙན་ངག་ཅེས་པ་ནི་གབ་པ་དང་སྦས་པ་སྐུང་བའི་རྣམ་པར་གྲུབ་ཡོད་ན། གལ་ཏེ་སྙན་ངག་ཅེས་པ་ནི་བར་ཐག་བརྒྱུད་ནས། སྣང་བརྙན་ལ་ཁེན་ཏེ། ཐ་སྙད་ནས་ཐ་སྙད་བརྟོལ་ཏེ་ཡང་སྙིང་འཚོལ་དགོས་ན། ཁོ་བོས་དལ་ལ་དལ་བུར་བསམ་གཞིག་གི་བར་སྟོང་བསྐང་ཆོག དུར་བྱང་གིས།