གཟུངས་ཕྱུག་སྐྱིད། 

འཇིག་རྟེན་གྱི་ཆེས་མཐོ་ས་ཞིག་ནས

འདི་ལྟར་དཀའ་སྡུག་དང་རྔུལ་ཆུ་ཁོ་ནས

འདི་ལྟར་རེ་སྒུག་དང་ཡིད་ཆེས་ཁོ་ནས

བན་བུན་དུ་སྣང་བའི་ཁྱེད་ཀྱི་གཟུགས་རིས་བཙལ་ཞིང

རབ་རིབ་དུ་བཞུར་བའི་ཁྱེད་ཀྱི་དབྱངས་རྟ་འཐུས་ཀྱང

ངའི་བྱིས་དུས་ཀྱི་གསེར་མདོག་ཁུར་བའི་ཁྱེད་རང

གང་ཞིག་ལ་འདི་ལྟར་བཞུད་སོང་བ་བདེན་ནམ

 

ཁྱེད་ཀྱིས་བདག་གི་ལུས་ངག་ཡིད་གསུམ་ལ

སྐྱ་ཐིང་ཐིང་གི་ཁ་དོག་ཞིག་བསྐྲུན་དོན་ཅི

ཉི་ཤར་དང་ས་སྲོས་ཀྱི་གོམ་འགྲོས་རེ་རེའི་ཁྲོད་ནས

དབྱར་དགུན་དང་དུས་ཚིགས་ཀྱི་འགྱུར་བ་རེ་རེའི་ཀློང་ནས

ང་ནི་མཚམས་སྤྲིན་གྱི་ཚུལ་གྱིས

རོལ་དབྱངས་ཀྱི་ཟོལ་གྱིས

ནམ་ཡང་ཁྱེད་ཕྱོགས་སུ་བཞུར་ཀྱིན་ཡོད

 

དེ་ལྟ་ནའང་

ཁྱེད་ཀྱི་མཚར་སྡུག་གི་བཞིན་རིས་དེས

ཁྱེད་ཀྱི་འཇམ་མཉེན་གྱི་ལག་ཟུང་དེས

འདི་ལྟར་ང་ལ་ཟིན་དུ་མེད་པའི་ནམ་མཁའ་ཞིག་བསྐྱུར་དོན་ཅི

 

ཁྱེད་རང་རྙེད་མ་ཐུབ་པའི་སྔ་ནུབ་ཀུན་དུ

ང་རང་རེ་སྨོན་གྱི་ཞོགས་ཁ་ནས་སྤོབས་པས་ཆས་མྱོང་ལ

ས་སྲོད་ཀྱི་མྱ་ངན་ཁྲོད་གདུང་པས་ངུས་ཀྱང་མྱོང་

 

ཁྱེད་ཀྱིས་སྐད་ཅིག་མ་ལྟ་བུའི་བདག་གི་རྟོགས་འགྱུ་ཁྱེར་ནས

ཁ་བ་བཞིན་གཙང་བའི་བདག་གི་འདང་བརྩེ་བཏེགས་ནས

ཐག་རིང་ཐག་རིང་ཞིག་ཏུ་བུད་སོང་བ་འདྲ

དེ་ལྟ་མིན་ན  ང་ལ་འདི་ལྟར་རྨི་ལམ་མང་ཞིང་ངལ་བ་ལྕི་དོན་ཅི

 

ཨ  འཚོ་གནས་ལགས

ངའི་ས་གཞི་ལ་སྨིན་པའི་གསེར་མདོག་གི་སྟོན་འབྲས་སྣུམ་པོ

འཇིག་རྟེན་འདིར   ང་ཚོ་འདི་ལྟར་བར་ཐག་གིས་འཚོ་དགོས་བྱུང་

རྨི་ལམ་ཞིག་མཛེས་སྡུག་གིས་སྨིན་ཆོག་པའི་དབང་དུ་བཏང་ན

ཁྱེད་ཀྱི་གཟུགས་རིས་མཐོང་མ་ཐུབ་པའི་ང་རང་

དུས་གཏན་དུ་ས་ཆེན་གྱིས་གཙེས་པའི་ཉེས་ཅན་ཡིན་སྲིད

ཁྱེད་མེད་ས་ནས

བདག་གི་བུ་རབས་ཚ་རྒྱུད་དག་ས་ཆེན་གྱི་པང་ན་གཅེར་རྗེན་དུ་ལུས་ཡོད

ཁྱེད་མེད་ས་ནས

བདག་གི་འདུ་ཤེས་ཀྱི་འཇིག་རྟེན་ལ་འདི་ལྟར་སྒོ་མོ་བརྒྱབ་ཡོད

ད་དུང་ཁྱེད་མེད་ས་ནས

བདག་གི་དྲན་གདུང་གི་རྨ་ཁ་ལ་ཡང་ཡང་ཟུག་གཟེར་སྐྱེས་བྱུང

 

འདར་ཡོམ་ཡོམ་གྱི་འགུལ་བཞིན་པའི་དེ་རིང་གི་གནམ་འོག་ནས

སུ་ཞིག་གི་རྨི་ལམ་གྱི་མཚར་སྡུག་མྱ་ངན་དང་སྨྲེ་ངག་གིས་བསྣུབ་དུས

སུ་ཞིག་གི་འཚོ་གནས་གྱི་ལྷིང་འཇག་མུན་ནག་དང་དབང་བསྒྱུར་གྱིས་ཟ་དུས

བདག་གི་ནང་སེམས་ལ་བྲེལ་ཤ་བསླང་མཁན་དེ་ཁྱེད་ཡིན་ནམ

བདག་གི་མཐོང་སྣང་ལ་མུན་ནག་བསྐྱིལ་མཁན་དེའང་ཁྱེད་ཡིན་ནམ

མདོར་ན  ཡུན་རིང་ཡུན་རིང་ལ་རྙེད་མ་ཐུབ་པའི་ཁྱེད་ཀྱི་ཆེད་དུ

འོད་འཚེར་བའི་ཚེ་སྲོག་གི་མར་མེ་རེ་རེའང

འདི་ལྟར་གང་ཞིག་ཏུ་དག་སྣང་གི་གཟིམས་ཀྱིན་འདུག

གྱེས་བྲལ་གྱི་མིག་ཆུ་དྭངས་མོ་འདིས་ཁྱེད་ཀྱི་སེམས་པ་བརླན་ཨེ་བྱུང་

སྐྱོ་ངལ་གྱི་བཞིན་རས་སྐྱ་བོ་འདིས་ཁྱེད་ལ་གདུང་བ་བསྕལ་བྱུང་ངམ

བདག་གི་འཚོ་གནས་ལགས

 

འཛམ་གླིང་ཤར་ནུབ་འདྲེས་པའི་མི་ཚོགས་ཀྱི་འགྲོ་འོང་བར་ནས

ཡར་རྒྱས་དང་མདུན་བསྐྱོད་ལ་ཕྱོགས་པའི་མི་ཡུལ་གྱི་དཔལ་ཡོན་དབུས་ནས

ང་རང་འདི་ལྟར་ཁེར་རྐྱང་གིས་འགྲེང་ནས་ཁྱེད་ལ་སྒུག་དགོས་བྱུང་

ང་རང་འདི་ལྟར་ན་ཟུག་གིས་འབར་བཞིན་ཁྱེད་ལ་འཁྲེང་དགོས་བྱུང

 

སུ་ཞིག་གི་ཡིད་དབུས་ན་མཐོ་རུ་འཕག་བའི་རྒྱབ་རི་བཀན་མོ

ཁྱེད་ཀྱིས་ངའི་ཁ་སང་གི་སྤྲོ་སྣང་དང་འཆར་ཡན་ཁྱེར་ནས་གང་དུ་ཡལ་སོང་

ངའི་དེ་རིང་གི་རེ་སྒུག་དང་དྲན་གདུང་འདེགས་བཞིན་གང་ན་ལྷག་ཡོད།

ད་དུང་ངའི་སང་ཉིན་གྱི་རྨི་ལམ་དང་འཛུམ་མདངས་བསུ་བཞིན་གང་ནས་ཕེབས་ཡོང་

 

ང་ལ་ཅིས་ཀྱང་བརྗོད་རོགས་ཞུ

ལྡོག་དུ་མེད་པའི་དུས་གསུམ་གྱི་འཇིག་རྟེན་ཧྲིལ་བོ་ནས

ང་ཚོས་ཁྱེད་ཁོ་ནས་བཞེངས་པའི་ཚོན་མདོག་གི་བྲིས་རིས་དེ་བསྐྱུར་ཏུ་བཙལ་འདོད

ངལ་དུབ་དང་སུན་སྣང་མེད་པར་ཡང་ནས་བསྐྱར་དུ་བཙལ་འདོད

༢༠༡༢ལོའི་ཟླ་༥པའི་ཚེས༣༡ཉིན་བྲིས།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: