དོན་འགྲུབ་དབང་ཆེན་ལ་གཟེངས་རྟཊ་ཕུལ།

ཁ་སང་ནོར་ཝེ་རྒྱལ་སར་ནེའུ་ཡོག་ནང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ཐེབས་རྩ་ཁང་གིས་བོད་ནང་༼འཇིགས་འབྲལ།༽གློག་བརྙན་བཟོ་མཁན་དོན་འགྲུབ་དབང་ཆེན་ལགས་སུ་གཟེངས་རྟགས་ཤིག་ཕུལ་ཡོད་འདུག

འདི་ལོའི་ཟླ་ ༥ ཚེས་ ༢ ཉིན་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ཐེབས་རྩ་ཁང་གིས་འདི་ལོའི་རྣམ་དཔྱོད་ལྡན་པའི་བརྩམས་ཆོས་སྒྱུ་རྩལ་གྱི་ཧ་ཝེལ་ (Havel Prize)ཞེས་པའི་གཟེངས་རྟགས་དེ། རྒྱ་གཞུང་གི་བཙོན་འཇུག་འོག་ནས་ལོ་ ༦ ཙམ་རིང་སྡུག་གཅོང་མནར་གཅོད་མྱོང་མཁན་འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པ་དོན་འགྲུབ་དབང་ཆེན་ལགས་གཙོས། ཨུ་རུ་སུའི་ནང་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་བྱེད་མཁན་པུ་སི་རའོ་ (Pussy Riot)རོལ་དབྱངས་ཚོགས་པ་དང་། ཀྲར་ཀི་ (Turkey) ཡི་འཁྲབ་སྟོན་སྒྱུ་རྩལ་བ་ཨར་ཌིམ་གྷུན་དྷུ་ཛི་ (Erdem Gunduz) ལགས་བཅས་སུ་སྤྲོད་རྒྱུ་གསལ་བསྒྲགས་བྱས་ཡོད་པ་ལྟར། ཁ་སང་ཕྱི་དྲོ་ནོར་ཝེ་རྒྱལ་ས་ཨོ་སི་ལོ་ནང་ལོ་ལྟར་ཚོགས་བཞིན་ཡོད་པའི་ཨོ་སི་ལོ་རང་དབང་གླེང་སྟེགས་(Oslo Freedom Forum)བརྒྱུད་ཁོང་ཚོར་གཟེངས་རྟགས་དང་ཐུན་མོང་ཐོག་ནོར་ཝེ་ཡི་དངུལ་སྒོར་༣༥༠༠༠ རེ་ཕུལ་ཡོད་སྟབས། སྐབས་དེར་དོན་འགྲུབ་དབང་ཆེན་ལགས་གཟེངས་རྟགས་བཞེས་བར་ཕེབས་ཐུབ་མེད་སྟབས། ཁོང་གི་བཟའ་ཟླ་ལྷ་མོ་མཚོ་ལགས་ཀྱིས་ངོ་ཚབ་ཞུས་ནས་གཟེངས་རྟགས་དེ་བླངས་ཡོད་འདུག

འདིའི་ཐད་དོན་འགྲུབ་དབང་ཆེན་ལགས་ཀྱི་བཟའ་ཟླ་ལྷ་མོ་མཚོ་ལགས་ཀྱིས། ཁོང་གིས་མང་པོ་ཞིག་བློས་གཏོང་བྱས་ནས་ལས་ཀ་བྱས་པ་དེར་གཟེངས་རྟགས་འདི་ཐོབ་པར་རྩ་བའི་ཆ་ནས་ང་དགའ་པོ་བྱུང་ཡང་། ད་ལྟའི་ཆར་ཁོང་བཙོན་ཀྲོལ་ཐོབ་ཡོད་ཀྱང་གཟུགས་པོའི་གནས་སྟངས་སྐྱོ་པོ་ཆགས་ཡོད་པ་མ་ཟད། ང་ཚོ་དང་ཁ་བྲལ་ནས་ཁོ་རང་གཅིག་པུ་བོད་ནང་ལུས་ནས་ལོ་ ༧ ལྷག་ཙམ་ཞིག་འགྲོ་བཞིན་ཡོད། དེ་བཞིན་གཟེངས་རྟགས་འདི་ཁོ་རང་ལ་ཐོབ་ཀྱང་ཁོ་རང་དངོས་སུ་གཟེངས་རྟགས་འདི་ལེན་དུ་ཡོང་མ་ཐུབ་པར་ང་རང་བློ་ཕམ་ཆེན་པོ་འདུག ཅེས་དང་།

ཁོ་མོས་མུ་མཐུད་བརྗོད་དོན། ད་རེབ་གཟེངས་རྟགས་འདི་ངའི་བཟའ་ཟླ་དོན་འགྲུབ་དབང་ཆེན་གྱི་མིང་ཐོག་ཏུ་སྤྲད་ཡོད་ཀྱང་། ངས་ཁོང་དང་ཁོང་གི་ལས་རོགས་ཚོས་བོད་དོན་འཐབ་རྩོད་ཆེད་དཀའ་ལས་བརྒྱབ་པར་བརྟེན་ཏེ་ཐོབ་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ངས་དུས་དྲན་འདིའི་ཐོག་བོད་པ་ཞིག་གིས་ངོ་ཚབ་ཞུས་ཏེ་གཟེངས་རྟགས་འདི་ལེན་བཞིན་ཡོད་སྟབས། རང་དབང་གླེང་སྟེགས་འདི་བརྒྱུད་རྒྱལ་སྤྱིའི་མང་ཚོགས་ཚོས་ཁོ་རང་ལ་གཟེངས་རྟགས་འདི་ག་རེ་བྱས་ནས་སྤྲད་ཡོད་མེད་ཤེས་རྟོགས་ཐུབ་པའི་ཡིད་ཆེས་བྱེད་བཞིན་ཡོད། ཅེས་བརྗོད་འདུག

༢༠༠༨ ལོའི་རྒྱ་ནག་པེ་ཅིན་ཨོ་ལིམ་ཕིག་རྩེད་འགྲན་ཚོགས་ལ་ཉེ་སྐབས། དོན་འགྲུབ་དབང་ཆེན་ལགས་དང་མགོ་ལོག་འཇིགས་མེད་ལགས་རྣམ་གཉིས་ཀྱིས་བོད་ནང་གི་ས་ཁུལ་མང་པོར་གསང་སྟབས་ཀྱིས་སྐོར་སྐྱོད་བྱས་ཏེ། ས་གནས་མང་ཚོགས་ལ་པེ་ཅིན་ཨོ་རྩེད་ལ་འདོད་མོས་ཡོད་མེད་དང་བོད་ནང་གི་དངོས་ཡོད་གནས་སྟངས། ༧གོང་ས་མཆོག་དང་བྱེས་གྱར་བོད་མི་ཚོར་དད་པ་དམ་ཚིག་གང་འདྲ་ཡོད་མེད་བཅས་ཀྱི་སྐོར་ལ་༼འཇིགས་བྲལ༽གློག་བརྙན་ཕབ་སྐྲུན་བྱས་པར། རྒྱ་ནག་གཞུང་གིས་ཁོང་གིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བྱས་པའི་ཉེས་མིང་འོག ༢༠༠༨ ཟླ་ ༣ ཚེས་ ༢༦ ཉིན་རྒྱ་ནག་གཞུང་གི་ཉེན་རྟོག་པས་མཚོ་སྔོན་ཟི་ལིང་ནས་དོན་འགྲུབ་དབང་ཆེན་ལགས་འཛིན་བཟུང་གིས་ལོ་ ༦ རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ཟི་ལིང་གི་བཙོན་ཁང་ནས་འདི་ལོའི་ཟླ་ ༦ ཚེས་ ༥ ཉིན་བར་བཞུགས་མཐར་བཙོན་ཀྲོལ་ཐོབ་ཡོད།

༢༠༡༣ ལོར་ཀྲར་ཀི་རྒྱལ་ཡོངས་ནང་ངོ་རྒོལ་ལས་འགུལ་ཞིག་བྱུང་སྐབས། ཀྲར་ཀིའི་སྲིད་བློན་ཨེར་ཌོ་གྷན་(Tayyip Erdogan) གྱིས་རྒྱལ་ས་ཨི་སེ་ཌན་བྷོལ་ (Istanbul) ནང་དྲག་པོའི་ཁྲིམས་གཞི་བསྡམས་ཏེ་ངོ་རྒོལ་ལས་འགུལ་སྤེལ་མི་ཆོག་པ་བཟོས་ཡོད་སྟབས། སྐབས་དེར་ཨར་ཌིམ་ལགས་ཀྱིས་ཀྲར་ཀིའི་རྒྱལ་སའི་ཐང་ཆེན་(Taksim Square) ཐོག་ཉེན་རྟོག་པས་བཀག་རྒྱ་བྱེད་མིན་ལ་མ་ལྟོས་པར། ཆུ་ཚོད་ ༦ ཙམ་རིང་ཡར་ལང་ནས་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་ལས་འགུལ་སྤེལ་པ་དང་འབྲེལ། མང་ཚོགས་མང་པོ་ཞིག་གིས་མཉམ་ཞུགས་བྱས་ཏེ་ངོ་རྒོལ་དེ་གཞི་རྒྱ་ཆེན་པོ་ཆགས་ཡོད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མིག་དཔེ་ལྟ་ཡུལ་གྱི་ལས་འགུལ་ཞིག་ཀྱང་ཆགས་ཡོད་སྟབས། ཁོང་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཁག་ཅིག་གིས་གཟེངས་རྟགས་ཀྱང་ཐོབ་ཡོད་འདུག

གཞན། (Pussy Riot) རོལ་དབྱངས་ཚོགས་པས་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གྱི་དབང་ཆ་སྒེར་སྤྱོད་ལམ་ལུགས་དང་། བུད་མེད་ཐོག་<འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་གྱིས་རོལ་དབྱངས་འདུ་ཚོགས་ནམ་ཡིན་ལ་སྲིད་འཛིན་པུ་ཌིན་ལ་ཚིག་རྩུབ་བརྗོད་པ་མ་ཟད། བུད་མེད་ཚོས་སོ་སོའི་ཐོབ་ཐང་རྩོད་ལེན་བྱེད་དགོས་པའི་ལས་འགུལ་དང་གཞས་མང་པོ་ཞིག་བཏང་ཡོད་སྟབས། ཨུ་རུ་སུ་གཞུང་གིས་ཁོང་ཚོར་ལོ་ ༢ ལྷག་གིས་དུས་བཀག་བཙོན་འཇུག་བྱས་མཐར། ད་ལྟ་མང་ཆེ་བ་བཙོན་ཀྲོལ་ཐོབ་ཡོད་འདུག

དེ་རིང་འགྲོ་བ་མིའི་ཐོབ་ཐང་ཐེབས་རྩ་ཁང་གིས་ཁོ་ཚོར་འདི་ལོའི་གཟེངས་རྟགས་སྤྲོད་དགོས་དོན་ཐད་བརྗོད་དོན། ཁོང་ཚོས་སོ་སོའི་རྒྱལ་ཁབ་དང་མི་རིགས། རང་དབང་ཆེད་འཇིགས་ཞུམ་མེད་པར་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་དང་འབྲེལ། བདེན་པའི་འཐབ་རྩོད་གནང་ནས་དཀའ་སྡུག་མང་པོ་ཞིག་མྱངས་དགོས་བྱུང་ཡོད་སྟབས། འདི་ལོའི་གཟེངས་རྟགས་འདི་ཐོབ་ཡོད།ཅེས་བརྗོད་འདུག

ཧ་ཝེལ་གཟེངས་རྟགས་  (Havel Prize) འདི་ནི། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དང་པོ་དང་རང་དབང་འཐབ་རྩོད་པ་ཞིང་གཤེགས་དམ་པ་ཝ་སི་ལབ་ཧ་ཝལ་ (Václav Havel) མཆོག་གི་མཛད་རྗེས་ལ་བསྔགས་བརྗོད་ཞུ་ཆེད་མགོ་འཛུགས་བྱས་པ་ཞིག་ཡིན་པ་དང་། གཟེངས་རྟགས་འདི་ནི་རྒྱལ་སྤྱི་རྒྱལ་ནང་ཐོག་སོ་སོའི་རང་དབང་འཐབ་རྩོད་ཆེད་འབུར་ཐོན་ལས་འགུལ་སྤེལ་མཁན་དག་ལ་ཡིད་རངས་ཞུ་ཆེད་འབུལ་ལམ་ཞུ་བཞིན་ཡོད་ཅིང་། དེ་སྔོན་ཚོགས་པ་འདིས་རྒྱ་ནག་གི་སྒྱུ་རྩལ་བ་ཨེ་ཝོ་ཝོ་ (Ai Weiwei) ལགས་དང་། སི་རི་ཡའི་རབ་བཏགས་རི་མོ་མཁས་ཅན་ཨ་ལི་ (Ali Ferzat) ལགས། བྱང་ཀོ་རི་ཡའི་དམངས་གཙོའི་ལས་འགུལ་བ་པག་སན་ (Park Sang Hak) ལགས། སོ་ཌི་ (Saudi) ཡི་བུད་མེད་ཐོབ་ཐང་རྩོད་ལེན་པ་མཱ་ནལ་ (Manal al-Sharif)ལགས། འབར་མ་ཡི་དམངས་གཙོ་དོན་གཉེར་བ་དང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་ཨན་སན་སུ་ཀི་ (Aung San Suu Kyi) མཆོག་བཅས་ལ་ཕུལ་ཡོད་འདུག

གསར་འགོད་པ། དོན་གྲུབ།

ཡོང་ཁུངས་བོད་ཀྱི་དུས་བབ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s